དེང་རབས་ཀྱི་རྟོག་སད་པ་འགའ་ཡིས་ནང་ཆོས་ལ་བཏོན་པའི་དྲི་བ་བཅུ་ཡི་དྲིས་ལན་མདོར་བསྡུས་
གསལ་བྱེད་ཟླ་བའི་འོད་སྣང་ཞེས་བྱ་བ་བཞུགས།
ན་མོ་གུ་རུ་ཤཱཀྱ་མུ་ན་ཡེ།
དེ་ལ་དེང་རབས་འདིའི་ནང་དུ་ནང་ཆོས་ལ་དོགས་སློང་བྱེད་མཁན་ཁ་ཤས་མཐོང་ཡང་སྔ་ཕྱི་རྣམས་གནད་བསྡུས་ན་འདི་བཅུའི་ནང་དུ་མ་འདུས་པའི་དྲི་བ་གཞན་གང་ཡང་མཐོང་ཐོས་མ་བྱུང་ལ། དེ་རྣམས་ལ་མཁས་པ་རྣམས་ཀྱིས་སྔར་ནས་ལན་རྒྱས་པ་བཏབ་ཟིན་ཀྱང་སྐབས་འདིར་ལས་དང་པོ་པ་རྣམས་ཀྱིས་ཀྱང་གོ་བདེ་བའི་ལན་མདོར་བསྡུས་ཤིག་ཞུ་ན།
༡༽ ནང་པ་སངས་རྒྱས་པའི་ཆོས་དང་ལྷ་སྒྲུང་གཉིས་ལ་ཁྱད་པར་ཇི་ལྟར་ཡོད།
ལན། ནང་པ་སངས་རྒྱས་པའི་སྟོན་པ་སངས་རྒྱས་དང་དེའི་རྗེས་འཇུག་འཕགས་པའི་གང་ཟག་རྣམས་ནི་དངོས་བྱུང་གི་མི་ཁོ་ན་ཡིན། དེ་བཞིན་དུ་སྟོན་པའི་ཞལ་ནས་གསུང་པའི་དམ་པའི་ཆོས་ཀྱི་བརྗོད་བྱ་ནི་དངོས་ཡོད་འཚོ་བའི་ནང་གི་དངོས་པོ་རྣམས་ཀྱི་སྣང་ཚུལ་དང་གནས་ཚུལ་ཇི་ལྟ་བཞིན་བརྗོད་པ་ཁོ་ན་ཡིན། མདོར་ན་དངོས་པོ་རྣམས་ལ་སྣང་ཚུལ་དང་གནས་ཚུལ་གཉིས་ཡོད་པར་ཤེས་དགོས། དེ་བཞིན་དུ་སངས་རྒྱས་ཀྱི་གསུང་ལའང་སྣང་ཚུལ་ཀུན་རྫོབ་བདེན་པ་དང་། གནས་ཚུལ་དོན་དམ་བདེན་པ་སྟེ་བདེན་པ་གཉིས་ཀྱི་ཡིན་ལུགས་ཇི་ལྟར་བ་བཞིན་བཤད་ཡོད། ལྷ་སྒྲུང་ནི་དེ་ལས་ལྡོག་སྟེ་རྟོག་བཏགས་ཁོ་ན་ཡིན།
༢༽ ཚེ་སྔ་ཕྱི་དང་ལས་རྒྱུ་འབྲས་ཡོད་པར་ཇི་ལྟར་ཤེས་པ་ཡིན།
ལན། སྤྱིར་རྒྱལ་བའི་ལུང་ཚད་མ་དང་དམ་པ་གོང་མ་རྣམས་ཀྱི་ཡང་སྤྲུལ་ངོས་འཛིན་མཛད་སྐབས་སྔོན་གནས་རྗེས་སུ་དྲན་ཚུལ་སོགས་སྒྲུབ་བྱེད་མང་དུ་ཡོད་ཀྱང་རེ་ཞིག་གོ་བདེ་བའི་དབང་དུ་བྱས་ན་ཚེ་སྔ་ཕྱི་ཡོད་པ་ནི། ད་ལྟ་དངོས་སུ་བདེན་པ་ར་སྤྲོད་ཐུབ་པའི་སྐྱེ་བ་སྔ་མ་དྲན་མཁན་དུ་མ་ཡོད་པ་དང་། བྱེད་པ་རྒྱུ་མཐུན་གྱིས་མི་རྣམས་མོས་པ་མི་འདྲ་བ་དང་། མྱོང་བ་རྒྱུན་མཐུན་གྱིས་ལུས་རྟེན་བཟང་ངན་དང་ཚོར་བ་བདེ་སྡུག་སོགས་མི་འདྲ་