ཤར་ཀཿ ཐོག་པ་དམ་པ་བདེ་བར་གཤེགས་པའི་རྣམ་ཐར་རྗེས་སུ་དྲན་པའི་གཏམ།

文摘   2023-09-10 15:38   西藏  


༈    མདོ་སྔགས་བཤད་སྒྲུབ་བསྟན་པའི་ཤིང་རྟ་ཆེན་པོ་ཆོས་

    རྗེ་བླ་མ་ཤར་ཀཿཐོག་པ་དམ་པ་བདེ་བར་གཤེགས་པའི་

     རྣམ་ཐར་རྗེས་སུ་དྲན་པའི་གཏམ་རིན་ཆེན་གསེར་

       གྱི་ཐང་མ་སྔ་འགྱུར་བསྟན་པ་མཛེས་པའི་

           རྒྱན་ཞེས་བྱ་བ་བཞུགས་སོ། །



རྩོམ་པ་པོ- མཁན་ཀུན་བཟང་རྣམ་རྒྱལ།

ན་མོ་མཉྫུ་ཤྲཱི་ཡེ།    

རྡུལ་བྲལ་ཆོས་སྐུའི་ངང་ལས་མ་གཡོས་ཀྱང་། །

འགག་མེད་ཆུ་ཟླའི་གཟུགས་བཞིན་མངོན་གསལ་བ། །

ཟུང་འཇུག་མཚན་དཔེའི་སྐུར་སྣང་ཆོས་ཀྱི་རྗེ། །

འདྲེན་མཆོག་དམ་པ་མཆོག་ལ་ཕྱག་༵འཚལ་༵ལོ། ། ༡༽ 


ལུས་ངག་ཡིད་གསུམ་ཁ་རྗེ་དབང་ཐང་བཅས། །

དངོས་སུ་འབྱོར་དང་ཡིད་ཀྱིས་རྣམ་སྤྲུལ་ཏེ། །

རབ་འབྱམས་ནམ་མཁའི་མཐས་གཏུགས་མཆོད་༵པའི་༵སྤྲིན། །

བསོད་ནམས་ཚོགས་ཆེན་རྫོགས་ཕྱིར་ཁྱེད་ལ་འབུལ། །༢༽


ཐོག་མ་མེད་པའི་དུས་ནས་ད་ལྟའི་བར། །

མ་རིག་གིས་བསླད་སྒོ་གསུམ་བག་མེད་ཀྱི། །

དབང་སོང་ཉམས་ཆག་ཉེས་ལྟུང་ཅི་མཆིས་པ། །

ཐམས་ཅད་དམ་པ་མཆོག་གི་སྤྱན་སྔར་འཆགས༵། །༣༽ 


ཁྱེད་ཀྱི་སྐུ་ཡི་བཀོད་པ་གསུང་གི་མཛོད། །

མཁྱེན་བརྩེའི་དགོངས་པ་ཕ་མཐའ་མི་མངའ་བས། །

ཞིང་འདིས་མཚོན་པའི་འཇིག་རྟེན་རབ་འབྱམས་ལ། །

འཕྲིན་ལས་སྣང་བས་ཁྱབ་ལ་ཡི་༵རང་༵ངོ་། །༤༽


མཐའ་ཡས་འགྲོ་བའི་འཁྲུལ་རྟོག་མ་ཞིག་བར། །

འོད་སྣང་མཐའ་ཡས་རྒྱལ་དང་གཉིས་སུ་མེད། །

འགྲོ་བ་འདྲེན་མཛད་ཀུན་མཁྱེན་ཀཿ  ཐོག་པ། །

རྟག་ཁྱབ་ལྷུན་གྲུབ་མྱ་ངན་མི་འདའ་བཞུགས༵། །༥༽ 


གདུལ་བྱའི་མོས་ངོར་གང་འདོད་ཆོས་ཆར་དང་། །

ཁྱད་པར་བསྟན་པའི་སྙིང་པོ་ནང་མཛོད་སྡེ། །

མདོ་སྒྱུ་སེམས་གསུམ་ཆོས་སྒྲ་མི་ཉམས་པར། །

འཕྲིན་ལས་སྣང་བའི་ཆོས་༵འཁོར༵་བསྐོར་དུ་གསོལ། །༦༽

ཚོགས་བསགས་ཡན་ལག་བདུན་པའི་མཆོད་པ་དང་། །

རྣམ་དཀར་དགེ་ལ་གཞོལ་བ་དཀར་པོའི་ཆ། །

མ་ལུས་ཅི་མཆིས་མཐའ་ཡས་སྐྱེ་འགྲོ་ཀུན། །

རྣམ་མཁྱེན་རྫོགས་བྱང་འཐོབ་པའི་རྒྱུ་རུ་བསྔོ༵། །༧༽ 


གང་གི་རྣམ་ཐར་ཟབ་རྒྱས་རྒྱ་མཚོའི་རླབས། །

ཡོངས་རྫོགས་བྱིས་བློས་གཞལ་བར་མི་ནུས་མོད། །

བརྒྱ་ཕྲག་དགུ་ཡི་རྗེས་དྲན་བསུ་བའི་ཆེད། །

བསྟོད་རྩོམ་སྟག་མོའི་འཛུམ་དྲུག་འདི་ན་བཀྲ། །༨༽ 


རྩོད་པའི་རྗེས་དྲན་སེང་གེའི་གཡུ་རལ་ངོམ། །

འཆད་པའི་རྗེས་དྲན་གཡུ་འབྲུག་སྔོན་མོའི་སྐད། །

རྩོམ་པའི་རྗེས་དྲན་སྟག་མོའི་འཛུམ་དྲུག་བཀྲ། །

འདི་ཡང་དམ་པའི་རྗེས་དྲན་བསུ་སྟངས་ཡིན། །༩༽ 


སྣང་མཐའི་ཐུགས་དང་པད་མ་འབྱུང་གནས་སྐུ། །

མཚོ་རྒྱལ་འཕྲིན་ལས་ཞི་ལྷའི་ཡོན་ཏན་དང་། །

འཇམ་དབྱངས་གསུང་གི་རྣམ་རོལ་བདེ་བར་གཤེགས། །

ཀུན་མཁྱེན་ཀཿ ཐོག་པ་ཞེས་གྲགས་པ་ཁྱོད། །༡༠༽ 


སྐལ་བཟང་སྟོང་རྩ་མངོན་སངས་རྒྱ་བའི་གནས། །

བྱང་ཕྱོགས་གངས་ཅན་ཁ་བས་མཛེས་པའི་ལྗོངས། །

མདོ་ཁམས་སྒང་དྲུག་བུ་འབོར་ས་ཡི་ཆར། །

གསེར་ཕྱེ་བྱེ་བ་བརྡལ་བ་འབབ་པའི་འགྲམ། །༡༡༽ 


ཀྲེ་ཤོད་གངས་ཀྱི་ར་བ་འབལ་མོའི་ཡུལ། །

གནམ་ས་འཁོར་ལོ་པད་མ་ཁ་སྦྱོར་ཞིང་། །

ལོགས་ལ་རང་བྱུང་རིན་ཆེན་བཀྲ་ཤིས་རྫས། །

ངོ་མཚར་བྱེ་བས་ཕྱུག་པའི་ཡུལ་དེ་རུ། །༡༢༽ 


འཇམ་དཔལ་གཤིན་རྗེའི་སྤྲུལ་པ་གཙང་དཔལ་གྲགས། །

དབྱངས་ཅན་ལྷ་མོའི་རྣམ་སྤྲུལ་རིན་ཆེན་རྒྱན། །

ཆུ་ཕོ་སྟག་ལོར་ཡུམ་གྱི་ལྷུམས་ཞུགས་ནས། །

ངོ་མཚར་དགེ་བའི་མཚན་ལྟས་བཅས་ཏེ་བལྟམས། །༡༣༽ 


འཁྲུངས་མ་ཐག་ཏུ་དགུན་དུས་གྲང་ངར་ཁྲོད། །

ར་བའི་ནང་ནས་པད་མ་ཁ་བྱེ་ཞིང་། །

བྱ་རོག་དུ་མས་གཟིམ་ཁང་བསྐོར་བ་སོགས། །

ཁྱོད་ཞབས་རྡུལ་གྱིས་ཡུལ་དེར་མཛེས་པར་བྱས། །༡༤༽ 


ལང་ཚོ་མྱུ་གུའི་འདབ་མ་མ་གྲོལ་ཡང་། །

ནང་དུ་ཤེས་རབ་པད་མའི་འདབ་གཤོག་རྒྱས། །

དགུང་གྲངས་དྲུག་ཐོག་འབྲི་ཀློག་སློབ་པའི་དུས། །

དཀའ་ཚེགས་མེད་པར་ཁོང་དུ་ཆུད་པར་གྲགས། །༡༥༽ 


བཟོ་དང་གསོ་བ་དཀར་ནག་སྤོར་ཐང་རྩིས། །

སྨྲ་སྒོ་ཐོན་མིའི་སུམ་རྟགས་ཚིག་གི་རྒྱན། །

ཐུན་མོངས་འཇིག་རྟེན་ལུགས་ཀྱི་བསྟན་བཅོས་སོགས། །

