2025ལོའི་ནོར་སྲིད་སྲིད་ཇུས་གཏན་འཁེལ་བྱས་འདུག

政务   2024-12-27 11:02   青海  

ཟླ12པའི་ཚེས23ཉིན་ནས་ཚེས24ཉིན་བར། རྒྱལ་ཡོངས་ནོར་སྲིད་ལས་དོན་ཚོགས་འདུ་པེ་ཅིང་དུ་འཚོགས་པ་རེད། ཚོགས་འདུའི་ཐོག 2025ལོར་ཕྱོགས་དྲུག་གི་ལས་དོན་གཙོ་གནད་དུ་བཟུང་ནས་ལེགས་པར་བསྒྲུབ་དགོས་ཞེས་ནན་གྱིས་བསྟན་ཡོད།

རྒྱལ་ནང་གི་དགོས་མཁོ་རྒྱ་ཆེར་གཏོང་རྒྱུར་རྒྱབ་སྐྱོར་བྱ་དགོས།
ལས་འཁྱུར་མི་སྣའི་གཞི་རྩའི་རྒན་གསོའི་དངུལ་འོས་འཚམ་གྱིས་མཐོ་རུ་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་རྨང་གཞིའི་རྒན་གསོའི་དངུལ་མཐོ་རུ་གཏོང་བ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་སྨན་བཅོས་འགན་བཅོལ་ནོར་སྲིད་ཁ་གསབ་ཚད་གཞི་མཐོ་རུ་གཏོང་བ་བཅས་བྱས་ནས་འཛད་སྤྱོད་སྐུལ་སྤེལ་ཤུགས་ཆེན་གཏོང་དགོས།

འཛད་སྤྱོད་དངོས་རྫས་རྙིང་ཚབ་གསར་བརྗེར་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་སྟེ། སྤྱི་པའི་རིག་གནས་ཞབས་ཞུའི་ནོར་སྲིད་འགན་སྲུང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། རེས་སྐོར་གསར་པའི་རྒྱལ་ཁབ་ཀྱི་ཕྱོགས་བསྡུས་ཟོག་འདྲེན་ལྟེ་གནས་ཀྱི་སྦྲེལ་ཐག་ཁ་གསབ་དང་སྦྲེལ་ཐག་ཆེར་གཏོང་གི་ཡར་འདེགས་བྱ་སྤྱོད་ལག་བསྟར་བྱ་རྒྱུར་སྐུལ་འདེད་གཏོང་དགོས།

ནུས་ལྡན་མ་འཇོག་རྒྱ་སྐྱེད་ཧུར་ཐག་གཏོང་བ་དང་། བུན་འཛིན་འགྲེམས་སྤེལ་བཀོད་སྒྲིག་ལུགས་མཐུན་བྱས་ཏེ། སྲིད་གཞུང་གིས་མ་འཇོག་བྱེད་པར་བརྟེན་ནས་སྤྱི་ཚོགས་ཀྱི་མ་འཇོག་སྔར་ལས་མང་པོར་སྐུལ་ཁྲིད་ནུས་ལྡན་བྱེད་དགོས།
དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་དགོས།
ཚན་རྩལ་གསར་གཏོད་ཀྱི་ནུས་པ་ཆེ་རུ་གཏོང་རྒྱུར་ཤུགས་སྣོན་བརྒྱབ་ནས་འགག་རྩའི་ལྟེ་བའི་ལག་རྩལ་གྱི་འགག་སྒྲོལ་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་དགོས།

ཐོན་ལས་རིགས་བསྒྱུར་རིམ་སྤོར་ལ་སྐུལ་འདེད་མགྱོགས་སུ་བཏང་ནས་ཆེད་ལས་དང་སྤུས་ལེགས། དམིགས་བསལ། དེ་བཞིན་གསར་པ་བཅས་ཀྱི་ཁེ་ལས་འབྲིང་ཆུང་ལ་བྱ་དགའ་ཁ་གསབ་སྤྲོད་པའི་སྲིད་ཇུས་ལག་བསྟར་གཏིང་ཟབ་བྱ་དགོས།

ཁེ་ལས་ཀྱི་དཀའ་ངལ་སེལ་བར་རྒྱབ་སྐྱོར་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། གྲོན་དངུལ་གང་བྱུང་དུ་བསྡུ་བ་དང་། དངུལ་ཆད་གང་བྱུང་དུ་གཅོད་པ། བགོ་འགྲེམ་གང་བྱུང་དུ་རྒྱག་པ་སོགས་ཀྱི་གནད་དོན་སྔོན་འགོག་མཐའ་གཅིག་ཏུ་བྱ་དགོས།
དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་རྒྱུར་རྒྱབ་སྐྱོར་བྱེད་དགོས།

