➤རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཟླ12པའི་ཚེས25ཉིན་ཀྲུའུ་ཞིའི་བཀའ་ཨང་ཞེ་གཅིག་དང་། ཞེ་གཉིས་པ། ཞེ་གསུམ་པ། ཞེ་བཞི་པ་བཅས་ལ་མིང་རྟགས་བཀོད་པ་རེད།
➤ཟླ12པའི་ཚེས25ཉིན་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་ཐོག་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ་འཚོག་རྒྱུའི་སྐོར་གྱི་ཆོད་དོན་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་། ཐག་གཅོད་ལྟར་ན། རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གསུམ་པ2025ལོའི་ཟླ3པའི་ཚེས5ཉིན་པེ་ཅིང་དུ་འཚོག་རྒྱུ་རེད།
➤ཉིན་ཤས་གོང་འཚོགས་པའི་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་ཉེར་དགུ་པའི་སྟེང་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་གསུམ་པ་འཚོག་རྒྱུའི་སྐོར་གྱི་ཆོད་དོན(འཆར་ཟིན)ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་པ་དང་། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་གསུམ་པ2025ལོའི་ཟླ3པའི་ཚེས4ཉིན་པེ་ཅིང་དུ་འཚོག་རྒྱུའི་གྲོས་འགོ་བཏོན་པ་རེད།
➤ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གིས་ཉེ་ཆར《2025ལོའི་སྤྱི་ལོའི་ལོ་གསར་དང་དཔྱིད་གསར་དུས་ཆེན་རིང་གི་འབྲེལ་ཡོད་ལས་དོན་ལེགས་སྒྲུབ་བྱ་རྒྱུའི་སྐོར་གྱི་བརྡ་ཐོ》པར་འགྲེམས་བྱས་པ་རེད།
➤ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་དང་། རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ11པར། རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་ཁྱོན28327ཞིབ་བཤེར་ཐག་གཅོད་བྱས་པ་རེད།
➤ཚེས25ཉིན་རྒྱལ་ཁབ་སྡོམ་རྩིས་ཅུ་ཡིས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལས་མངོན་པར། 2024ལོར་རྒྱལ་ཡོངས་ཀྱི་སྲིང་བལ་ཐོན་ཚད་ཏུན་ཁྲི616.4ཟིན་ལ། ལོ་གོང་མ་ལས་ཏུན་ཁྲི54.6འཕར་བ་དང་། འཕར་ཚད9.7%ཡིན་པ་རེད།
➤སྡོད་ཁང་འཛུགས་སྐྲུན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོར་རྒྱལ་ཡོངས་སུ་བགོས་ཚོང་རྣམ་པའི་འགན་སྲུང་རང་བཞིན་གྱི་སྡོད་ཁང་དང་། འགན་སྲུང་རང་བཞིན་གྱི་བོགས་གཏོང་སྡོད་ཁང་། སྤྱི་པའི་བོགས་གཏོང་སྡོད་ཁང་བཅས་ཁྱོན་སྡོམ་སྡོད་ཁང་ཆ་ཚང་ཁྲི172བསྐྲུན་པ་རེད།
