2024ལོའི་རྒྱལ་ནང་གི་གནའ་རྫས་རྟོག་ཞིབ་ཀྱི་གསར་འགྱུར་ཆེན་པོ་བཅུ།

政务   2024-12-26 16:05   青海  
གཅིག  ཕྱིར་ཤོར་བའི་རིག་དངོས་སྒྱུ་རྩལ་ཐོན་རྫས56མེས་རྒྱལ་དུ་ཕྱིར་ལོག་པ།

2024ལོའི་ཟླ11པའི་ཚེས8ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོར་དབྱི་ཐ་ལིའི་ཙུང་ཐུང་མ་ཐ་ལེ་ལ་དང་མཉམ་དུ་དབྱི་ཐ་ལིས་རྩད་ཆོད་པ་དང་ཀྲུང་གོར་ཕྱིར་སྤྲད་པའི་ཀྲུང་གོ་ནས་ཕྱིར་ཤོར་བའི་རིག་དངོས་ལ་དཔྱད་ཞིབ་གནང་ཞིང་།  ཐེངས་འདིར་དབྱི་ཐ་ལི་ཕྱོགས་ཀྱིས་ཀྲུང་གོར་ཕྱིར་སྤྲད་པའི་རིག་དངོས་སྒྱུ་རྩལ་ཐོན་རྫས་ཁྱོན56ཡོད་ཅིང་། 2024ལོའི་ཟླ11པའི་བར་དུ་ཁག48ཀྱི་རིག་དངོས་སྒྱུ་རྩལ་ཐོན་རྫས2113ཀྲུང་གོར་ཕྱིར་ལོག་ཡོད།  

གཉིས། གནའ་རྫས་རྟོག་ཞིབ་པས་ད་ལྟའི་བར་རིམ་པ་མཐོ་ཤོས་ཀྱི་ཁྲུའུ་རྒྱལ་ཁབ་ཀྱི་དུར་ས་སྔོག་འདོན་བྱས་པ།

ཨན་ཧུའེ་ཧོའེ་ནན་ཝུའུ་ཝང་ཏུན་བང་སོ་ནི་ཚན་རིག་དང་མཐུན་པའི་སྒོ་ནས་སྔོག་འདོན་བྱས་པའི་ད་ལྟའི་བར་གྱི་གཞི་ཁྱོན་ཆེ་ཤོས་དང་རིམ་པ་མཐོ་ཤོས་། གྲུབ་ཆ་རྙོག་འཛིང་ཆེ་ཤོས་བཅས་ཀྱི་ཁྲུའུ་རྒྱལ་ཁབ་ཀྱི་རིམ་པ་མཐོ་བའི་དུར་ས་ཆེ་གྲས་ཤིག་རེད།     བང་སོའི་བདག་པོ་ནི་ཀྲན་གོའོ་དུས་མཇུག་གི་ཁྲུའུ་ཁའོ་ལེ་རྒྱལ་པོ་ཡིན་པ་གཏན་འཁེལ་ཐུབ་ཡོད།  

གསུམ། སི་ཁྲོན་གྱི་མེང་ཞི་གཙང་པོའི་རྗེས་ཤུལ་ལས་སྔ་དུས་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་ཁྱོན་ཡོངས་ནས་ལངས་གཟུགས་ངང་མཚོན་ཡོད། 

སི་ཁྲོན་ཙི་དབྱང་གི་མེང་ཞི་གཙང་པོའི་རྗེས་ཤུལ་ནི་རྒྱལ་སྤྱིའི་ཐོག་མཐོང་དཀོན་པའི་རྡོ་ཆས་དང་། སྲོག་ཆགས་དང་རྩི་ཤིང་འབོར་ཆེན་ལྷག་ལུས་སུ་ཡོད་པའི་རྡོ་ཆས་རྙིང་མའི་དུས་རབས་ཀྱི་ཕྱོགས་བསྡུས་རང་བཞིན་གྱི་རྗེས་ཤུལ་ཞིག་ཡིན་ཞིང་། དེས་དེང་རབས་མིའི་འབྱུང་ཁུངས་ཁྱབ་མཆེད་དུས་རིམ་གྱི་མིའི་རིགས་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་ཁྱོན་ཡོངས་ནས་ལངས་གཟུགས་ངང་མཚོན་ཡོད།   

བཞི། ནན་ཅིང་དུ་རྒྱལ་ཁབ་གསུམ་དུས་སྐབས་ཀྱི་ཝུའུ་ཤར་མའི་བློན་ཆེན་ཀྲང་ཀྲའོ་ཁྱིམ་རྒྱུད་ཀྱི་བང་སོ་རྙེད་པ།  

