མཇིང་ཚིགས་ནད་ནི་ཅི་ཞིག་ཡིན་ནམ།
མཇིང་ཚིགས་ནད་ནི་ཕྱིར་བཀྱེད་རང་བཞིན་གྱི་ནད་འགྱུར་རྨང་གཞིར་བྱས་པའི་ནད་ཅིག་ཡིན། གཙོ་བོ་མཇིང་ཚིགས་ལ་དུས་ཡུན་རིང་པོར་ངལ་གསོ་མ་ཐོབ་པ་དང་། རུས་ལྷག་སྐྱེ་བ། ཡང་ན་མཁར་མཚམས་བུད་པ། ཆུ་བ་མཐུག་ཏུ་ཕྱིན་པ་བཅས་ཀྱིས་མཇིང་ཚིགས་རྒྱུངས་པ་དང་དབང་རྩར་གནོན་ཤུགས་ཐེབས་ནས། བྱེད་ནུས་ལ་འགོག་རྐྱེན་འཕྲད་པ་རེད། ནམ་རྒྱུན་མགོ་ཡུ་འཁོར་བ་དང་མགོ་ན་བ། ལག་པ་གཉིས་སྦྲིད་པ་སོགས་ཀྱི་ནད་རྟགས་ཐོན་སྲིད།
མཇིང་ཚིགས་ནད་ཇི་ལྟར་སྔོན་འགོག་བྱེད་དགོས།
གཅིག ཉལ་སྟངས་ཡག་པོ་རྒྱུན་འཁྱོངས་བྱེད་དགོས། ཉལ་གདན་མཁྲེགས་པོ་ཞིག་བདམས་ན། གཉིད་སྐབས་སྒལ་ཚིགས་འཁྱོག་རྒྱུར་སྔོན་འགོག་ཐུབ་པ་དང་། ཉལ་སྐབས་སྔས་འབོལ་མཐོ་མི་རུང་ལ་དམའ་མི་རུང་། སྲ་ཡང་མི་རུང་།
གཉིས། སྡོད་སྟངས་ཡག་པོ་རྒྱུན་འཁྱོངས་བྱེད་དགོས། སྡོད་སྐབས་ཀེར་རེར་སྡོད་དགོས་པ་དང་། ཡུན་རིང་པོར་མགོ་བོ་སྒུར་ནས་ལག་ཁྱེར་ཁ་པར་དང་གློག་ཀླད་སྤྱོད་པ་དང་། ཁ་སྦུབ་ཏུ་ལས་ཀ་བྱེད་པ་སོགས་མི་རུང་།
གསུམ། ངལ་རྩོལ་དང་ངལ་གསོ་ཟུང་འབྲེལ་བྱེད་དགོས། ལས་ཀའམ་སློབ་སྦྱོང་དུས་ཚོད་གཅིག་ལ་བྱས་རྗེས་ཡར་ལངས་ནས་ངལ་གསོ་བྱེད་དགོས་པ་དང་། མཇིང་པ་གཡས་གཡོན་གཉིས་དང་མདུན་རྒྱབ་གཉིས་སུ་འགུལ་སྐྱོད་བྱེད་དགོས་པ་དང་། དེའི་ཤུགས་ཚད་ཆེ་མི་རུང་།
བཞི། ཕྲག་པ་དང་མཇིང་པའི་ཤ་གནད་ལ་སྦྱོང་བརྡར་བྱེད་དགོས། དུས་བཅད་ལྟར་མཇིང་པར་སྦྱོང་བརྡར་བྱེད་པ་སྟེ། དཔེར་ན་མཇིང་པའི་སྦྱོང་བརྡར་དང་ཡོ་ག་སོགས་བརྩེས་ནས་མཇིང་པའི་ཤེད་ཤུགས་ཇེ་ཆེ་དང་མཉེན་ཆ་ལྡན་པར་བྱེད་དགོས། ད་དུང་ཤོག་བྱ་གཏོང་བ་དང་བྱ་སྒྲོའི་སྤོ་ལོ་རྩེད་པ་སོགས་བྱས་ནའང་ཕན་ཐོགས་ཡོད།
ལྔ། མཇིང་པར་རྨས་སྐྱོན་མི་ཕོག་པར་བྱེད་དགོས། དོས་དྲག་རང་བཞིན་གྱི་རྨས་སྐྱོན་མི་ཕོག་པ་བྱེད་དགོས། དཔེར་ན་ལྗིད་མོ་འདེགས་པ་སོགས་བྱེད་མི་རུང་། གལ་སྲིད་མཉེན་པའི་ཕུང་གྲུབ་ལ་གནོད་སྐྱོན་ཕོག་ན་སྔ་མོ་ནས་སྨན་བཅོས་བྱེད་དགོས་པ་དང་། ནད་གཞི་ཚབས་ཆེན་འབྱུང་བ་སྔོན་འགོག་བྱེད་དགོས།
དྲུག གྲང་འགོག་དྲོད་སྲུང་ལ་དོ་སྣང་བྱེད་དགོས། མཇིང་པར་དྲོ་བཅོས་བྱས་ཏེ། དྲོད་ཚད་སྙོམས་པོ་རྒྱུན་འཁྱོངས་བྱེད་དགོས་པ་དང་། སྐྲ་བཀྲུས་རྗེས་སྐམ་པོ་མ་ཆགས་པར་གཉིད་མི་རུང་། གལ་ཏེ་མཇིང་ཚིགས་ནད་དང་འདྲ་བའི་ནད་རྟགས་ཐོན་ཚེ། རང་ཉིད་ཀྱིས་སྦྱོང་བརྡར་བྱས་ཀྱང་ན་ཟུག་མི་འཇགས་པ་དང་མི་བདེ་བའི་ཚོར་སྣང་མུ་མཐུད་དུ་བྱུང་ཚེ། དུས་ཐོག་ཏུ་སྨན་པར་བསྟེན་དགོས།
ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར།
རྩོམ་སྒྲིག་འགན་ཁུར་བ། ཀླུ་མགོན་རྒྱལ།
ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།
责编/冷公加
监制/杨本才让
投稿邮箱/3068276991@qq.com
བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།
版权归原作者所有,如有侵权请立即与我们联系