➤ཆེས་མཐོའི་ཞིབ་དཔྱོད་ཁང་གིས་ཉེ་ཆར་ཞིབ་དཔྱོད་ལས་ཁུངས་ཀྱིས་ཁྲིམས་ལྟར་གསར་འགྱུར་བསླུ་བྲིད་དང་གསར་འགྱུར་རྫུན་མའི་ཉེས་གསོག་ལ་ཆད་པ་གཅོད་པའི་དཔེ་མཚོན་གྱོད་དཔེ5པར་འགྲེམས་བྱས་པ་རེད།
➤ཚེས25ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པས་རྒྱལ་ཁབ་ཁག་གཅིག་གིས་ཞང་ཀང་ཉེན་རྟོག་ཕྱོགས་ཀྱི་ལུགས་མཐུན་ཁྲིམས་འཛིན་བྱ་སྤྱོད་ལ་མངོན་སུམ་འཛེམ་མེད་ངང་ཕར་རྒོལ་དང་ནག་ཉེས་གཏོང་བར། ཀྲུང་གོ་ཕྱོགས་གཏན་ནས་ཡིད་མི་འཐད་པ་དང་མཐའ་གཅིག་ཏུ་ངོ་རྒོལ་བྱེད་རྒྱུ་དང་། འབྲེལ་ཡོད་རྒྱལ་ཁབ་ཀྱིས་ཀྲུང་གོར་ངོ་རྒོལ་དང་ཞང་ཀང་ཟང་ཟིང་དུ་གཏོང་མཁན་ལ་རྒྱབ་སྐྱོར་བྱེད་མཚམས་འཇོག་དགོས་ཞེས་བསྟན།
➤ཚེས25ཉིན། ཚོང་དོན་པུ་ཡིས་དེ་སྔའི་ཨོ་མུན(欧盟)ནས་ཐོན་པའི་ནང་འདྲེན་པའེ་ལན་ཏིའི་ཕམ་ཚོང་ལ་རྒོལ་བའི་བརྟག་དཔྱད་དུས་ཡུན་རིང་དུ་གཏོང་རྒྱུའི་གཏན་འབེབས་བྱས་པ་རེད།
སྤྱི་ཚོགས།
➤ཚེས25ནས་ཚེས27ཉིན་བར། མཁའ་རླུང་འཁྱག་པོའི་དབང་གིས་དབུས་ཤར་རྒྱུད་ཀྱི་ས་ཁུལ་མང་ཆེ་བར་ཤུགས་རྐྱེན་ཐེབས་རྒྱུ་དང་། ནང་སོག་གི་ཤར་རྒྱུད་དང་བྱང་ཤར་སོགས་ས་ཁུལ་གྱི་དྲོད་ཚད་རིམ་རྩིས་བྱས་ན10℃མར་ཆག་རྒྱུ་ཡིན་པ་རེད།
➤རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། རང་རྒྱལ་གྱིས་ཨང་གྲངས“12356”རྒྱལ་ཡོངས་ཀྱི་གཅིག་གྱུར་གྱི་སེམས་ཁམས་རོགས་སྐྱོར་ཐད་སྦྲེལ་ཁ་པར་ཨང་གྲངས་སུ་བཀོད་སྒྲིག་བྱེད་རྒྱུ་ཡིན་པ་རེད། ས་གནས་ཁག་གིས2025ལོའི་ཟླ5པའི་ཚེས1ཉིན་གྱི་སྔུན་ནས་ཁ་པར་ཨང་གྲངས“12356”ལ་ཁ་པར་བཏང་ནས་སེམས་ཁམས་རོགས་སྐྱོར་ཐད་སྦྲེལ་ཁ་པར་འབྲེལ་མཐུད་བྱེད་པའི་ནུས་པ་མངོན་འགྱུར་ཡོང་ཐབས་བྱེད་དགོས་པ་རེད།
➤ཉེ་ཆར། ཁྲུང་ཆིང་ཞིབ་དཔྱོད་ལས་ཁུངས་ཀྱིས་ཡུན་ནན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཁོངས་མིའམ་ཧྲིན་ཀྲང་གཞོན་པ་ཀྲང་ཙུའུ་ལིན་ལ་ལྐོག་རྔན་བླངས་པའི་དོགས་གཞི་ཡོད་པའི་གྱོད་གཞིར་ཁྲིམས་ལྟར་གཞུང་གཏུག་བྱས་པ་རེད།
