མེས་པོའི་ཞབས་རྗེས་འཚོལ་བའི་རྣམ་ཤེས།
རྩོམ་འབྲི་བ་—— གོ་ངུར་སྨྲིག
མཐོ་བརྗིད་རི་བོས་གནམ་ལ་རེག་ཅིང་གནམ་གྱི་སྤྲིན་པ་གདུང་དུ་བཏེགས། །
རྩྭ་ཐང་ཡངས་མོས་མུ་མཐའ་སྦྲེལ་ཏེ་རྟ་ཕོའི་འགྲོས་ལམ་ངལ་བས་བཅད།
གངས་ཀྱི་ར་བས་ཡོངས་སུ་བསྐོར་ཞིང་དྭངས་གཙང་ཆུ་བོ་ལྷུང་ལྷུང་བཞུར། །
འཛམ་གླིང་ས་ཡི་ཡང་རྩེར་འབོད་པའི་སྒང་པ་བོད་ཀྱི་ཡུལ་གྲུ་ཡིན། །
རིགས་རུས་སྤྲེལ་དང་བྲག་སྲིན་ལས་བརྒྱུད་མེས་པོའི་མི་རྒྱུད་ཐོག་མར་འཁྲུངས། །
ས་བཙན་ཐོག་ཏུ་རྫོང་བཙན་བཟུང་ནས་གཅན་གཟན་གཏུམ་པོ་ཐབས་ཀྱིས་བརྟུལ། །
རི་སྐྱེས་སྲོག་ཆགས་གཡུང་ལ་ཕབ་སྟེ་སྒོ་ཕྱུགས་རྟ་ནོར་ལུག་གསུམ་བསྡུས། །
འཚོ་བའི་གཞིས་ཁྱིམ་གསར་དུ་བསྐྲུན་པའི་ང་ཡི་མེས་པོ་སྤོབས་པ་ཅན། །
འཇོན་པོའི་བུ་ལ་མཐོན་པོའི་ཁྲི་བརྩིགས་དབུ་ནག་མི་ཡི་རྗེ་བོར་བསྐོས། །
སྲིད་ཀྱི་ལམ་བཙུགས་ཁྲིམས་ཀྱི་ལུགས་བཞག་མི་བསྲུན་སྐྱེ་བོ་དྲག་པོས་མནན། །
དྲང་པོའི་ལམ་དང་བདེན་པའི་རྒྱབ་ལངས་ཉམས་ཆུང་ནུས་མེད་མཐའ་ནས་བསྐྱངས། །
དཔའ་བོའི་དཔུང་བསྡུས་དམག་གི་རུ་བཙུགས་ང་ཡི་མེས་པོ་མཁྱེན་རྒྱ་ཅན། །
ཕྱི་ཡི་དགྲ་བརྟུལ་མཐའ་ཡི་སོ་སྲུང་རིགས་ཀྱི་དོན་དུ་སྙིང་ཁྲག་འཕོས། །
དམངས་ཀྱི་རིག་གནས་རིག་པས་སྲོལ་གཏོད་ཡུལ་གྱི་གོམས་སྲོལ་བཟང་པོ་བཞག །
མཛངས་པའི་མི་དག་འབངས་སུ་བཀུག་སྟེ་བཙན་པོའི་རྒྱལ་སྲིད་མངའ་ཐང་བསྐྱེད། །
ས་ཆེན་འདི་རུ་གདོང་དམར་བོད་ཅེས་ང་ཡི་མེས་པོ་མཚན་སྙན་ཅན། །
ཆོས་ཀྱི་སྣང་བའི་སྒྲོན་མེ་སྦར་ཏེ་སྲིད་ཀྱི་ཀ་ཆེན་གནམ་དུ་བཏེགས། །
རྟ་ཕོའི་རྨིག་པས་ཕྱོགས་བཞིར་བརྟོལ་ཏེ་ཧི་མ་ལ་ཡི་རི་བོ་བརྒལ། །
ཆོལ་ཁ་གསུམ་པོ་གཅིག་ཏུ་བསྒྲིལ་ཞིང་རྒྱལ་ཕྲན་སིལ་མའི་མངའ་ཐང་འཕྲོག །