རྒྱལ་ཁབ་གསུམ་དུས་སྐབས་ཝུའུ་ཤར་མའི་བློན་ཆེན་ཀྲང་ཀྲའོ་ཁྱིམ་རྒྱུད་ཀྱི་བང་སོ་ཅང་སུའུ་ནན་ཅིང་ནས་རྙེད་པ་དང་། དེས་ནན་ཅིང་རྒྱལ་རབས་དྲུག་གི་བང་སོ་དང་ལྷག་པར་དུ་སུན་ཝུའུ་སྐུ་དྲག་གི་བང་སོ་ལ་ཞིབ་འཇུག་བྱེད་པར་རིན་ཐང་གལ་ཆེན་ལྡན་ཡོད།   

ལྔ། མཚོ་སྔོན་དུར་ལམ་ཆུ་ཁོལ་བང་སོའི་ཚོགས་ལས་རིམ་པ་མཐོ་བའི་རྒྱལ་པོའི་བང་སོ་བསྐྱར་དུ་མངོན་པ།    

མཚོ་སྔོན་དུར་ལམ་ཆུ་ཁོལ་བང་སོའི་ཚོགས་ལས་མིག་སྔར་གཞི་ཁྱོན་ཆེ་ཤོས་དང་ཚད་གཞི་མཐོ་ཤོས་ཀྱི་བང་སོ་ཤེས་རྟོགས་བྱུང་བ་དང་། བང་སོ་བདག་པའི་ཐོབ་ཐང་དེ་སྔོན་བང་སོའི་ཚོགས་དེའི་ནང་སྔོག་འདོན་གཏན་འཁེལ་བྱས་པའི་ཐུ་བྷོད་དབང་བསྒྱུར་སྐབས་ཀྱི་འ་ཞ་ལས་བརྒལ་ཡོད་པ་རེད།
དྲུག ཀྲེ་ཅང་ཧྲའོ་ཤིང་དུ་ཡུའེ་རྒྱལ་རབས་ཀྱི་རྒྱལ་སའི་རྗེས་ཤུལ་རྙེད་པ།    

ཀྲེ་ཅང་ཧྲའོ་ཤིང་ཅི་ཀྲུང་གནའ་ཤུལ་དུ་ཀྲན་གོ་དུས་སྐབས་ཀྱི་ཡུའེ་རྒྱལ་རབས་ཀྱི་འཛུགས་སྐྲུན་ཆེ་གྲས་ཀྱི་རྨང་གནས་ཡོད་པ་ཐོག་མར་གཏན་འཁེལ་བྱས་པ་དང་། འབྲེལ་ཡོད་ཤུལ་དངོས་དེ་ད་ལྟའི་བར་ལོ2500ཙམ་ཡོད་ལ།    ཚད་ལྡན་ཡིག་ཆའི་ནང་བཀོད་པའི་ཡུའེ་རྒྱལ་རབས་ཀྱི་རྒྱལ་པོ་ཀོའུ་ཅན་གྱིས་རྒྱལ་ས་བཙུགས་པའི་ལོ་རྒྱུས་དོན་དངོས་ཁུངས་སྐྱེལ་བྱས་ཡོད།   
བདུན། ཉི་ཧོ་མཚོ་ཁུག་གཤོང་སར་ལོ་ངོ་ཁྲི110སྔོན་གྱི་གནའ་མིར་ལག་རྩལ་གྱི་ཆུ་ཚད་དང་ཤེས་རྟོགས་ཀྱི་ནུས་པ་ཅུང་མཐོན་པོ་ལྡན་པ་གསར་རྙེད་བྱུང་བ།  

ཀྲུང་གོ་དང་ཕྱི་རྒྱལ་གྱི་ཚན་རིག་པས་ཉི་ཧོ་མཚོ་ཁུག་གཤོང་སའི་ལོ་ངོ་ཁྲི110གོང་གི་ཚེན་ཅ་མཚོ་ཁུག་གི་རྗེས་ཤུལ་ལ་ཞིབ་འཇུག་གསར་ཤོས་བྱས་པ་ལས་ཡོ་རོབ་དང་ཨེ་ཤེ་ཡའི་སྐམ་ས་ཆེན་མོའི་སྔ་ཤོས་ཀྱི“རྡོ་ཉིང་གྲ་སྒྲིག་ལག་རྩལ”གསལ་སྟོན་བྱས་པ་དེའི་ཐོག་ནས་ཚེན་ཅ་མཚོ་ཁུག་གི་རྗེས་ཤུལ་ཀྱི་གནའ་མི་ལ་ལག་རྩལ་གྱི་ཆུ་ཚད་དང་ཤེས་རྟོགས་ཀྱི་ནུས་པ་ཅུང་མཐོན་པོ་ལྡན་པ་མཚོན་ཡོད།   