➤ཚེས25ཉིན། ཧྲའན་ཞི་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དེ་སྔའི་ཏང་ཙུའུ་ཁོངས་མིའམ་ཀྲུའུ་རིན་གཞོན་པ་ལི་ཅིན་ཀྲུའུ་ཡི་ལྐོག་རྔན་བླངས་པའི་གྱོད་དོན་ལ་འདྲི་གཅོད་དང་པོའི་ཁྲིམས་ཐག་བཅད་པ་དང་། ལི་ཅིན་ཀྲུའུ་ལ་སྲོག་ཁྲིམས་བཅད་པ་དང་། དུས་བཀག་ལོ་གཉིས་ནར་འགྱངས་བྱས་ནས་ལག་བསྟར་བྱ་རྒྱུ་རེད།
➤ཀྲུང་གོའི་ལྷོ་སྣེ་རྟོག་ཞིབ་ལས་འགན་ཐེངས41པ་ལག་བསྟར་བྱེད་པའི“ཞོ་ལུང2”རྟགས་ཅན་གྱི་སྣེ་ཁུལ་ཚན་རིག་རྟོག་ཞིབ་ཀྱི་འཁྱགས་གཏོར་གྲུ་གཟིངས“ཡུང་ཧྲེན”རྟགས་ཅན་གྱི་ཟོག་གྲུ་ཚེས25ཉིན་ཆིན་ལིན་ས་ཚིགས་ཀྱི་མཚོ་ཁོངས་སུ་བདེ་བླག་ངང་འབྱོར་བ་མ་ཟད། དངོས་ཟོག་ལེན་པའི་ལས་ཀ་སྒྲུབ་ཀྱིན་ཡོད།
➤ཉིན་ཤས་གོང་། སི་ཁྲོན་གཤོངས་སར་གནས་པའི་ལྷོ་ནུབ་རྡོ་སྣུམ་ཅུའི་ལོ་རེའི་རང་བྱུང་སོལ་རླངས་ཐོན་ཚད་ཐེངས་དང་པོར་སྨི་གྲུ་བཞི་མ་དུང་ཕྱུར100ལས་བརྒལ་བ་དང་། རིམ་རྩིས་ཐོག་རང་བྱུང་སོལ་རླངས་ས་གཤིས་གསོག་ཚད་སྨི་གྲུ་བཞི་མ་དུང་ཕྱུར་ཁྲི་ལས་བརྒལ་ཡོད་པ་རེད།
➤ཚེས25ཉིན། ཧྲན་ཞི་ཞིང་ཆེན་ཧྥན་དབྱང་ནས་ཧྲི་ལོའུ་བར་དང་། ཕུའུ་ཧྲན་ནས་ལིན་ཧྥན་བར་གྱི་མྱུར་བགྲོད་གཞུང་ལམ་དངོས་སུ་རླངས་འཁོར་ཤར་གཏོང་ཐུབ་པ་དང་། ཧྲན་ཞི་ཞིང་ཆེན་ཡོངས་སུ“རྫོང་དང་རྫོང་བར་དུ་མྱུར་བགྲོད་གཞུང་ལམ་ཡོད་པ”མངོན་འགྱུར་བྱུང་ཡོད།
➤ཉེ་ཆར། རང་རྒྱལ་གྱི་གནའ་རྫས་རྟོག་ཞིབ་མི་སྣས་ཀོང་ཞིའི་ཀུང་ཁྲེང་ནས་ལིང་ནན་ས་ཁུལ་གྱི་ཆེས་སྔ་ཤོས་ཀྱི་མཁར་གྲོང་གི་གནས་ཡུལ་རྙེད་པ་རེད།
➤ཏ་ལན་འགག་སྒོ་ལྐོག་འདྲེན་འཛིན་བཟུང་ཅུ་ཡིས་མྱུར་སྐྱེལ་ཐབས་ལམ་སྤྱད་དེ་རིམ་པ་མཐོ་བའི་གྱོན་ཆས་ལྐོག་འདྲེན་བྱས་པའི་གྱོད་གཞི་ཧ་ཅང་ཆེན་པོ་ཞིག་རྩད་ཆོད་པ་དང་། ཞིབ་བཤེར་བྱས་པ་བརྒྱུད་གྱོད་གཞིའི་རིན་ཐང་སྡོམ་འབོར་སྒོར་དུང་ཕྱུར7ལས་བརྒལ་ཡོད་པ་རེད།
➤ཀྲེ་ཅང་ཉིང་པའོ་ཡི་མྱུར་བགྲོད་གཞུང་ལམ་ཐོག་སྦྲུམ་མ་ཞིག་གི་མགོ་ཆུ་བཞུར་བ་དང་། ཉེན་རྟོག་པ་ཁྲེན་གོ་ཏུང་དང་ལས་གྲོགས་ཀྱིས་མཁོ་བསྟུན་ལམ་འབྱེད་བྱས་ནས། སྦྲུམ་མ་དུས་ཐོག་ཏུ་སྨན་ཁང་དུ་བསྐྱལ་བས་བུད་མེད་དེས་བྱིས་པ་བདེ་བླག་ངང་སྐྱེས་ཐུབ་སོང་།
སྲིད་ཇུས།