དཔའ་དང་དཔུང་གིས་རྒྱལ་ཁམས་འགྲིམ་པའི་ང་ཡི་མེས་པོ་སྙིང་སྟོབས་ཅན། །
རྒྱ་བལ་གཉིས་ལ་གཉེན་གྱིས་སྦྲེལ་ཏེ་ཇོ་ཤཱཀ་རྣམ་གཉིས་བོད་དུ་དྲངས། །
རིགས་ཀྱི་སྲོག་རྩ་གང་ཡིན་ཤེས་ནས་དབྱངས་གསལ་སོ་བཞི་གསར་དུ་གཏོད། །
བློ་དང་ཤེས་བྱ་མཁའ་ལྟར་བཀྲ་བའི་ཕྱི་བློན་ནང་བློན་ཚོགས་ཀྱིས་བསྐོར། །
ས་ཆེན་འདི་རུ་གྲགས་པས་ཁྱབ་པའི་ང་ཡི་མེས་པོ་དཔའ་མཛངས་ཅན། །
བཙན་པོའི་དམག་གི་རུ་དཔུང་མ་ཉམས་དཀར་ནག་རྒྱ་ལ་འགྲན་ཡ་བཟུང་། །
གངྒའི་འགྲམ་དང་ཁྲང་ཨན་སོགས་ལ་དཔའ་དང་དཔུང་གིས་རུ་དར་བསྒྲེངས། །
ཐང་གི་གོང་མ་ཁྲི་ལས་ཕབ་ཅིང་དམག་གི་དཔུང་ཚོགས་དཔའ་ཡིས་བརྟུལ། །
སུམ་གཉིས་ས་ལ་མངའ་དབང་བསྒྱུར་བའི་ང་ཡི་མེས་པོ་གཟི་བརྗིད་ཅན། །
སྲིད་ཀྱི་རུ་དར་ས་ལ་མ་སྙིལ་ཆོས་ཀྱི་དབུ་འཕང་དགུང་ལ་བསྟོད། །
མཁན་སློབ་རྣམ་གཉིས་བོད་དུ་དྲངས་ནས་དམ་ཆོས་སྣང་བས་ཁྱབ་པར་བྱས། །
གསེར་དང་དངུལ་གྱི་སྐུ་ཡོན་ཕུལ་ཏེ་བཀའ་དང་བསྟན་བཅོས་བོད་དུ་བསྒྱུར། །
བསྟན་དང་བསྟན་འཛིན་གཙུག་ཏུ་བཀུར་བའི་ང་ཡི་མེས་པོ་ལྷག་བསམ་ཅན། །
མེས་པོའི་གཟི་བརྗིད་ཐུར་དུ་མ་བཏང་ཆོས་སྲིད་གཉིས་ཀྱི་མཛད་པ་བསྐྱངས། །
རིགས་ཀྱི་བླ་སྲོག་སྐད་དང་ཡི་གེ་གསར་བཅད་རིག་པས་གཏན་ལ་ཕབ། །
ཆོས་རབ་འབྱེད་པའི་རྣམ་དཔྱོད་ཡངས་ཤིང་ཆོས་ཀྱི་དོན་དུ་སྐུ་སྲོག་བཏང་། །
རལ་པའི་ཅོད་པན་གདན་དུ་བཏིང་བའི་ང་ཡི་མེས་པོ་དད་སེམས་ཅན། །
རིགས་དང་རུས་ལ་ཞེན་པ་ཙམ་མིན་དོན་གྱི་དངོས་པོས་ར་སྤྲོད་ཡོད། །
འུད་བསྟོད་ཚིག་གི་འབྲུག་སྒྲ་མ་ཡིན་ལོ་རྒྱུས་རིག་པའི་རྒྱབ་རྟེན་ཡོད། །
ང་ཡི་མེས་པོའི་མཛད་རྗེས་གླེང་ན་རི་རྒྱལ་ལྷུན་པོ་ལས་ཀྱང་ལྕི། །
ང་ཡི་མེས་པོའི་དཔའ་མཛངས་བཤད་ན་མཐའ་ཡི་རྒྱ་མཚོ་ལས་ཀྱང་ཟབ། །