ལས་ཞུགས་སྔོན་ལ་འཇོག་པ་ཁྲིད་སྟོན་དུ་བྱེད་པ་འབུར་དུ་བཏོད་དེ། སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པ་དང་། མི་འབོར་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་མ་ལག་འཐུས་ཚང་དུ་བཏང་སྟེ། འཕྲོད་བསྟེན་བདེ་ཐང་བྱ་གཞག་གོང་དུ་འཕེལ་བར་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་འགན་སྲུང་དྲ་བ་དམ་ཚགས་བཟོས་ནས། མི་དམངས་མང་ཚོགས་ཀྱིས་བྲེལ་བ་བྱེད་པ་དང་། དཀའ་ངལ་ཆེ་བ། སེམས་ཁྲལ་བྱེད་པ། རེ་སྒུག་བྱེད་པ་བཅས་ཀྱི་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་གཏོང་དགོས།

གྲོང་ཁྱེར་དང་གྲོང་གསེབ་ཀྱི་ས་ཁོངས་མཉམ་འདྲེས་གོང་འཕེལ་ལ་རྒྱབ་སྐྱོར་བྱ་དགོས།

རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་ལེན་བྱས་ཏེ། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་མུ་མཐུད་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་། གྲོང་གསེབ་འཕེལ་རྒྱས་དང་འཛུགས་སྐྲུན་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་བ། གྲོང་རྡལ་ཅན་གསར་པར་སྐུལ་འདེད་ཤུགས་ཆེན་བཏང་ནས། ས་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས།
སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་རྒྱབ་སྐྱོར་བྱེད་དགོས།
འཕྲེད་ཕྱོགས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཁ་གསབ་ལམ་སྲོལ་འཛུགས་སྐྱོང་གཏིང་ཟབ་ཏུ་གཏོང་དགོས། སྐྱེ་ཁམས་སྲུང་སྐྱོབ་དང་ཉམས་གསོ་བྱེད་ཤུགས་ཆེ་རུ་བཏང་སྟེ། གནམ་སྔོན་པོ་དང་། ཆུ་དྭངས་མོ། ས་གཙང་མ་བཅས་ཀྱི་སྲུང་སྐྱོབ་དམག་འཐབ་རྒྱག་པར་མུ་མཐུད་རྒྱབ་སྐྱོར་བྱ་དགོས།

ཐཱན་རྩེ་གྲ་དང་ཐཱན་བཏང་སྙོམས་ཡོང་བར་བརྟན་པོའི་ངང་སྐུལ་འདེད་གཏོང་བ་དང་། གཙོ་གནད་ལས་རིགས་ཁྱབ་ཁོངས་སྦགས་མེད་དང་ཐཱན་དམའ་བའི་རིགས་སྒྱུར་ལ་སྐུལ་འདེད་གཏོང་དགོས།

ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེ་ལ་རྒྱབ་སྐྱོར་བྱ་དགོས།
གོ་ལ་ཧྲིལ་པོའི་དཔལ་འབྱོར་བཅོས་སྐྱོང་ནང་ཧུར་ཐག་ཞུགས་ཏེ། ཕྱོགས་མང་དང་ཕྱོགས་གཉིས་ནོར་སྲིད་དཔལ་འབྱོར་གྱི་གྲོས་དོན་གྲོས་བསྡུར་ནང་གཏིང་ཟབ་ངང་ཞུགས་དགོས།

སྒོ་ཁྲལ་སོགས་ཕྱིར་གཏོང་ནང་འདྲེན་གྱི་ཁྲལ་བསྡུའི་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་སྟེ། “རྒྱུད་གཅིག་ལམ་གཅིག”རྒྱལ་ཁབ་དང་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས།
ནོར་སྲིད་པུས་བསྟན་དོན། སང་ལོར་རང་རྒྱལ་གྱིས་ཕྱོགས་ལྔ་ཡི་ཐད་ནས། སྔར་ལས་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ལག་བསྟར་བྱ་རྒྱུ་ཡིན་པ་རེད།
གསར་འགོད་པས་ད་དུང་ནོར་སྲིད་པུས་སྐོང་འཚོགས་བྱས་པའི་རྒྱལ་ཡོངས་ནོར་སྲིད་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2025ལོར་རང་རྒྱལ་གྱིས་ཕྱོགས་ལྔ་ཡི་ཐད་ནས་སྔར་ལས་དགེ་མཚན་ལྡན་པའི་ནོར་སྲིད་སྲིད་ཇུས་ལག་བསྟར་བྱས་ཏེ། འཕེལ་རྒྱས་ལ་བརྟེན་ནས་བརྟན་ལྷིང་ལ་སྐུལ་འདེད་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུ་ཡིན་པ་རེད།