མ་ལུས་ཡབ་ཀྱི་དྲུང་ནས་ཁོང་དུ་ཆུད། །༡༦༽ 


ད་དུང་ཤེར་ཕྱིན་བརྒྱད་སྟོང་ཐུགས་ལ་བཟུང་། །

དེ་ལྟར་ལོ་འཁོར་གསུམ་གྱི་ཡུན་ལ་ཡང་། །

སྣ་མང་ཤེས་བྱ་ཁོང་ཆུད་ལ་བསམས་ཚེ། །

འཇམ་དབྱངས་མི་རུ་བརྫུས་པར་ཐེ་ཅི་ཚོམ། །༡༧༽


རིས་མེད་བསྟན་པའི་གསལ་བྱེད་མཆོག་རྣམས་ལ། །

ཐུན་མིན་ངོ་མཚར་གླེང་དུ་ཡོད་མོད་ཀྱང་། །

ཁྱོད་དང་བསྡུར་ན་ཀུན་གྱི་རྣམ་པར་ཐར། །

མོག་པོར་འགྱུར་བས་མཚུངས་དཔེ་གཞན་ཞིག་དཀོན། །༡༨༽ 


སྐྱོ་ཤས་ངེས་པར་འབྱུང་བས་ཐུགས་རྒྱུད་བརླན། །

དགུང་ལོ་དགུ་པར་རྗེ་བཙུན་དམ་པའི་དྲུང་། །

རྡོ་རྗེ་གཏུམ་པོའི་རྒྱུད་དང་སྒྲུབ་ཐབས་དང་། །

བདེ་མཆོག་སྙན་བརྒྱུད་སྨིན་གྲོལ་གདམས་ངག་ཞུས། །༡༩༽ 


བྱང་ཆུབ་སེམས་སྡོམ་མནོས་དང་ལྷན་ཅིག་ཏུ། །

གཞན་ལ་གནོད་པའི་བསམ་སྦྱོར་ལྟ་ཅི་སྨོས། །

སེམས་ཅན་བསད་པའི་ཤ་ཁྲག་མཐོང་ཙམ་གྱིས། །

སྙིང་རྗེས་བཤུམ་པར་མཛད་པའི་སེམས་མཆོག་བསྐྱེད། །༢༠༽


ཁྱོད་ནི་གཞོན་ནུའི་དུས་ནས་ལྷན་སྐྱེས་ཀྱི། ། 

སྐྱེས་ཐོབ་ཤེས་རབ་མེ་ལྕེ་ལས་རྣོ་ཞིང་། ། 

དད་དང་སྙིང་རྗེ་སྐྱོ་ཤས་ངེས་པར་འབྱུང་། ། 

གཞན་དང་མ་འདྲེས་གཞན་ལས་ཁྱད་པར་འཕགས། །༢༡༽ 


དེང་དུས་གྲགས་སྙན་ཅན་ཚོ་ཕལ་མོ་ཆེ། །

བླང་དོར་གནད་མི་འབྱེད་པའི་བླུན་རྨོངས་པ། །

གོང་མའི་མིང་གི་རྒྱབ་རྟེན་ལ་བཅོལ་ནས། །

མཐོན་པོའི་གྲལ་མགོར་འགྱིང་དང་ཁྱོད་མི་འདྲ། །༢༢༽


ཐོས་པའི་འབྲས་རྟགས་ལུས་ངག་ཞི་ཞིང་དུལ། །

བསམ་པས་ཐེ་ཚོམ་སྒྲོ་འདོགས་ནང་ནས་ཆོད། །

ཐོས་དོན་སྒོམ་པས་རང་རྒྱུད་ཉོན་མོངས་ཞི། །

དམ་པའི་རང་རྟགས་མ་འདྲེས་ལྷང་ངེ་བ། །༢༣༽


ཁྱོད་ཉིད་དགུང་གྲངས་དགུ་ལ་ཕེབས་པའི་དུས། །

འདུལ་ལུང་སྡེ་བཞི་ཤེས་རབ་ཕ་རོལ་ཕྱིན། །

དགོངས་པ་ངེས་འགྲེལ་ཏིང་འཛིན་རྒྱལ་པོའི་མདོ། །

ལང་གཤེགས་བརྒྱད་སྟོང་ལ་སོགས་བཤད་རྒྱུན་གསན། །༢༤༽ 


གསན་པས་མ་ཚད་བླ་མའི་མདུན་ས་རུ། །

བཤད་རྒྱུགས་ཕུལ་བས་ཐུགས་དགོངས་ཟབ་མོ་དགྱེས། །

ཐུན་མིན་རྣམ་ཐར་འདི་ཚོ་ཐོས་པའི་མོད། །

ངོ་མཚར་མི་སྐྱེ་དཔྱོད་ལྡན་སུ་ཞིག་མཆིས། །༢༥༽


ད་སྐབས་ཐོས་བསམ་མཁན་རྣམས་ལྟ་ཞོག་གི། །

བསྟན་པའི་གསལ་བྱེད་རློམ་པ་རྣམས་ཀྱིས་ཀྱང་། །

རྒྱལ་བཀའ་མདོ་སྡེ་དྲི་མེད་དེ་རྣམས་ལ། །

འཆད་ཉན་མཛད་པའི་རྣམ་ཐར་མཐོང་བའང་དཀོན། །༢༦༽


དེང་དུས་སྐྱེས་ཆེན་མཆོག་ཏུ་གྲགས་རྣམས་ཀྱང་། །

ན་ཚོད་འདི་འདྲར་འདི་འདྲའི་རྣམ་པར་ཐར། །

ལྟ་ཞོག་ཁ་ལག་རང་མགོ་མི་འདྲོངས་ཤིང་། །

གཅིན་སྐྱག་ལག་པས་སྣབ་སྟུག་ཕྱིས་མི་ཤེས །༢༧༽


མི་ཕམ་མཆོག་གི་རྣམ་པར་ཐར་པའི་ནང་། །

དགུང་གྲངས་བདུན་ལ་ངེས་ཤེས་སྒྲོན་མེ་བརྩམས། །

ཁྱོད་ཀྱིས་དགུང་གྲངས་བདུན་ལ་བརྒྱད་སྟོང་པ། །

ཐུགས་ལ་བཟུང་བའི་རྣམ་ཐར་འདི་ཀོ་ནི། །༢༨༽ 


ཞྭ་དཔེ་ལྷམ་འགེབས་བྱེད་པའི་རྟོག་གེ་པའི། །

བློ་མིག་ཁབ་འདྲའི་ནང་དུ་ཆུད་མིན་པས། །

འཇམ་དབྱངས་མི་རུ་བརྫུ་བ་ཁྱོད་ཉིད་ཀྱི། །

མཁྱེན་དཔྱོད་ནམ་མཁའི་ཕ་མཐའ་སུས་གཞལ་ནུས། །༢༩༽ 


ཀུན་མཁྱེན་རྒྱལ་བའི་བཀའ་དང་དེའི་དགོངས་འགྲེལ། །

བསྟན་བཅོས་སྣ་ཚོགས་གླེགས་བམ་བརྒྱ་ཕྲག་གཉིས། །

ཇི་བཞིན་གསན་བཞེས་མཛད་པ་འདི་ཁོ་ནས། །

བསྟན་ལ་བྱ་བ་བྱས་མིན་སུ་ཞིག་གླེང་། །༣༠༽ 


ད་སྐབས་བསྟན་འཛིན་ཆེ་དགུར་རློམ་པ་ཚོས། །

བཀའ་མེད་དབང་མེད་ལུང་མེད་ཕྱོགས་བཅུ་རུ། །

བསྒྲགས་ནས་རང་ཆེ་འབྱིན་པ་དག་མཐོང་ཚེ། །

ཁྱོད་ཀྱི་རྣམ་པར་ཐར་ལ་ལྷག་ཏུ་དད། །༣༡༽ 


མཁྱེན་དཔྱོད་སྲིན་བུའི་ཁ་འོད་ལས་ཆུང་ཞིང་། །

བསྟན་ལ་བྱས་རྗེས་ལྟ་ཞོག་བསྟན་པ་བཤིག །

ད་དུང་གོང་མའི་མཚན་སྙན་རྒྱབ་བརྟེན་ལ། །

བཅོལ་བའི་ཁེངས་དྲེགས་ཅན་དག་དེང་མཐོང་ཚེ། །༣༢༽


འདི་ལྟར་ཁྱོད་ཀྱི་ཕྱི་ནང་གསང་བ་ཡི། ། 

རྣམ་ཐར་མཐོང་དུས་ངེས་པར་སེམས་གཏིང་ནས། ། 

རྒྱལ་སྲས་མིའི་གཟུགས་བྱོན་པ་ཞིག་མཆིས་ན། ། 

ཁྱོད་ལས་གཞན་དུ་མེད་པའི་ངེས་ཤེས་རྙེད། །༣༣༽ 


དགུང་གྲངས་བཅུ་པར་རང་བྱུང་རྒྱལ་མོ་ཡི། །

སྲོག་དབང་ཞུས་པས་ལྷ་མོའི་ཞལ་གཟིགས་ཤིང་། །

བསྟན་པའི་དགྲ་ལ་མངོན་སྤྱོད་མ་དགོས་པར། །

