གཡོས་སྦྱོར་བྱེད་སྟངས་མ་འགྲིག་ན་རུས་སོབ་ནད་འབྱུང་སྲིད།

政务   2024-12-22 11:14   青海  
གཡོས་སྦྱོར་གོམས་གཤིས་འདིས་བཟའ་མི་ཚང་མའི་རུས་པ་སོབ་སོབ་ཏུ་འགྱུར་ཉེན་ཆེན་པོ་ཡོད་ཅིང་། དེ་ནི་ཟས་རིགས་ལ་ཚྭ་རྒྱག་རྒྱུ་མང་དྲགས་པ་དེ་རེད། རང་རྒྱལ་གྱི་གྲོང་མིའི་ཚྭ་སྤྱོད་ཚད་ནི་མཚམས་སྦྱོར་བྱས་པའི་བདེ་ཐང་གི་ཚྭ་སྤྱོད་ཚད་ལས་ལྡབ་གཉིས་ཙམ་ཡིན་ཞིང་། དེ་བས་ཚྭ་སྤྱོད་མང་ན་ཀལ(钙)ཤོར་བ་དང་རུས་པ་སོབ་སོབ་ཏུ་འགྱུར་ཉེན་ཆེ་རུ་འགྲོ་སྲིད།
རུས་པ་སོབ་སོབ་ཏུ་གྱུར་ཚེ། གནོད་འཚེ་གང་དག་ཡོད།

རུས་པ་སོབ་སོབ་གྱུར་བའི་ནད་ནི་མིའི་ལུས་པོའི་རྙིང་ཚབ་གསར་འབྱེད་ཀྱི་གོ་རིམ་ཁྲོད་ལས་བྱུང་བ་ཞིག་ཡིན་ཞིང་། ཉིན་རེར་ཚད་ངེས་ཅན་གྱི་རུས་པའི་ཕུང་གྲུབ་ཞུ་འབྱེད་བསྡུ་ལེན་བྱེད་བཞིན་པ་དང་། རུས་པའི་ཕུང་གྲུབ་ཀྱང་ངེས་ཅན་ཞིག་འགྲུབ་བཞིན་ཡོད། དེ་གཉིས་དོ་མཉམ་བྱུང་ཚེ། རུས་པའི་གཏན་འཇགས་སྲུང་འཛིན་ཐུབ་ཀྱི་ཡོད། གལ་ཏེ་རུས་པའི་སྐྱེ་གྲུབ་དེ་ཞུ་འབྱེད་བསྡུ་ལེན་ལས་ཆུང་ཚེ། རུས་པའི་ཕུང་གྲུབ་རིམ་བཞིན་ཕྲ་རུ་འགྲོ་བ་དང་ཡང་ན་གས་ཆག་ཏུ་སོང་ནས་རུས་པ་སོབ་སོབ་ཏུ་འགྱུར་འགྲོ་གི་ཡོད།

རུས་པ་སོབ་སོབ་ཀྱི་ནད་ནི་རྒན་རྒོན་གྱི་བདེ་ཐང་ལ་གནོད་འཚེ་ཆེ་བའི་རྒྱུན་མཐོང་གི་ནད་རིགས་ཤིག་ཡིན་པ་དང་། བུད་མེད་དར་མ་དང་རྒན་པར་རུས་སོབ་ཀྱི་ནད་ཐོན་སྲིད་པའི་ཉེན་ཁ་ཅུང་ཆེ་བ་ཡོད།

ཀྲུང་གོའི་རུས་སོབ་ཀྱི་ནད་རིགས་རིག་པའི་བརྟག་དཔྱད་མཇུག་འབྲས་ལས་མངོན་པར། རང་རྒྱལ་གྱི་ལོ50ཡན་གྱི་མི་ཚོགས་ལ་རུས་སོབ་ཀྱི་ནད་ཀྱིས་འཇུ་ཚད་བརྒྱ་ཆ19.2ཟིན་པ་དང་། ལོ65ཡན་གྱི་མི་ཚོགས་ལ་ནད་རིགས་འདི་འབྱུང་ཚད་བརྒྱ་ཆ32.0ཟིན་པའི་ནང་སྐྱེས་པས་བརྒྱ་ཆ10.7ཟིན་པ་དང་བུད་མེད་ཀྱི་བརྒྱ་ཆ51.6ཟིན་གྱི་ཡོད།
རུས་རྫས་ཤོར་བར་རྒྱུན་དུ་མངོན་གསལ་དོད་པའི་ནད་རྟགས་མེད་མོད། འོན་ཀྱང་རུས་སོབ་ཏུ་འགྱུར་ཚད་ཇེ་ཆེར་འགྲོ་བ་དང་བསྟུན་ནས་སྒལ་རྒྱབ་ན་བ་དང་། སྟོད་སྒུར་དུ་འགྱུར་བ། གཟུགས་ཆུང་དུ་འགྲོ་བ་སོགས་ཀྱི་ནད་རྟགས་འབྱུང་བ་མ་ཟད། འགྱེལ་སླ་བ་དང་རུས་པ་ཆག་སླ་པོ་ཡོད་ཅིང་། འདི་རིགས་རྒན་རྒོན་ངོས་ནས་བརྗོད་ན་སྲོག་ལ་ཉེན་ཁ་ཆེ་བའི་གནད་དོན་ཞིག་ཡིན།
ཚྭ་མང་པོ་ཟོས་ཚེ་རུས་སོབ་ཏུ་འགྱུར་ཉེན་ཆེན་པོ་ཡོད།