འབྲེལ་ཡོད་འགན་འཁུར་བས་སང་ལོར་ནོར་སྲིད་སྲིད་ཇུས་སྔར་བས་དགེ་མཚན་ལྡན་པ་ལག་བསྟར་བྱེད་པ་དང་། ནོར་སྲིད་ཐོན་ཁུངས་དང་སྔོན་རྩིས་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་བ། སྲིད་ཇུས་ཀྱི་སྣ་འདུས་ཐབས་བཟང་འདོན་པ། མ་དངུལ་སྤྱོད་པའི་ཕན་འབྲས་དང་སྲིད་ཇུས་ཀྱི་ཕན་ནུས་ཆེ་རུ་གཏོང་བ་བཅས་བྱས་ཏེ། དཔལ་འབྱོར་རྒྱུན་མཐུད་ངང་སླར་གསོ་དང་ཇེ་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་འགན་ལེན་ནུས་ལྡན་མཁོ་འདོན་བྱ་རྒྱུ་ཡིན་ཞེས་བསྟན་ཡོད།

གཅིག་ནི་ནོར་སྲིད་ཀྱི་མཚལ་ཡིག་གི་ཚད་མཐོ་རུ་གཏོང་རྒྱུ་དང་། གཏོང་སྒོའི་ཤུགས་ཚད་ཆེ་རུ་གཏོང་བ་དང་གཏོང་སྒོའི་མྱུར་ཚད་མགྱོགས་སུ་གཏོང་རྒྱུ།

གཉིས་ནི་གཞི་ཁྱོན་སྔར་ལས་ཆེ་བའི་སྲིད་གཞུང་གི་བུན་འཛིན་བཀོད་སྒྲིག་བྱས་ཏེ། འཕར་སྣོན་བརྟན་པོ་དང་གྲུབ་ཆ་ལེགས་སྒྲིག་བྱེད་པར་འདེགས་སྐྱོར་སྔར་ལས་མང་བ་འདོན་སྤྲོད་བྱ་རྒྱུ

གསུམ་ནི་གཏོང་སྒོའི་གྲུབ་ཆ་ལེགས་སྒྱུར་ཤུགས་ཆེན་བྱེད་པ་དང་། གནད་ལ་འཁེལ་བའི་གཏོང་སྤྲོད་བྱེད་ཤུགས་ཆེ་རུ་བཏང་ནས་དམངས་འཚོར་ཕན་པ་དང་། འཛད་སྤྱོད་ལ་སྐུལ་འདེད། གཏིང་ཤུགས་ཆེ་རུ་གཏོང་བ་བཅས་ལ་དེ་བས་མཐོང་ཆེན་བྱ་རྒྱུ།

བཞི་ནི་གཙོ་གནད་ཁྱབ་ཁོངས་ཀྱི་ཉེན་ཁ་མུ་མཐུད་དུ་ནུས་ཤུགས་ཡོད་རྒུས་སྔོན་འགོག་དང་བསལ་ནས། ནོར་སྲིད་བརྟན་ལྷིང་ངང་འཁོར་སྐྱོད་དང་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་རྒྱུ།

ལྔ་ནི་ས་གནས་ལ་ཕྱོགས་པའི་སྤོ་སྒྱུར་གཏོང་སྤྲོད་སྔར་བས་མང་དུ་བཏང་སྟེ། ས་གནས་ཀྱི་ནོར་ཤུགས་ཆེ་རུ་གཏོང་བ་དང་། “འགན་ལེན་གསུམ”གྱི་མ་མཐའ་བརྟན་པོ་ཡོང་བ་བྱ་རྒྱུ་བཅས་ཚུད་ཡོད།       

དེ་དང་ཆབས་ཅིག་ནོར་སྲིད་པུའི་པུའུ་ཀྲང་ལན་ཧྥོ་ཨན་གྱིས། 2025ལོར་རིམ་པ་སོ་སོའི་ནོར་སྲིད་སྡེ་ཁག་གིས་ནོར་སྲིད་ཚན་རིག་དང་མཐུན་པའི་དོ་དམ་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། གཞི་གྲངས་མེད་པའི་སྔོན་རྩིས་བསྒྱུར་བཅོས་ལ་སྐུལ་འདེད་གཏོང་བ། ནོར་ཁྲལ་སྒྲིག་གཞིའི་བསྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ས་གནས་སྲིད་གཞུང་གི་བུ་ལོན་ཉེན་ཁ་ནུས་ལྡན་ངང་སྔོན་འགོག་དང་སེལ་བ་དང་། ནོར་རྩིས་ལྟ་སྐུལ་བྱེད་ཤུགས་ཆེ་རུ་བཏང་ནས། ནོར་སྲིད་བཅོས་སྐྱོང་གི་ཕན་ནུས་ཆེ་རུ་གཏོང་རྒྱུ་ཡིན་ཞེས་གསུངས་ཡོད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  

责编/项吉当知

监制/杨本才让  

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章