བརྒྱད། ཨན་ཧུའེ་རུ་ཨེ་ཤེ་ཡ་ཤར་མའི་ས་ཁུལ་ཤེས་རབ་ཅན་དུ་འགྱུར་བའི་གནའ་བོའི་མིའི་རིགས་སྔ་ཤོས་ཤེས་རྟོགས་བྱུང་བ། 

གནའ་རྫས་རྟོག་ཞིབ་ཞིབ་འཇུག་ལས་གཏན་འཁེལ་བྱས་པ་ལྟར་ན། ཨན་ཧུའེ་ཧྭ་ལུང་དོང་གི་རྗེས་ཤུལ་དུ་རྙེད་པའི་ད་ལྟའི་བར་ལོ་ཁྲི30ཡར་སྔོན་གྱི་ཧྭ་ལུང་དོང་གི་མི་ནི་ད་བར་ཨེ་ཤེ་ཡ་ཤར་མའི་ས་ཁུལ་དུ་དེང་རབས་མིའི་ཁྱད་ཆོས་ཆེས་མང་བ་དང་ལོ་རབས་སྔ་ཤོས་ཀྱི་དེང་རབས་མིའི་ཕྱོགས་སུ་བར་བརྒལ་བྱེད་པའི་གནའ་བོའི་མིའི་རིགས་ཤིག་ཡིན་པ་རེད།   
དགུ ཧོ་ནན་ནན་དབྱང་དུ་ཞ་རྒྱལ་རབས་ས་ཁོངས་ཀྱི་ལྟེ་བའི་གྲོང་ཁྱེར་རྙེད་པ།

གནའ་རྫས་རྟོག་ཞིབ་ལས་ཤེས་རྟོགས་བྱུང་བ་ལྟར་ན། ཧོ་ནན་ནན་དབྱང་གི་པ་ལི་ཟམ་པའི་རྗེས་ཤུལ་ནི་གནས་ཡུལ་གལ་ཆེ་བ་དང་། གཞི་ཁྱོན་ཆེ་བ། ནང་དོན་ཕུན་སུམ་ཚོགས་པོ་བཅས་ཡོད་རྐྱེན། རིག་གནས་ཀྱི་རྣམ་པ་དེ་ཞ་རྒྱལ་རབས་དུས་མཇུག་གི་རྒྱལ་ས་ཨར་ལི་ཐོའུ་རྗེས་ཤུལ་དང་ཚད་མཐོའི་གཅིག་མཚུངས་ཡིན་པས།   ཞ་རྒྱལ་རབས་ཀྱི་རིམ་པ་ཕལ་པའི་ལྟེ་གནས་འདུས་སྡོད་ཞིབ་འཇུག་གི་སྟོང་ཆ་གསབ་ཡོད།
བཅུ། ཤིས་ཨན་ཅ་ལི་གྲོང་ཚོའི་བང་སོ་ནས་ཐང་རྒྱལ་རབས་དར་རྒྱས་ཆེ་བའི་སྐབས་ཀྱི་ཁྱིམ་རྒྱུད་ཆེན་པོ་གཉིས་ཀྱི་བང་སོ་རྙེད་པ།    

ཧྲའན་ཤིས་ཤིས་ཨན་ཅ་ལི་གྲོང་ཚོའི་བང་སོ་ནས་ཐང་རྒྱལ་རབས་དར་རྒྱས་ཆེ་བའི་དུས་སྐབས་ཀྱི་ཏུང་ཚང་དང་ལེའང་ཚང་གི་ཁྱིམ་རྒྱུད་ཆེན་པོ་གཉིས་ཀྱི་བང་སོ་གསར་དུ་རྙེད་ཡོད། དེའི་ནང་དུ་ཏུང་ཚང་ཁྱིམ་རྒྱུད་ནི་ཐང་ཞོན་ཙུང་དང་ཏུང་ཀུའེ་ཧྥེང་གི་གཉེན་ཉེ་ཡིན། ལེའང་ཚང་ཁྱིམ་རྒྱུད་ཀྱི་བང་སོའི་ནང་མིང་དུ་གྲགས་པའི་ཡིག་གཟུགས་མཁས་ཅན་ཧྥེང་ཁྲེང་སུའུ་ཡི་བུ་མོ་ཧྥེང་པའོ་ཡི་བང་སོ་རྙེད་ཡོད།   དེས་ཐང་རྒྱལ་རབས་དར་རྒྱས་ཆེ་བའི་སྐབས་ཀྱི་ཆབ་སྲིད་དང་ལོ་རྒྱུས། རིག་གནས། དུར་འཇུག་གོམས་སྲོལ་བཅས་ལ་ཞིབ་འཇུག་བྱ་རྒྱུར་གནའ་རྫས་རྟོག་ཞིབ་ཀྱི་ཁུངས་སྣེ་གལ་ཆེན་ཞིག་མཁོ་འདོན་བྱས་ཡོད།   

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  

责编/项吉当知

监制/杨本才让  

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章