རྣམ་ཤེས་དག་པའི་ཞིང་དུ་གནས་པར་མཛད། །༣༤༽ 


སྤྱན་གཟིགས་གདམས་པ་རྔོག་ལོ་ནས་བརྒྱུད་པའི། །

དོན་ཞགས་སྨིན་གྲོལ་རྣམ་སྣང་མངོན་བྱང་དང་། །

བྱ་རྒྱུད་རིགས་གསུམ་དབང་གདམས་རྒྱུད་བཤད་བཅས། །

དགེ་བཤེས་ཕྱར་བའི་མདུན་ནས་གསན་པར་མཛད། །༣༥༽ 


སྒྲུབ་པའི་དཀྱིལ་འཁོར་དུ་མ་ཞལ་གཟིགས་ཤིང་། །

ལྷག་པར་ཨོ་རྒྱན་མ་ཧཱ་གུ་རུ་ཡི། །

ཞལ་གཟིགས་བྱིན་རླབས་མན་ངག་སྙན་བརྒྱུད་བསྩལ། །

ཉམས་རྟོགས་འབར་ཞིང་དོན་རྒྱུད་དགོངས་པ་འཕོས། །༣༦༽


པད་མའི་མན་ངག་སྙན་བརྒྱུད་མཆིམས་ཕུ་མ། །

པད་མའི་ཞལ་གསུང་མན་ངག་ལྟ་བའི་ཕྲེང་། །

རིང་བརྒྱུད་བཀའ་ཡི་ཆུ་བོ་མ་ཆད་ལ། །

ཉེ་བརྒྱུད་པད་མའི་ཞབས་ལའང་ཁྱོད་ཉིད་ཐུག །༣༧༽


དམ་པ་འདི་ཡི་བརྒྱུད་འཛིན་རྗེས་འཇུག་ཚོ། །

ཅོལ་ཆུང་རྟོག་གེའི་ཐལ་རྩེད་རྙོག་མའི་ཆུ། །

པད་མའི་དགོངས་བཅུད་འདིའི་ནང་མ་བསྲེ་དང་། །

བརྒྱུད་པའི་བབས་སོ་གཞན་ལས་ཁྱད་པར་འཕགས། །༣༨༽


དགུང་གྲངས་བཅུ་དྲུག་ཀཾ་པོའི་གནས་མཆོག་ན། །

བཤེས་གཉེན་བྱང་སྟོན་བྱམས་པ་རྣམ་དག་མདུན། །

འདུལ་བ་ཕྲན་ཚེགས་ཕ་ཡི་རྣམ་འབྱེད་དང་། །

ཆོས་མངོན་གོང་འོག་དབུ་རྒྱན་རིན་ཆེན་ཕྲེང་། །༣༩༽


ཀ་ཤཱིའི་སྒོམ་རིམ་སྐྱེས་རབས་སོ་བཞི་པ། །

ཤེར་ཕྱིན་བླ་ཆེན་དགོངས་པ་རབ་གསལ་ནས། །

བརྒྱུད་པའི་ཐོགས་མེད་རྣམ་གྲོལ་སེང་བཟང་ལུགས། །

མངོན་རྟོགས་རྒྱན་མདོ་སྦྱར་བའི་བཤད་རྒྱུན་གསན། །༤༠༽


པཎ་ཆེན་སྨྲི་ཏི་ཛྙཱ་ན་ནས་བརྒྱུད་པའི། །

གསང་འདུས་མཚན་བརྗོད་བཤད་རྒྱུན་སྨིན་དབང་ཁྲིད། །

རྫོགས་ཆེན་སེམས་སྡེ་སྔ་འགྱུར་ཕྱི་འགྱུར་དང་། །

ཉི་སེང་གསང་བ་སྙིང་པོའི་བཤད་རྒྱུན་གསན། །༤༡༽


ཁྱད་པར་སློབ་དཔོན་དགའ་རབ་རྡོ་རྗེ་ཡི། །

སྙན་བརྒྱུད་ཉམས་སྒྲོན་འགྲེལ་བཤད་བཅུ་ཕྲག་གཉིས། །

པཎ་ཆེན་རོང་ཟོམ་གསུང་ཡང་བཅུ་ཕྲག་གཉིས། །

ལོ་ཡི་འཁྱུར་འཁོར་གཅིག་ལ་གསན་པར་མཛད། །༤༢༽


དགུང་གྲངས་བཅུ་ཕྲག་གཅིག་དང་ཉག་མ་དགུའི། །

ཐོག་ཏུ་དབུས་གཙང་ཆོས་ཀྱི་གདན་སར་བསྐྱོད། །

དགེ་བཤེས་རྡོ་ཐོག་ཐེལ་པ་རྒྱལ་མཚན་མདུན། །

བྱམས་པའི་ཆོས་ལྔ་པྲ་ཀ་ཎ་སྡེ་བརྒྱད། །༤༣༽


རྒྱལ་བའི་བཀའ་འགྱུར་པོད་ཆེན་བཅོ་ལྔ་དང་། །

བསྟན་བཅོས་འགྱུར་བ་བོད་ན་བཞུགས་སོ་ཅོག །

ས་སྡེ་ལྔ་དང་སྡོམ་གཉིས་བཅས་ཀྱི་གཞུང་། །

བཤད་རྒྱུན་ལུང་རྒྱུན་གང་བཞུགས་གསན་པར་མཛད། །༤༤༽


སྟོད་ལུང་དགེ་བཤེས་རྒྱ་དམར་བའི་མདུན་ནས། །

དབུ་མ་བདེན་གཉིས་བྱམས་ཆོས་རྟོག་གེ་འབར། །

སྤྱོད་འཇུག་བསླབ་བཏུས་མདོ་བཏུས་བཤད་པ་དང་། །

དུས་འཁོར་རྩ་རྒྱུད་དབང་མདོར་བསྟན་པ་དང་། །༤༥༽


འཇམ་དཔལ་མཚན་བརྗོད་རྟ་མཆོག་རོལ་པ་དང་། །

འཇམ་དཔལ་སྒྱུ་འཕྲུལ་ཕྱག་རྡོར་དབང་བསྐུར་རྒྱུད། །

རྡོ་རྗེ་རྣམ་འཇོམས་བཤད་རྒྱུད་ལ་སོགས་པ། །

རྒྱ་དཔེ་ལ་གཏུགས་སྨིན་གྲོལ་བཤད་རྒྱུན་གསན། །༤༦༽ 


དགུང་གྲངས་ཉེར་གཅིག་ཆོས་འཁོར་རྭ་སྒྲེང་དུ། །

མཁས་དབང་བཤེས་གཉེན་སེང་གེ་བཟང་པོའི་མདུན། །

དབུ་མ་རིགས་ཚོགས་བྷུདྡྷ་པཱ་ལི་ཏ། །

འཇུག་པ་རྣམ་ངེས་ཀུན་བཏུས་ཕར་ཕྱིན་གཞུང་། །༤༧༽ 


རྒྱུད་དང་སྒྲུབ་སྡེའི་སྨིན་གྲོལ་ཟབ་མོ་དང་། །

བྱང་ཆུབ་ལམ་རིམ་བློ་སྦྱོང་སོགས་ཀྱང་གསན། །

སྐབས་དེར་ཆོས་འཁོར་བཞི་ལ་གྲྭ་སྐོར་མཛད། །

མཁས་པའི་སྙན་གྲགས་ཚོགས་ཀྱི་དབུས་སུ་ཁྱབ། །༤༨༽


གཞན་ཡང་སྐབས་དེར་སྒྲུབ་བརྒྱུད་བསྟན་པའི་བདག །

ཡོངས་གྲགས་མཁས་གྲུབ་སྐྱེས་ཆེན་མཆོག་རྣམས་ཀྱི། །

མདུན་སར་གཏུགས་ནས་བུམ་པ་གང་བྱོའི་ཚུལ། །

སྒྲུབ་བརྒྱུད་བསྟན་པ་ཡོངས་ཀྱི་ཆོས་བཀའ་བབས། །༤༩༽


དགུང་གྲངས་ཉེར་གཉིས་རཏྣ་སེང་གེའི་མདུན། །

བདེ་མཆོག་ཞུས་ནས་ཟླ་བ་དྲུག་སྒོམ་པས། །

དཀྱིལ་འཁོར་ཞལ་མཐོང་གདན་བཞིའི་བཤད་པ་གསན། །

སློབ་དཔོན་མཆོག་གིས་བསྟོད་བསྔགས་མེ་ཏོག་འཐོར། །༥༠༽ 


ཚིག་ལ་མཁས་ཤིང་དོན་ལ་དོགས་པ་ཆོད། །

བསྙེན་ཅིང་སྒྲུབ་པས་ཡི་དམ་ལྷ་ཞལ་མཐོང་། །

བཅུད་ལེན་ལ་བརྟེན་ཟླ་བཞིར་དཀའ་སྤྱད་མཛད། །

མཁས་དང་གྲུབ་པའི་གོ་འཕང་བརྙེས་མཛད་ཁྱོད། །༥༡༽ 


