མཚོ་བྱང་གི་སྡེ་བ(སྡེ་ཁུལ)175ལ“ བཅུ་ལྡན”བཟོ་སྐྲུན་འཛུགས་སྐྲུན་གྱི་དམིགས་ཚད་མངོན་འགྱུར་བྱུང་།
ཟླ9པའི་ཚེས2ཉིན། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་མཚོ་འཁྱིལ་ཡུལ་ཚོ་ཉིན་ཞྭ་སྡེ་བའི་གཅེས་སེམས་ཚོང་ཁང”གི་འཛུགས་སྐྲུན་ལེགས་འགྲུབ་བྱུང་ཞིང་། དེས་ཉིན་ཞྭ་སྡེ་བའི“བཅུ་ལྡན”བཟོ་སྐྲུན་གྱི་ཡན་ལག་ལས་གཞི10ལེགས་གྲུབ་ཟིན་པ་མཚོན་ཡོད། མིག་སྔར། མཚོ་བྱང་ཁུལ་གྱི་སྡེ་བ(སྡེ་ཁུལ)242ཀྱི་ཁྲོད175ལ“བཅུ་ལྡན”བཟོ་སྐྲུན་འཛུགས་སྐྲུན་དམིགས་ཚད་མངོན་འགྱུར་བྱུང་བ་དང་ལོ་མཇུག་ཏུ“བཅུ་ལྡན”བཟོ་སྐྲུན་དམིགས་ཚད་ཁྱོན་ཡོངས་ལ་ཁྱབ་རྒྱུ་གཞི་རྩའི་ཆ་ནས་མངོན་འགྱུར་ཐུབ་རྒྱུ་ཡིན་པ་རེད།
ད་ལོ་ནས་བཟུང་། མཚོ་བྱང་ཁུལ་གྱིས《མཚོ་བྱང་ཁུལ་གྱི་སྡེ་བའི(སྡེ་ཁུལ)“བཅུ་ལྡན”བཟོ་སྐྲུན་འཛུགས་སྐྲུན་གྱི་ལས་བགོས་ཇུས་གཞི》ཞིབ་འཇུག་དང་སྒྲིག་བཟོ་བྱས་ཤིང་། སྡེ་བའི(སྡེ་ཁུལ)“བཅུ་ལྡན”བཟོ་སྐྲུན་འདི་ཉིད་ནི2024ལོའི་ཏང་འཛུགས་སྐྱོང་གི་ལས་གཞི་གལ་ཆེན་དུ་བརྩིས་ཏེ་དཀའ་སེལ་འགག་སྒྲོལ་ལ་སྣེ་ཁྲིད་དང་མཐོ་སའི་སྤྱི་འདོམས་ཀྱིས་སྐུལ་འདེད་ལ་དམ་འཛིན་བྱས་ཤིང་། བཟོ་སྐྲུན་ལག་བསྟར་བྱས་པ་ནས་བཟུང་། མཚོ་བྱང་ཁུལ་གྱིས་མ་དངུལ་སྒོར་ཁྲི2919.32བཏང་ནས་སྡེ་བའི(སྡེ་ཁུལ)“བཅུ་ལྡན”བཟོ་སྐྲུན་གསར་གཏོད་དང་ལག་བསྟར་བྱས་ཡོད། སྡེ་བའི་བཅུ་ལྡན་བཟོ་སྐྲུན་ཞེས་པ་ནི་ཕྱོགས་བསྡུས་ཞབས་ཞུ་ལྟེ་གནས(ཏང་དང་མང་ཚོགས་ཀྱི་ཞབས་ཞུ་ལྟེ་གནས)ལྡན་པས་ཏང་ཡོན་དང་མང་ཚོགས་ཀྱིས་ལས་དོན་སྒྲུབ་པར་སྟབས་བདེ་བསྐྲུན་པ་དང་། དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ས་ཚིགས་དང་སྡེ་བའི་ལོ་རྒྱུས་བཤམས་སྟོན་ཁང་ལྡན་པས་དུས་རབས་གསར་པའི་དར་སྲོལ་གསར་པ་ལག་བསྟར་བྱེད་པ། “འཐུས