ཚྭ་མང་པོ་བཟས་ན་གཅིན་ལམ་བརྒྱུད་དེ་ཕྱིར་འབུད་པ་དང་དུས་མཚུངས་སུ་ལུས་པོར་མཁོ་བའི་ཀལ(钙)ཁ་ཤས་ཀྱང་མེད་པར་འགྲོ་གི་ཡོད་པས། ལུས་པོའི་རུས་ཚད་ཤོར་བའི་ཉེན་ཁ་ཆེ་རུ་འགྲོ་སྲིད།

རང་རྒྱལ་གྱི་གྲོང་མིས་ཀལ(钙)སྡུད་ལེན་བྱེད་ཚད་མི་འདང་བའི་ཁར། ཚྭ་མང་པོ་ཟོས་ན་རུས་སོབ་ཏུ་འགྱུར་ཉེན་ཆེན་པོ་ཡོད། དེའི་རྐྱེན་གྱིས་མིག་སྔར་རང་རྒྱལ་དུ་རུས་སོབ་ནད་ཕོག་མཁན་གྱིས་ཚྭ་ཉུང་ཙམ་བཟའ་དགོས་པ་དང་། མི་དར་མས་ཉིན་རེར་ཚྭ་ཁེ6ལས་བརྒལ་ནས་སྤྱོད་མི་རུང་བ་དང་། རྒན་རྒོན་གྱིས་ཉིན་རེར་ཚྭ་ཁེ5ལས་བརྒལ་ནས་སྤྱོད་མི་རུང་།

ཇི་ལྟར་བྱས་ཏེ་ཚྭ་སྤྱོད་ཚད་ཚོད་འཛིན་བྱ་དགོས་སམ།

ང་ཚོས་ནམ་རྒྱུན་ལུས་པོའི་ཚྭ་རིགས་བསྡུ་ལེན་བྱེད་ཚད་བརྒྱ་ཆ80ཙམ་ཟས་རིགས་ཁྲོད་ལས་ཡོང་གི་ཡོད་པ་དང་། གཡོས་སྦྱོར་བྱེད་སྐབས་ཟས་རིགས་ནང་རྒྱག་པའི་ཚྭ་དང་།  བྲོ་རྫས། ཚྭ་ཚོད་བཅས་ཚུད་ཡོད། དེས་ན་རྒྱུན་པར་འཚོ་བའི་ཁྲོད་ཚྭ་ཉུང་ཙམ་སྤྱོད་རྒྱུར་གཤམ་གྱི་ཕྱོགས་འགའི་ཐད་ནས་དོགས་གཟབ་བྱ་དགོས།

ཚྭ་སྣོད་དང་ཁེམ་བུ་སོགས་བཀོལ་སྤྱོད་བྱས་ནས་རང་ཉིད་ཀྱིས་ཚྭ་སྤྱོད་པར་ཚོད་འཛིན་བྱ་དགོས།

ཚྭ་མང་བའི་ཞོར་ཟས་དང་མགྱོགས་ཟས་སོགས་བཟའ་བཏུང་བྱེད་ཚད་ཉུང་དུ་གཏོང་དགོས་པ་སྟེ། དཔེར་ན། ཞོག་ཀྲག་དང་ཧམ་བག པི་ས་བག་ལེབ་སོགས་དང་། གཞན་ཡང་། དམར་འདུར་དང་། བསྙལ་ཚལ། སྲན་ཕྱུར་སོགས་ཟས་རིགས་ཁྲོད་ཚྭ་འདུས་ཚད་ཧ་ཅང་མང་བས་རྒྱུན་པར་སྤྱོད་དུས་སྣང་ཆུང་བྱ་མི་རུང་།

ཚྭ་ཉོ་སྐབས་སུ་ནཱ་ཉུང་བའི་ཚྭ(低钠盐)གདམ་ནས་ཉོས་ན་ཡག་ཤོས་ཡིན། ཐུམ་སྒྲིལ་ཟས་རིགས་ཉོ་སྐབས་འཚོ་བཅུད་ཀྱི་ཤོག་བྱང་ལ་དོ་སྣང་བྱས་ཏེ། ནཱ་ཉུང་བའི་ཚྭ(低钠盐)ཞེས་པའི་ཟས་རིགས་འདེམས་དགོས།

ཚྭ་ཁུ་མེད་པ≠ཚྭ་འདུས་མེད་པས་མི་ཁྱབ། དཔེར་ན། ཀྲོམ་ལྡེ་དང་གོར་སོབ། ཏན་ཤིན་སོགས་ཚྭ་ཁུ་མེད་མོད། འོན་ཀྱང་དེ་དག་ཁྲོད་ཚྭ་མི་ཉུང་བ་འདུས་ཡོད་པས་སྤྱོད་རྒྱུར་ཡིད་གཟབ་གནང་རོགས།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

རྩོམ་སྒྲིག་འགན་ཁུར་བ། ཀླུ་མགོན་རྒྱལ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  

责编/冷公加

监制/杨本才让  

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章