དགུང་གྲངས་ཉེར་བཞིར་གནས་མཆོག་འཕན་པོའི་ཡུལ། །

འདུལ་འཛིན་དམ་པ་བྱང་ཆུབ་སེང་གེའི་མདུན། །

རབ་བྱུང་ངུར་སྨྲིག་ཁྲིམས་ཀྱི་རྒྱལ་མཚན་བཞེས། །

སྐབས་དེར་ཁྱོད་ལ་ཤེས་རབ་སེང་གེར་གྲགས། །༥༢༽


དམ་པ་དེའི་དྲུང་སྒྱུ་འཕྲུལ་སྡེ་བརྒྱད་དང་། །

སངས་རྒྱས་མཉམ་སྦྱོར་ཧེ་རུ་ཀ་གལ་པོ། །

ཞབས་ཀྱི་ཞགས་པ་དམ་ཚིག་གསུམ་བཀོད་དང་། །

རྫོགས་ཆེན་སེམས་སྡེ་མ་བུ་བཅོ་བརྒྱད་པོ། །༥༣༽ 


གླང་ཆེན་རབ་འབོག་ཕུར་པའི་རྒྱུད་ལ་སོགས། །

སྔ་འགྱུར་ཟབ་ཆོས་དུ་མ་གསན་བཞེས་དང་། །

བསྐྱེད་རིམ་རྩ་རླུང་བསྒོམ་པས་རང་ལུས་ཀྱང་། །

སྒྲིབ་མེད་ལྷ་ཡི་སྐུ་རུ་གསལ་ཞེས་གསུངས་། །༥༤༽ 


དགུང་གྲངས་ཉེར་ལྔ་བལ་ཡུལ་སྐྱིད་གྲོང་ཕེབས། །

ལ་ཕྱིར་རྗེ་བཙུན་རས་ཆུང་པ་ཡི་དྲུང་། །

ལུས་མེད་མཁའ་འགྲོའི་སྙན་བརྒྱུད་ཆོས་བསྐོར་སོགས། །

ཞི་བ་འོད་ལས་གཏུམ་མོའི་མན་ངག་གསན། །༥༥༽


སྣར་ཐང་ཀླུ་མེས་བརྒྱུད་འཛིན་སྨད་འདུལ་བ། །

དབུས་སུ་སྡེ་པ་ནགས་ཀྱི་མཁན་ཆེན་མདུན། །

བསྙེན་པར་རྫོགས་ཤིང་ངུར་སྨྲིག་རྒྱལ་མཚན་འཆང་། །

མཐོང་བརྒྱུད་ལག་ལེན་སྦྱངས་པས་མཁས་པར་གྱུར། །༥༦༽ 


བསླབ་ཁྲིམས་གསེར་གྱི་རྒྱལ་མཚན་འོད་པོ་ཆེ། །

ཕྲ་རགས་ཉེས་པའི་དྲི་མ་དང་བྲལ་ཞིང་། །

མདོ་ཁམས་གནམ་ས་དམར་སེར་ཚོན་གྱིས་བསྒྱུར། །

སྟོན་པའི་བསྟན་ལ་སྟོན་པ་གཉིས་པ་ཁྱོད། །༥༧༽ 


རྫོགས་ཆེན་ཛམ་སྟོན་འགྲོ་བའི་མགོན་པོ་དང་། །

རྟ་ནག་པ་དང་བླ་མ་ཞང་འབུམ་ལས། །

སྒྱུ་འཕྲུལ་མན་ངག་ཕྲ་མོ་བཅུ་ཕྲག་དྲུག །

སྤྱི་མདོ་དགོངས་འདུས་རྡོ་རྗེ་བཀོད་པ་དང་། །༥༨༽


ཀུན་འདུས་རིག་པའི་མདོ་སོགས་རྩ་མདོ་བཞི། །

དེ་ཡི་མན་ངག་ཕྲ་མོ་དྲུག་ཅུ་དང་། །

གཞན་ཡང་སེམས་ཀློང་མན་ངག་སྡེ་གསུམ་གྱི། །

སྨིན་གྲོལ་བཤད་རྒྱུན་ལོ་བཞིའི་བར་དུ་གསན། །༥༩༽


ལྟ་བའི་གདིང་ལྡན་སྒོམ་པའི་རྩལ་ཆེན་རྫོགས། །

བླ་མ་ཛམ་སྟོན་དཔལ་ཆེན་དངོས་སུ་མཐོང་། །

ཚོགས་དབུས་སྤར་ཁབ་དམ་བཅས་གྲགས་པ་འབར། །

རྟོགས་འབུལ་བླ་མའི་ཐུགས་མཉེས་དབུགས་དབྱུང་གནང་། །༦༠༽


སྔ་འགྱུར་བསྟན་པ་དང་པོ་གཉགས་ལ་བབས། །

བར་དུ་གནུབས་དང་ཐ་མ་ཟུར་ལ་བབས། །

ཡང་ཐ་རྒྱལ་བ་ཀཿ ཐོག་པ་ལ་བབས། །

ཕ་རྗེས་བུས་ཟིན་ཀུན་མཁྱེན་ཀཿ ཐོག་པ། །༦༡༽


དགུང་གྲངས་ཉེར་དགུར་རྫོགས་ཆེན་ཛམ་སྟོན་པས། །

རྒྱལ་ཚབ་མངའ་གསོལ་དབུགས་དབྱུང་ལུང་བསྟན་ལྟར། །

པད་མས་བྱིན་རླབས་བཻ་རོའི་སྒྲུབ་གནས་མཆོག །

མདོ་ཁམས་ཀཿ ཡི་མཐིལ་དུ་ (དགུང་ལོ་༣༩) ཞབས་སོར་འཁོད། །༦༢༽ 


གཞན་སྣང་འོད་དུ་དེང་ལ་མ་དགྱེས་པར། །

བླ་མའི་བཀའ་དང་བསྟན་པ་གནས་པའི་ཆེད། །

ས་མོ་ཡོས་ལོར་རང་བྱུང་ཀཿ  མཐིལ་དུ། །

སྔ་འགྱུར་བསྟན་པའི་ཆོས་གཞི་དགོན་ཆེན་བཏབ། །༦༣༽


གནས་འདིར་སངས་རྒྱས་གཉིས་པ་ཞག་ཉེར་ལྔ། །

བཞུགས་ནས་རབ་གནས་ཐེངས་མ་བཅུ་གསུམ་དང་། །

བཻ་རོས་སྒྲུབ་ཅིང་ཉི་སེང་རྒྱ་ཆེར་འགྲེལ། །

བསྒྱུར་ཞུས་འཆད་ཉན་སྒྲུབ་གནས་འདི་རུ་མཛད། །༦༤༽ 


ཀཿ མཐིལ་གཙུག་ལག་ཁང་ཆེན་བཞེངས་པའི་ཚེ། །

མི་མིན་རྡོ་གཉན་རྨད་བུས་ཆོ་འཕྲུལ་གྱིས། །

ཉིན་བརྩིགས་མཚན་བཤིག་བར་ཆད་མཐོ་བརྩམས་ཚེ། །

དགོངས་པས་གཟིར་ནས་བཀའ་བསྒོ་དམ་ལ་བཞག །༦༥༽ 


རྡོ་གཉན་རྨད་བུ་གནས་སའི་ཕ་བོང་ཡང་། །

དུད་འགྲོ་བཞིན་དུ་སྣ་ཕུག་རི་རྐེད་ནས། །

ཁྲིད་དེ་ཕྱག་གིས་འབྲབ་ནས་ཆུ་འགྲམ་བསྐྱལ། །

དམ་ཚིག་རྡོ་རྗེའི་མནའ་ཆུ་བླུད་ནས་བཀོལ། །༦༦༽


འདི་ནི་འུད་སྒྲོགས་ཙམ་ཞིག་མ་ཡིན་པར། །

ཕ་བོང་ཆེ་ཆུང་གཡག་གཟུགས་ཙམ་གྱི་སྟེང་། །

ཨི་ཁུང་ཕུག་ཅིང་ཕྱག་ལྕག་འབྲབ་ཤུལ་རྗེས། །

ད་སྐབས་དབང་པོའི་ཡུལ་དུའང་བཀྲ་ལམ་མེར། །༦༧༽


དེ་ལྟར་རྟེན་དང་བརྟེན་པའི་གཙུག་ལག་ཁང་། །

གེགས་མེད་གྲུབ་ཅིང་སྐུ་གསུང་ཐུགས་ཀྱི་རྟེན། །

བློ་ཡུལ་ལས་འདས་སྐྱེ་དགུའི་བསོད་ནམས་རྟེན། །

ངོ་མཚར་འགྲན་བྲལ་མཆོད་སྡོང་ཆེན་མོར་གྲུབ། །༦༨༽


མདོ་ཁམས་བདག་མོའི་ཞལ་བསྟན་དབུགས་དབྱུང་ཞིང་། །

ས་ར་ཧ་དང་གྲུབ་པའི་རིག་འཛིན་བརྒྱད། །

ཞལ་གཟིགས་ཕྱུགས་རྫིའི་བྱིས་པ་བཅུ་གསུམ་འཕྲད། །

གདུལ་བྱའི་རྟེན་འབྲེལ་བཅུ་གསུམ་ཕྲག་འདི་བྱུང་། །༦༩༽