་མི་གཉིས་དང་ཨུ་ཡོན་གཅིག”གི་ལས་སྒྲུབ་ཁང་ལྡན་པས་མང་ཚོགས་ཀྱི་དགོས་མཁོ་རྒྱུས་ལོན་བྱེད་པ། སྡེ་བའི(སྡེ་ཁུལ)ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ལྡན་པས་འགལ་བ་དང་རྩོད་གཞི་ཐག་གཅོད་བྱེད་པ། སྡེ་བ་རིམ་པའི་འཕྲོད་བསྟེན་ཁང་ལྡན་པས་སྨན་པ་སྟོན་པར་སྟབས་བདེ་སྐྲུན་པ། བདེ་སྐྱིད་ཟ་ཁང་ལྡན་པས་རྒན་རྒོན་དང་གཞིས་ལུས་བྱིས་པའི་བཟའ་བཏུང་ཐག་གཅོད་བྱེད་པ། ཁང་མིག་གཅིག་ཅན་གྱི་ཉལ་ཁང་ལྡན་པས་སྡེ་བའི་བཅའ་སྡོད་ལས་བྱེད་པའི་ཞག་སྡོད་གནད་དོན་ཐག་གཅོད་བྱེད་པ། གཅེས་སེམས་ཚོང་ཁང(མྱུར་སྐྱེལ་ཚབ་བསྡུ་ས་ཚིགས)ལྡན་པས་འཚོ་བའི་ཐད་སྟབས་བདེ་བསྐྲུན་པ། ལུས་རྩལ་ར་བ་ལྡན་པས་ལུས་རྩལ་བྱེད་སྒོ་སྤེལ་བ། གསང་སྤྱོད་ཁང་ལྡན་པས་མང་ཚོགས་ལ་སྟབས་བདེ་གང་ལེགས་བསྐྲུན་པ་བཅས་རེད།
སྡེ་བའི(སྡེ་ཁུལ)“བཅུ་ལྡན”བཟོ་སྐྲུན་ལག་བསྟར་བྱས་པ་དེས་སྡེ་བར(སྡེ་ཁུལ)བྱ་བ་སྤེལ་བའི་མཁྲེགས་ཆས་ཀྱི་རྨང་གཞི་བརྟན་དུ་ཕྱིན་པ་དང་། མང་ཚོགས་ལ་དྲིལ་སྒྲོག་དང་སློབ་གསོ། ཞབས་ཞུ་བཅས་ཀྱི“མཐའ་མའི་སྤྱི་ལེ་གཅིག”ཤར་གཏོང་ཐུབ་ཡོད། ཏང་རྩ་འཛུགས་ཀྱི་བྱེད་སྒོ་དང་ཏང་ཡོན་གྱི་སློབ་གསོ། མང་ཚོགས་ལ་ཞབས་ཞུ་བཅས་བྱེད་རྒྱ་ཇེ་ཆེ་དང་ཇེ་ཟབ་ཏུ་ཕྱིན་པ། གཞི་རིམ་གྱི་སྲིད་དབང་རྒྱུན་མཐུད་ངང་སྲ་བརྟན་དུ་ཕྱིན་པ། གཞི་རིམ་ཏང་རྩ་འཛུགས་ཀྱི་གོང་བུ་སྒྲིལ་ཤུགས་དང་ཏང་ཡོན་བློ་ཁ་ཕྱོགས་ཤུགས། མང་ཚོགས་བློ་ཡིད་ཚིམ་ཚད་བཅས་ཆེས་ཆེར་ཕྱིན་ཡོད་པ་རེད།
ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།
རྩོམ་སྒྲིག་འགན་ཁུར་བ། ཀླུ་མགོན་རྒྱལ།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།
原文来源/人民网
责编/冷公加
监制/杨本才让
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系