➤ཧྲན་ཞི་ཡིས་བརྡ་ཐོ་ཁྱབ་བསྒྲགས་བྱས་ནས་གྲོང་མིའི་སྨན་བཅོས་འགན་བཅོལ་ལ་མི་སྒེར་གྱི་གྲོན་དངུལ་དང་ནོར་སྲིད་ཀྱི་ཁ་གསབ་ཟུང་འབྲེལ་བྱེད་པའི་མ་དངུལ་གྲབས་གསོག་བྱེད་སྟངས་ལག་བསྟར་བྱེད་པ་དང་། ལོ་ལྟར་གཅིག་སྡུད་ངང་འགན་བཅོལ་ནང་བཅུག་ནས་གྲོན་དངུལ་སྤྲོད་རྒྱུ་ལག་བསྟར་བྱེད་ཀྱི་ཡོད་པ་རེད། ཞིང་ཆེན་ཡོངས་ནས་གྲོང་མིའི་སྨན་བཅོས་འགན་བཅོལ་ནོར་སྲིད་ཁ་གསབ་དང་མི་སྒེར་གྱི་གྲོན་དངུལ་འཇལ་བའི་ཚད་གཞི་གཅིག་གྱུར་ལག་བསྟར་བྱེད་རྒྱུ།
➤ཁྲུང་ཆིང་གིས་བརྡ་ཐོ་ཁྱབ་བསྒྲགས་བྱས་ནས་རང་གྲོང་ཁྱེར་གྱི་ལྕགས་ལམ་འགྲིམ་འགྲུལ་དང་སྤྱི་སྤྱོད་རླངས་འཁོར་སོགས་གཉེར་སྐྱོང་ཁེ་ལས་ཀྱིས་འགྲུལ་པར“ཁྲུང་ཆིང་མྱུར་ཨང”སྤྱད་ནས་འགྲོ་སྐྱོད་བྱེད་པའི་ཞབས་ཞུ་མཁོ་འདོན་བྱེད་དགོས། སྦྲེལ་དྲ་འགྲོ་སྐྱོད་སྟེགས་བུ་གཞན་དག་གིས“ཁྲུང་ཆིང་མྱུར་ཨང”དེ་འགྲུལ་པ་འགྲོ་སྐྱོད་ཞབས་ཞུའི་དཔང་ཡིག་ཏུ་བརྩི་རྒྱུར་སྐུལ་མ་གཏོང་དགོས།
➤ཧུའུ་ནན་གྱིས2025ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་ཞིང་ཆེན་ཡོངས་ཀྱི《བཟའ་བཅའ་གཉེར་སྐྱོང་ཆོག་འཐུས་ལག་ཁྱེར》པར་གཞི་གསར་པ་སྤྱོད་འགོ་ཚུགས་ནས་ཆོག་འཐུས་ལག་ཁྱེར་གློག་རྡུལ་ཅན་དུ་འགྱུར་བར་བྱེད་དགོས་པའི་བརྡ་ཐོ་འགྲེམས་སྤེལ་བྱས་པ་རེད།
དེ་རིང་གི་གནམ་གཤིས།
➤བོད་ལྗོངས་ཀྱི་ཤར་རྒྱུད་དང་། མཚོ་སྔོན་གྱི་ལྷོ་རྒྱུད། ཁྲོན་ཞི་མཐོ་སྒང་གི་བྱང་རྒྱུད། ཀན་སུའུ་ཡི་ཧོ་ཞི། ཧེ་ལུང་ཅང་གི་ཤར་རྒྱུད། ཅི་ལིན་གྱི་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་བ་ནས་འབྲིང་ཙམ་དང་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད་དང་། སི་ཁྲོན་གཤོང་སའི་ལྷོ་རྒྱུད། ཀུའེ་ཀྲོའུ་ཡི་ནུབ་རྒྱུད་དང་བྱང་རྒྱུད། ཡུན་ནན་གྱི་བྱང་རྒྱུད། ཧྥུ་ཅན་གྱི་ཤར་ལྷོའི་རྒྱུད་དང་། ཀོང་ཏུང་གི་ལྷོ་རྒྱུད། ཧའེ་ནན་གླིང་ཕྲན་གྱི་དབུས་ལྷོ་རྒྱུད། ཐའེ་ཝན་གླིང་ཕྲན་གྱི་བྱང་རྒྱུད་དང་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆུང་ཆུང་འབབ་རྒྱུ་རེད།
ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ།
རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།
责编/项吉当知
监制/杨本才让
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系