བླ་རབས་དྲུང་རབས་མཁན་རབས་རིག་པ་འཛིན། །

གསེར་རིའི་ཕྲེང་ལྟར་བར་མ་ཆད་པར་བྱོན། །

དུས་གཅིག་དགེ་འདུན་འབུམ་ཚོ་བཅོ་བརྒྱད་འདུས། །

བླ་གོས་འོད་ཀྱིས་ནམ་མཁའི་ཁ་དོག་བསྒྱུར། །༧༠༽ 


རབ་དཀར་གངས་རིས་མཛེས་པའི་ཐ་གྲུ་ཀུན། །

མདོ་སྒྱུ་སེམས་གསུམ་འཕྲིན་ལས་ཉི་མའི་འོད། །

མི་ཉམས་སྲིད་མཐར་ཁྱབ་མཛད་ཀཿ ཐོག་པ། །

འཕྲིན་ལས་ཁྱོད་དང་མཚུངས་པ་སྔར་མ་མཐོང་། །༧༡༽


བསྟན་རྩ་གཞི་གསུམ་ཕྱག་བཞེས་འདི་ནས་སྤེལ། །

བསྟན་སྙིང་མདོ་སྒྱུ་སེམས་གསུམ་འདི་ནས་དར། །

བསྟན་པ་བཤད་སྒྲུབ་ཟུང་འབྲེལ་འདི་རུ་བསྐྱངས། །

བསྟན་འཛིན་མཁས་གྲུབ་ཁྱུ་ཚོགས་འདི་ནས་རྡོལ། །༧༢༽


སྔ་འགྱུར་བཀའ་མའི་དབུགས་རྒྱུན་འདི་ནས་གསོས། །

སྙན་བརྒྱུད་མན་ངག་རྒྱ་མཚོ་འདི་ན་མཆིས། །

དྲི་མེད་ཕྱག་བཞེས་ལག་ལེན་འདི་ནས་གྱེས། །

སྔ་འགྱུར་ཆུ་འོག་འབོད་པ་དོན་དང་ལྡན། །༧༣༽


ཀུན་གསལ་ལྷ་ལམ་ངུར་སྨྲིག་ཚོན་གྱིས་བསྒྱུར། །

འཇའ་ལུས་འབུམ་གྱིས་མངོན་རྟོགས་རབ་ཏུ་ངོམ། །

འབུམ་ཕྲག་བཅོ་བརྒྱད་འདུས་པའི་བརྗེད་བྱང་བཏབ། 

།འཕྲིན་ལས་འདི་འདྲ་རྒྱ་བོད་གང་དུ་བྱུང་། །༧༤༽ 


དགུང་གྲངས་བཞི་བཅུ་ཀཿ ཐོག་རྡོ་རྗེའི་གདན། །

ཉིན་སྲིབས་གཉིས་སུ་བཤད་སྒྲུབ་སྡེ་ཆེན་བཙུགས། །

ཚད་འདུལ་བྱམས་ཆོས་ཤེར་ཕྱིན་འབུམ་པ་སོགས། །

དབྱར་དུས་མདོ་ཆོས་འཆད་ཉན་གཏན་ལ་ཕབ། །༧༥༽


དགུན་དུས་བདེ་མཆོག་དགྱེས་རྒྱུད་བཤད་པ་དང་། །

སྒྱུ་འཕྲུལ་འདུས་པ་མདོ་དང་རྫོགས་པ་ཆེ། །

རྒྱུན་མི་ཆད་པར་ཆོས་འཁོར་རྟག་བསྐོར་བས། །

གནས་མཆོག་ལའང་འོག་མིན་གཉིས་པར་གྲགས། །༧༦༽


ཁྱོད་ནི་དགོན་གནས་ཕལ་དང་མི་འདྲ་ཞིང་། །

རང་ཚུགས་རི་བོ་བཞིན་དུ་བརྟན་གྱུར་ན། །

སྔར་ཡང་སྔ་འགྱུར་གངས་ཀྱི་རི་བོའི་འདབས། །

གཡུ་རལ་ཉི་ལེར་སྡེར་བཞི་བགྲད་བཞིན་གནས། །༧༧༽ 


ད་ཡང་ད་སྲོལ་གསར་པས་མ་བསླད་དང་། །

སྔར་རྒྱུན་ལམ་སྲོལ་དར་གོས་ཟ་འོག་རིས། །

གཞོན་སྐྱེས་བྱིས་པས་རིན་ཐང་མི་ཤེས་ཀྱང་། །

ལོ་རྒྱུས་རིན་ཐང་རྡོ་རིང་ངོས་ན་གསལ། །༧༨༽


དེ་ལ་གཡོ་ཅན་ཝ་མོའི་ཁྱུ་ཚོགས་ཀྱིས། །

ཕྱོགས་དང་མཚམས་ནས་མི་སྙན་འུར་ན་ཡང་། །

གང་ལ་འཇིགས་མེད་གཅན་གཟན་རྒྱལ་པོའི་རྒྱུད། །

གཞན་རྗེས་འཚོལ་ན་ཁྲེལ་བའི་གཞི་རུ་འགྱུར། །༧༩༽


གདན་ས་འདི་མཐོང་འདི་ཐོས་མ་ལུས་པ། །

ངན་འགྲོའི་སྐྱེ་སྒོ་ཆོད་ཅེས་གླེང་བ་འདི། །

ཅོལ་ཆུང་རྟོག་གེའི་རྣ་བར་མི་འགྲོ་ཡང་། །

གནས་མཆོག་གཞན་ལས་ངོ་མཚར་ཁྱད་དུ་འཕགས། །༨༠༽


མཉམ་མེད་ཆོས་ཀྱི་རྗེ་བོ་དྭགས་པོ་པས། །

ཕྱག་ཆེན་ལྷན་ཅིག་སྐྱེས་སྦྱོར་ལ་སོགས་པའི། །

མན་ངག་གང་བཞུགས་བུམ་པ་གང་བྱོར་བསྩལ། །

སྒྲུབ་པས་བླ་སློབ་ཐུགས་དགོངས་དབྱེར་མེད་གྱུར། །༨༡༽ 


ཙཱ་རིའི་གནས་སུ་སྒྲུབ་པའི་བྱིན་རླབས་ཀྱིས། །

མ་རྒྱུད་རྡོ་རྗེ་དབྱིངས་ཀྱི་རྣལ་འབྱོར་མའི། །

དཀྱིལ་འཁོར་ཡོངས་རྫོགས་ཞལ་གཟིགས་བྱིན་རླབས་ཀྱིས། །

ཉམས་དང་རྟོགས་པའི་རྩལ་ཆེན་མེ་ལྟར་འབར། །༨༢༽


མདོ་ཁམས་སྲིད་པའི་བདག་མོ་དཔལ་ལྷ་མོ། །

ལེགས་ལྡན་ཚོགས་ཀྱི་བདག་པོ་ལ་སོགས་པ། །

བཀའ་སྲུང་དྲེགས་པའི་ཚོགས་ཀྱིས་སྲོག་སྙིང་ཕུལ། །

བསྟན་པ་སྲུང་བར་ཁང་བླངས་དམ་བཅས་སོ། །༨༣༽


ཁམས་དབུས་གཉིས་སུ་མཁས་གྲུབ་དགེ་བའི་བཤེས། །

བརྒྱ་རྩ་བརྒྱད་བསྟེན་གངས་ཅན་མཐའ་དབུས་ཀུན། །

བཞུགས་པའི་བཀའ་བསྟན་མ་ལུས་ཡོངས་སུ་རྫོགས། །

སྨིན་གྲོལ་གདམས་བཅུད་བཤད་རྒྱུན་གང་བཞུགས་གསན། །༨༤༽


གཟི་བརྗིད་སྐུ་ཡིས་ཉི་ཟླའི་འོད་མདངས་འཕྲོག །

འགག་མེད་གསུང་གིས་ཚངས་དབྱངས་ཟིལ་གྱིས་གནོན། །

འཁྲུལ་མེད་ཐུགས་ཀྱིས་གནས་ལུགས་ཇི་བཞིན་རྟོགས། །

རྒྱལ་བ་མཆོག་དང་ཞལ་མི་གཉིས་པ་ཁྱོད། །༨༥༽


བསྟན་པའི་རྒྱན་དུ་བསྟན་འཛིན་མང་བྱོན་ཡང་། །

རྒྱལ་བསྟན་ཡུན་རིང་བསྐྱངས་པའི་ཐུགས་བསྐྱེད་ལ། །

སུས་ཀྱང་འགྲན་བྲལ་ལོ་རྒྱུས་རིང་མོའི་ངོས། །

གདུགས་༵བཞིན་མངོན་པར་མཐོ་བའི་དམ་པ་ཁྱོད། ། ༨༦༽


རྣམ་པར་དཔྱོད་པའི་ཤེས་རབ་དྲི་མ་མེད། །

གཟུངས་སྤོབས་གཏེར་འཆང་ངག་གི་ལྷ་མཆོག་དངོས། །

མདོ་སྔགས་ཟུང་འབྲེལ་གསེར་༵མིག་༵གཡས་སུ་འཁྱིལ། །

ཤེས་རབ་སེང་གེ་གསེར་གཤོག་ཅན་དེ་ཁྱོད། །༨༧༽


གངས་ལྗོངས་བཀའ་བབས་ཤིང་རྟ་རྣམ་བརྒྱད་ཀྱི། །

གདམས་པའི་ཆུ་བོ་མ་འདྲེས་ཡོངས་སུ་རྫོགས། །

ཁྱོད་ཐུགས་མི་ཤིགས་བུམ་༵པའི་༵བཅུད་དུ་འཁྱིལ། །

མན་ངག་རྒྱ་མཚོའི་འབྱུང་གནས་རིན་པོ་ཆེ། །༨༨༽ 


རང་རྒྱུད་བསླབ་ཁྲིམས་གཙང་མས་རྒྱུད་བསྡམས་ཤིང་། །

ཚུལ་ཁྲིམས་རྣམ་དག་པད་༵མའི་༵སྦུབས་ལས་གཙང་། །

ཉེས་པའི་དྲི་བྲལ་པད་མའི་འདབ་ལས་མཛེས། །

སྤྱོད་པ་ཞིབ་ཅིང་ཁྲིམས་ཀྱིས་མཛེས་པ་ཁྱོད། །༨༩༽ 


བཀའ་བསྟན་མདོ་རྒྱུད་དགོངས་འགྲེལ་ལ་སོགས་པ། །

ཤེས་རབ་ཟབ་མོ་ཇི་བཞིན་ཁོང་ཆུད་དེ། །

མཁས་པའི་བྱ་བ་རྣམ་གསུམ་གཡས་༵འཁྱིལ་༵དུང་༵། །

སྙན་དང་གྲགས་པས་ས་ཆེན་ཁྱོད་ཀྱིས་བཅིངས། །༩༠༽


སྐུ་ལ་རྣམ་གསུམ་ངུར་སྨྲིག་གོས་ཀྱིས་མཛེས། །

ངག་ལ་དབང་འབྱོར་སྡེ་སྣོད་རྒྱ་མཚོས་བརྒྱན། །

ཐུགས་ལ་མཁྱེན་བརྩེ་ནུས་པའི་དཔལ་མངའ་བ། །

གསང་གསུམ་དཔལ་༵བེའུའི༵་རི་མོ་ཁྱོད་ལ་བཀྲ། །༩༡༽


མདོ་སྔགས་ཟུང་འབྲེལ་བསྟན་པ་རིན་པོ་ཆེ། །

མི་ནུབ་བཤད་དང་སྒྲུབ་པའི་རྒྱལ་༵མཚན་༵རྩེར། །

ཁྱད་པར་མདོ་སྒྱུ་སེམས་གསུམ་ནོར་བུའི་ཏོག །

མ་ཉམས་གངས་རིའི་དབུ་རྩེ་ཁྱོད་ཀྱིས་བསྒྲེངས། །༩༢༽


རིམ་དགུ་ཐེག་པའི་གསང་མཛོད་རིན་པོ་ཆེ། །

ཇི་སྲིད་གདུལ་བྱའི་འཁྲུལ་རྟོག་མ་ཞིག་བར། །

དེ་སྲིད་ཐེག་དགུའི་གསང་མཛོད་རིན་པོ་ཆེ། །

ཉམས་མེད་ཆོས་༵འཁོར་༵འདི་ཡང་ཁྱོད་ཀྱིས་བྱས། །༩༣༽ 


དུས་གསུམ་མཁྱེན་པའི་དྲུང་ནས་བདེ་མཆོག་དང་། །

ཕྱག་ཆེན་ན་རོ་ཆོས་དྲུག་ལ་སོགས་གསན། །

ཉམས་རྟོགས་བསྡུར་བས་དགོངས་པ་ཐ་མི་དད། །

ཐུགས་སྲས་སློབ་མའི་ཐུ་བོར་ཁྱོད་ཉིད་བསྔགས། །༩༤༽ 


བླུན་པོའི་ཐོད་ལ་མཁས་པའི་མིང་བྱང་བཏགས། །

བྱིས་པའི་ལུས་ལ་དར་གོས་དགུ་བརྩེགས་གཡོགས། །

ཆོས་ངོ་མི་ཤེས་ཆོས་རྗེའི་མཚན་བྱང་གསོལ། །

ནག་ནོག་དྲི་མའི་སྲོལ་འདི་ཁྱོད་དུས་མེད། །༩༥༽ 


སྤྱིར་ན་དམ་པ་ཁྱོད་ཉིད་བྱོན་པའི་དུས། །

རྒྱལ་བསྟན་དབུ་འཕང་དེ་ཙམ་མཐོ་མིན་ཡང་། །

དུས་ཚོད་འདི་ལ་གཞལ་ན་སྐབས་དེ་དུས། །

རྫོགས་ལྡན་དུས་བཟང་ཡིན་པའི་ངེས་ཤེས་རྙེད། །༩༦༽


དགུང་གྲངས་སོ་གསུམ་མི་ཉག་འཇང་དང་གླིང་། །

ཞབས་སོར་བཀོད་ནས་ཆེ་དགུས་གཙུག་ཏུ་བཀུར། །

ཐུན་མོངས་ཐུན་མིན་ཟབ་ཆོས་དཔག་མེད་གནང་། །

རབ་བྱུང་སྒྲུབ་ནས་བསྟན་པའི་མེ་རོ་གསོས། །༩༧ 


ཐུན་མིན་བླ་མ་ཛམ་སྟོན་བཀའ་ལུང་ལྟར། །

ཀཿ མཐིལ་བཻ་རོའི་ཕུག་ཏུ་སྒྲུབ་པར་བཞུགས། །

ཐུགས་ཆེན་གུ་རུ་པད་མའི་ཞལ་གཟིགས་ཤིང་། །

སྒྲུབ་པའི་འབྲས་རྟགས་ངོ་མཚར་བསམ་ལས་འདས། །༩༨༽


ཚེ་སྒྲུབ་མཛད་པས་ཚེ་ལྷའི་ཞལ་གཟིགས་ཤིང་། །

སྔར་མེད་གློ་བུར་འཆི་མེད་ཚེ་ཆུ་བརྡོལ། །

སྐུ་གསུང་ཐུགས་ཀྱི་མཛད་པ་རེ་རེ་ཡིས། །

ཡུལ་མི་ངོ་མཚར་དད་པའི་གནས་སུ་བཀོད། །༩༩༽


རྒྱལ་བ་ཤཱཀ་ཐུབ་ཞལ་གཟིགས་དེའི་གསུང་ལ། །

གཡོ་མེད་ཉིན་མཚན་བཞི་ལ་ཏིང་ངེ་འཛིན། །

དགོངས་པ་འབྱམས་ཀླས་དེ་ཡི་ངང་དུ་བཞུགས། །

འདི་ལྟར་ཐུན་མིན་རྣམ་ཐར་བརྗོད་ལས་འདས། །༡༠༠༽


རི་རྩིབས་ཆོས་འཁོར་གླིང་དུ་འཇམ་དཔལ་ཟུང་། །

བགྲོ་བ་གཟིགས་པས་མ་འོངས་གདན་ས་འདིར། །

རིགས་གསུམ་སེམས་དཔའི་རྣམ་འཕྲུལ་མཁས་པའི་དབང་། །

སྤྲུལ་པ་ཡང་ཡང་གནས་འདིར་འབྱོན་པར་གསུངས། །༡༠༡༽ 


དགུང་གྲངས་ཞེ་གསུམ་རྒྱུད་རྒྱལ་ཨ་ནུའི་སྡེ། །

དབང་གི་ཆུ་བོ་ཆེན་པོ་ཟླ་བ་བདུན། །

གནང་རྗེས་ཀུན་འདུས་མདོ་དང་མདོ་དགོངས་འདུས། །

བཤད་པ་མཛད་ནས་འདུས་མདོའི་འགྲེལ་ཆེན་བརྩམས། །༡༠༢༽


གྲུབ་ཐོབ་རིག་འཛིན་རྒྱ་མཚོའི་ཚོགས་གྲལ་བསྙེགས། །

བྱེའུའི་རོ་ལ་གྲོང་འཇུག་མཛད་པ་དང་། །

སྡིག་ཅན་གནས་སྤར་ངན་འགྲོའི་སྐྱེ་སྒོ་གཅོད། །

མཐོང་ཐོས་དྲན་རེག་འབྲེལ་ཚད་དོན་ལྡན་པ། །༡༠༣༽


དགུང་གྲངས་ཞེ་ལྔར་དགྱེས་རྡོར་ཕུར་པ་སོགས། །

དཀྱིལ་འཁོར་ཞལ་ཕྱེས་ངོ་མཚར་སྣང་བས་ཁྱབ། །

ཞི་ཁྲོ་ཕུར་གསུམ་སྒྱུ་འཕྲུལ་སྡེ་བརྒྱད་ཀྱི། །

རྒྱུད་བཤད་སྨིན་དབང་གདམས་ཁྲིད་ཟླ་བརྒྱད་གསུངས། །༡༠༤༽


རྒྱུད་སྡེ་རྒྱ་མཚོའི་ཟབ་གནད་བཅུད་འདུས་པའི། །

གསང་བདག་སྙིང་གི་ཊཱི་ཀ་བརྩམས་པའི་སྐབས། །

ཐུགས་སྲས་བླ་མ་འབུམ་རྟེན་འོད་ལུས་དེངས། །

ཉམས་རྟོགས་རྩལ་རྒྱས་རྡོ་རྗེའི་མགུར་གླུ་འཐེན། །༡༠༥༽


མཚོ་རྒྱལ་མདུན་སར་ཚོགས་ཀྱི་འཁོར་ལོར་ཕེབས། །

པད་མའི་མདུན་ནས་དངོས་སུ་གདམས་པ་གསན། །

གྲུབ་བརྒྱའི་གཙུག་རྒྱན་གྲུབ་ཐོབ་ས་ར་ཧས། །

བརྡ་དོན་མཛད་པའི་སྒྲོ་འདོགས་ནང་ནས་ཆོད། །༡༠༦༽ 


ཨིནྡྲ་བོ་དྷིར་གྲུབ་ཐོབ་བརྒྱད་ཅུས་བསྐོར། །

མི་དང་མི་བཞིན་འཕྲད་དེ་དེའི་མདུན་ནས། །

ཟབ་རྒྱས་གདམས་པའི་མན་ངག་བདུད་རྩིའི་བཅུད། །

ནོས་ཤིང་གྲུབ་པའི་མཛད་རྣམ་བསམ་མི་ཁྱབ། །༡༠༧༽


དགུང་གྲངས་ཞེ་དགུ་མདོ་སྒྱུ་སེམས་གསུམ་སོགས། །

ཟབ་རྒྱས་མདོ་སྔགས་ཆོས་ཀྱི་འཁོར་ལོ་བསྐོར། །

མདོ་དབུས་ཁམས་གསུམ་འདུས་པ་ཁྲི་ཁྲག་བརྒྱད། །

ལྷན་འདུས་བསྟན་པའི་སྙིང་པོ་གསལ་བར་བྱས། །༡༠༨༽ 


བསྟན་པའི་རྩ་བ་གཞི་གསུམ་ཕྱག་ལེན་གྱི། །

མཁན་པོ་མཛད་དེ་དབྱར་གནས་བཞུགས་པའི་ཚེ། །

ཚུལ་ཤིང་བཞེས་མཁན་འདུས་པ་སྟོང་ཚོ་བརྒྱད། །

འདི་འདྲའི་ལོ་རྒྱུས་བོད་ཡུལ་གང་དུ་མཆིས། །༡༠༩༽


དབྱར་ཟླ་གསུམ་དུ་འདུལ་བ་སུམ་བརྒྱ་པ། །

ལུང་སྦྱར་མངོན་པ་གོང་འོག་མདོ་རྒྱན་སྦྱར། །

ཤེར་ཕྱིན་བརྒྱད་སྟོང་འཆད་ཁྲིད་ཟབ་རྒྱས་གནང་། །

མངོན་དགའ་བདེ་ཆེན་ཞིང་གི་བཀོད་པ་གཟིགས། །༡༡༠༽


སྐྱ་སེར་ཁྲི་ཕྲག་དགུ་ལྷག་ལྷན་འདུས་དབུས། །

བྱང་ཆུབ་སེམས་སྡོམ་ལན་གྲངས་སུམ་ཅུ་གནང་། །

གནམ་སའི་བར་དུ་དགེ་ལྟས་བསམ་མི་ཁྱབ། །

ཕྱིས་འབྱུང་བསྟན་པ་དར་བའང་ལུང་གིས་བསྔགས། །༡༡༢༽ 


སྐབས་དེར་སློབ་མའི་གཙོ་བོ་གཙང་སྟོན་པ། །

རྒྱལ་ཚབ་མངའ་གསོལ་ས་བརྒྱད་མངོན་རྟོགས་བརྙེས། །

འདུས་མདོའི་ལོ་སྒྲུབ་ཆེན་མོ་ལྷན་དུ་འཚོགས། །

ངོ་མཚར་འཇའ་འོད་འཁྱུག་ཅིང་མེ་ཏོག་བབས། །༡༡༣༽ 


སྒྱུ་འཕྲུལ་སྡེ་བརྒྱད་རྫོགས་ཆེན་སེམས་སྡེའི་རྒྱུད། །

བཤད་རྒྱུན་གདམས་ཁྲིད་མན་ངག་སྦུབས་མཆུར་གནང་། །

དད་ལྡན་སྐལ་བཟང་སློབ་མའི་ཚོགས་རྣམས་ལ། །

ཉིན་བཞིན་ཆོས་ཐུན་བཅུ་གསུམ་ཆད་མེད་གསུངས། །༡༡༤༽


 འཕགས་པའི་གནས་བརྟན་བྷ་ར་དྷ་ཛ་དང་། །

དངོས་སུ་དམ་ཆོས་བགྲོ་བ་བགྲོ་གླེང་མཛད། །

དགུང་གྲངས་རེ་ལྔར་ཀཿ ཐོག་ལྷོ་ཕྱོགས་ཚལ། །

དཔལ་ཆེན་ཧེ་རུ་ཀ་ཡི་ལོ་སྒྲུབ་མཛད། །༡༡༥༽ 


ཐུན་མིན་སྐལ་ལྡན་སློབ་མའི་ཚོགས་རྣམས་ལ། །

མན་ངག་ཟབ་གསང་རྡོ་རྗེ་ཐེག་པ་ཡི། །

རྣ་བརྒྱུད་རྡོ་རྗེ་ཟམ་པའི་སྙན་བརྒྱུད་དང་། །

ཀློང་གསལ་རྒྱལ་པོའི་རྒྱུད་རྣམས་འཆད་ཁྲིད་གནང་། །༡༡༦༽


གཙང་སྟོན་ཆེན་པོས་གསོལ་བ་བཏབ་པ་ལྟར། །

མཁའ་འགྲོས་བསུ་མ་བྱུང་བ་ཕྱིར་བསྙིལ་ཞིང་། །

འཆི་བདག་བདུད་བཅོམ་ཚུལ་འཆལ་ཕྲག་དྲུག་ཅུ། །

གཎྜིའི་སྒྲ་བཅས་ཆོས་བཞིན་གནས་དབྱུང་བཏང་། །༡༡༧༽


རེ་དྲུག་ནས་བཟུང་དགུང་གྲངས་རེ་དགུའི་བར། །

སྒྱུ་འཕྲུལ་ཕྱག་རྒྱ་ཆེ་དང་འདུས་པ་མདོ། །

མན་ངག་རྫོགས་པ་ཆེན་པོ་རྩལ་སྟོན་གནང་། །

སྣང་བཞི་མཐར་ཕྱིན་རང་གཞན་དོན་གཉིས་འགྲུབ། །༡༢༨༽


གདོས་བཅས་ར་བ་རུ་མའི་རྩིག་པ་ལས། །

ཕན་ཚུན་འགོག་མེད་ཟང་ཐལ་ཕྱག་ཕེབས་ཤིང་། །

དགུང་གྲངས་བདུན་ཅུར་འདུས་ཚོགས་ཁྲི་བརྒྱད་ལ། །

སེམས་བསྐྱེད་དབང་བསྐུར་ཞལ་ཆབ་གདམས་པར་མཛད། །༡༡༩༽ 


འཆད་རྩོད་མ་ངེས་མི་འཁྲུལ་རྩོམ་པ་མཆོག །

བསྟན་རྒྱུན་ལ་དམིགས་མདོ་རྒྱུད་དགོངས་པ་འགྲེལ། །

ཤིང་རྟ་ཆེན་པོའི་གསུང་དང་གཉིས་སུ་མེད། །

གླེགས་བམ་བཅུ་དགུ་བསྟན་པའི་རྒྱན་ལ་བཞག །༡༢༠༽


གནས་ལུགས་རྟོགས་ཤིང་ཚུལ་དགུའི་དཔལ་གྱིས་ཕྱུག །

སྒྲུབ་བརྒྱུད་བསྟན་པ་ཡོངས་ཀྱི་བདག་པོར་གྱུར། །

མཛད་འཕྲིན་ངོ་མཚར་བསམ་གྱིས་མི་ཁྱབ་ཀྱང་། །

འཕྲིན་ལས་གཙོ་བོ་འཆད་རྩོམ་གཉིས་ལ་མཛད། །༡༢༡༽


རྗེས་འཇུག་སྐལ་བཟང་སློབ་མའི་ཚོགས་རྣམས་ཀྱིས། །

དམ་པ་མཆོག་གི་རྣམ་པར་ཐར་པ་འདི། །

ཐུགས་དམ་ཉམས་ལེན་སྙིང་པོར་དྲིལ་འདོད་ན། །

ཕ་རྗེས་བུ་འཇུག་མཛད་འཕྲིན་སྐྱོངས་འཚལ་ལོ། །༡༢༢༽


དགུང་གྲངས་བདུན་ཅུར་ཟླ་བ་གཅིག་གི་རིང་། །

འདུས་ཚོགས་ཁྲི་ཁྲག་བདུན་ལས་བརྒལ་བ་ལ། །

སེམས་བསྐྱེད་དབང་བསྐུར་ཞལ་གདམས་སེམས་ཁྲིད་བསྩལ། །༡༢༣༽ 


ད་ནི་དངོས་དོན་ཟིན་གྱིས་བདེ་ཆེན་ཞིང་། །

འོད་སྣང་མཐའ་ཡས་རྒྱལ་བའི་ཞིང་དུ་འགྲོ། །

གྲོགས་དག་ཟབ་མོ་རྫོགས་པ་ཆེན་པོའི་ལམ། །

འདི་ལ་རུས་གཏིང་སྙིང་གི་བུར་གྱིས་ཤིག །༡༢༤༽ 


ཞེས་སོགས་གདམས་ཁྲིད་སྨོན་པ་བཅས་གནང་སྟེ། །

དཔལ་ཆེན་ཆེ་མཆོག་བླ་མ་ཛམ་སྟོན་པ། །

དཔའ་བོ་མཁའ་འགྲོའི་འཁོར་ཚོགས་དུ་མ་བཅས། །

ཁོ་བོ་བསུ་ལ་འོང་བར་གདའ་གསུངས་ནས། །༡༢༥༽ 


ས་ག་ཟླ་བའི་ཚེས་པ་བཅོ་ལྔའི་ཉིན། །

རྩ་ར་ཀུན་དགའ་ཆོས་ཀྱི་ར་བའི་ནང་། །

རྩ་གསུམ་འཁོར་ལོ་ཚོགས་ཀྱིས་མཉེས་མཛད་ནས། །

ནུབ་ཏུ་ཞལ་གཟིགས་སྣང་མཐའི་ཐུགས་ཀློང་བསྡུས། །༡༢༦༽  


ནུབ་ཀྱི་ཕྱོགས་ནས་འཇའ་འོད་སྣ་ལྔ་ཞིག །

བླ་མའི་མདུན་ཟུག་མེ་ཏོག་ཆར་པ་བབས། །

ནམ་མཁའ་དྭངས་ཤིང་ས་ཆེན་འགུལ་བ་སོགས། །

རྒྱུད་ནས་བཤད་པའི་རྟགས་ཚད་ཡོངས་སུ་རྫོགས། །༡༢༧༽


སྐལ་ལྡན་དད་པའི་རྟེན་དུ་གདུང་སྐལ་བཞག །

གདུང་རུས་རིན་ཆེན་སྣ་ལྔ་ལས་གྲུབ་ཅིང་། །

དབུ་ཐོད་སོགས་ལས་ངོ་མཚར་རང་བྱུང་སྐུ། །

ཞི་དང་ཁྲོ་བོའི་ལྷ་ཚོགས་དཔག་མེད་འཁྲུངས། །༡༢༨༽


ཁ་བ་ཅན་དུ་ཆོས་རྗེ་ཀཿ ཐོག་པ། །

བདེ་བ་ཅན་དུ་བློ་གྲོས་སྙིང་པོར་གྲགས། །

མ་འོངས་བདེ་གཤེགས་ཚེ་དཔག་མེད་པ་ཞེས། །

ལུང་བསྟན་ཐོབ་པ་ཁྱེད་ལ་གསོལ་བ་འདེབས། །༡༢༩༽ 


འདིས་མཚོན་དུས་གསུམ་རྣམ་དཀར་དགེ་བ་ཡིས། །

ཚེ་ཆོས་མཐར་ཕྱིན་བསྟན་འགྲོའི་དོན་ཆེན་འགྲུབ། །

འཆི་མ་ཐག་ཏུ་འོད་སྣང་རྒྱལ་བའི་ཞིང་། །

འགྲོ་བ་འདྲེན་པ་དེ་དྲུང་སྐྱེ་བར་ཤོག །༡༣༠༽


མ་འོངས་སྐར་མ་བཀྲམ་པའི་ཞིང་ཁམས་སུ། །

བདེ་གཤེགས་འགྲོ་བ་འདྲེན་པ་ཚེ་དཔག་མེད། །

དེ་ཡི་རྒྱལ་ཚབ་སྲས་ཀྱི་ཐུ་བོ་རུ། །

གྱུར་ཏེ་མཐའ་ཡས་འགྲོ་འདྲེན་སངས་རྒྱས་ཤོག །༡༣༡༽


སྤངས་རྟོགས་མཐར་ཕྱིན་རྒྱལ་བ་རྫོགས་སངས་རྒྱས། །

ཉོན་མོངས་ཉེས་པའི་དྲི་བྲལ་དམ་པའི་ཆོས། །

ཚོགས་ཀྱི་ཞིང་མཆོག་འདྲེན་པ་དགེ་འདུན་ཏེ། །

བླ་མེད་དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག །༡༣༢༽


    ཅེས་ཤར་ཀཿ ཐོག་པའི་ཆོས་རྗེ་དམ་པ་བདེ་བར་གཤེགས་པ་སྐུ་འཁྲུངས་ནས་ལོ་དགུ་བརྒྱ་(༩༠༠)འཁོར་བའི་རྣམ་ཐར་རྗེས་དྲན་གྱི་ཆེད་རྩོམ་ཚིགས་སུ་བཅད་པ་བརྒྱ་ཕྲག་གཅིག་དང་བཅུ་ཕྲག་གསུམ་དང་གཉིས་ཀྱིས་ལམ་ནས་བྲིས་པ་འདི་ཉིད། མདོ་སྟོད་གོ་འཇོའི་ཡུལ་རྒྱལ་སྲས་རིགས་གསུམ་སེམས་དཔའི་གསུང་ངོ་མཚར་རང་བྱུང་མཐོང་གྲོལ་ཆེན་མོ་ལྷམ་མེ་ལྷན་ནེ་ལྷང་ངེར་བྱིན་རླབས་ཀྱི་གཟི་འོད་འབར་ཞིང་བཞུགས་པ་སྔོན་དུས་སྲིད་པ་ཕྱྭ་ཡི་ཡུལ་དུ་གྲགས་པའི་ཡུལ་གྱི་ཟོ་དོར་གཉན་པོ་ཀླུ་རྒྱལ་མི་མགོན་དཀར་པོས་བདག་ཏུ་བཟུང་བའི་ཡུལ། མཚམས་གཞུང་རྒྱ་མཚོའི་ལྟེ་བ་མཚོ་དང་མཚེའུ་བརྒྱ་ཕྲག་དུ་མས་ཡོངས་སུ་བསྐོར་ཞིང་མཛེས་པའི་ཡུལ་ལྗོངས་མིག་སྨན་ཐིག་ལེའི་ལྡིང་ཁང་། སྟག་དགོན་འོད་གསལ་ཐེག་མཆོག་ཆོས་འཁོར་གླིང་རྒྱུད་སྡེ་བཤད་སྒྲུབ་འཆི་མེད་པད་མ་འོད་གླིང་རིགས་གསུམ་སེམས་དཔའ་དགྱེས་པའི་དགའ་ཚལ་དུ། མདོ་སྔགས་གཉིས་ཀྱི་ཆོས་སྒྲ་ཅུང་ཟད་སྒྲོགས་པའི་རི་སུལ་ག་ལ་བ་དེར། ཤར་ཀཿ ཐོག་པའི་རིག་འཛིན་བརྒྱུད་པའི་སློབ་བུ་དངོས་མ་སྙིགས་དུས་ཆོས་སྨྲ་བའི་གཟུགས་བརྙན་ཙམ་འཆང་བའི་བཙུན་གཟུགས་ཐུབ་བསྟན་ལུང་རྟོགས་ཡེ་ཤེས་རྒྱལ་མཚན་དཔལ་བཟང་པོའམ་"ཀུན་བཟང་ཕྱོགས་ལས་རྣམ་རྒྱལ་"དུ་འབོད་པའི་འདུ་གསུམ་པ་གང་དེས། ཀཿ དམ་པ་རིན་པོ་ཆེའི་ཕྱག་བཞེས་དྲི་མེད་འདུལ་བ་གཞི་གསུམ་གྱི་ལག་ལེན་ཇི་བཞིན་བགྱིས་པའི་སྐབས། རབ་རྒྱན་ཆུ་ཡོའི་ལོའི་བོད་ཟླ་༧ ཚེས་༨ ཉིན་དབྱར་ཕྱེད་སོང་མཚམས་བཀྲ་ཤིས་པའི་གསོ་སྦྱོང་གི་ཉིན་མོ་དབུ་བཙུགས་ཏེ་ཉིན་བརྒྱད་ཀྱི་རིང་དབྱར་གནས་ཀྱི་བར་མཚམས་རྣམས་སུ་བྲིས་པས་དམ་པ་མཆོག་གི་དོན་རྒྱུད་དགོངས་པའི་བྱིན་རླབས་བདག་ལ་འཕོས་ཏེ་རྟེན་འདིར་འབད་མེད་བསྟན་འགྲོའི་དོན་ཆེན་ཡོངས་སུ་འགྲུབ་པའི་རྒྱུ་རུ་གྱུར་ཅིག། །། སརྦ་མངྒ་ལམ།


贡法衣藏文平台
མེས་པོའི་ཟུང་ཁྲག་ནས་བཞུར་བའི་བོད་ཕ་སྐད་མ་ཡིག་ཁྲི་ལོ་ནས་ཁྲི་ལོར་བརྟན་པར་ཤོག །
 最新文章