བ་སྣ་ཚོགས་ཡོད་པར་སོགས་ཀྱིས་ཀྱང་ཤེས་ནུས། ལས་རྒྱུ་འབྲས་ཡོད་པ་ནི། ད་ལྟ་དངོས་སུ་མཐོང་བའི་ལུས་རྟེན་བཟང་ངན་དང་ཚོར་བ་བདེ་སྡུག་སོགས་ནི་རང་རང་གི་ལས་ལས་བྱུང་བ་མ་གཏོགས་འགྲོ་ས་གཞན་མེད་པ་ཡིན། དེ་ཡང་རྒྱུ་འབྲས་གཉིས་ནི། རྒྱུ་མ་འགག་ན་འབྲས་བུ་མི་སྐྱེ་བས་རྟག་པ་མིན། རྒྱུ་སྔོན་དུ་མ་སོང་ན་འབྲས་བུ་མི་འབྱུང་བས་ཆད་པ་མིན། རྒྱུ་འབྲས་བུ་ལ་གོ་འཕོ་བ་མིན། རྒྱུ་ཆུང་ངུ་ལས་འབྲས་བུ་ཆེན་པོ་འབྱུང་བ་དང་། འབྲས་བུ་རྒྱུ་དང་རིགས་འདྲ་འབྱུང་བ་བཅས་རྒྱུ་འབྲས་ཀྱི་ཆོས་ཉིད་ལྔ་ནི་ཕྱི་ནང་གི་རྒྱུ་འབྲས་ཐམས་ཅད་ལ་འདྲ་བ་ཡིན། དེས་ན་ཕྱི་ཡི་རྒྱུ་འབྲས་འབྱུང་ཚུལ་ལ་བརྟེན་ནས་ནང་དགེ་སྡིག་གི་རྒྱུ་འབྲས་ཀྱང་དེ་ལྟར་རྗེས་སུ་དཔོག་ནུས་པ་ཡིན། གལ་ཏེ་ཚེ་སྔ་ཕྱི་དང་ལས་རྒྱུ་འབྲས་ཁས་མ་བླངས་ན་ཕྱི་ནང་སྣོད་བཅུད་ཀྱི་དངོས་པོ་རྣམས་རྒྱུ་མེད་ངོ་བོ་ཉིད་ལས་བྱུང་བའམ། ཡང་ན་འཇིག་རྟེན་བྱེད་པ་པོ་ལྷ་སོགས་རྒྱུ་གཞན་ཞིག་ཁས་མ་ལེན་ཐབས་མེད་པ་ཡིན་པས་དེ་གཉིས་ཇི་ལྟར་སྒྲུབ་སོམས་ཤིག།
༣༽ ཚེ་སྔ་ཕྱི་དང་ལས་རྒྱུ་འབྲས་ཡོད་ཀྱང་མི་དང་དུད་འགྲོ་གཉིས་མ་གཏོགས་གཞན་ཡོད་པར་ཇི་ལྟར་ཤེས་པ་ཡིན།
ལན། དེ་ནི་སྤྱིར་སྟོན་པ་སངས་རྒྱས་ཀྱི་རྣམ་པ་ཐམས་ཅད་མཁྱེན་པའི་ཡེ་ཤེས་ཀྱིས་གཟིགས་ནས་ནས་གསུངས་པའི་ལུང་ཚད་མ་དང་། འཕགས་བོད་གཉིས་ན་ཚད་ལྡན་གྱི་སྐྱེས་བུ་དམ་པ་རྣམས་དམྱལ་ནང་ཕེབས་ཚུལ་སོགས་མང་དུ་ཡོད་པ་ཡིན། ད་ལྟ་མི་ཡུལ་ཁམས་ན་ལུས་རྟེན་བཟང་ངན་དང་ཚོར་བ་བདེ་སྡུག་སྣ་ཚོགས་ཡོད་པ་བཞིན་དུ་ལས་ཀྱིས་དབང་གིས་འགྲོ་བ་གཞན་ཡང་ཡོད་པར་སྒྲུབ་ནུས་པ་ཡིན། གཞན་ཡང་དཔེར་ན་དམྱལ་བའི་བྱེ་བྲག་སྦལ་པ་རྡོ་ཟས་ལྟ་བུ་ཉི་ཚེ་བའི་དམྱལ་བ་མངོན་སུམ་མཐོང་རྒྱུ་ཡོད་པ་དང་། ཡི་དྭགས་ཀྱི་བྱེ་བྲག་མཁའ་ལ་རྒྱུ་བའི་འབྱུང་པོའི་རིགས་མི་རྣམས་ཀྱིས་མངོན་སུམ་དུ་མཐོང་བ་དང་ཐོས་པ་སོགས་མང་དུ་བཤད་རྒྱུ་ཡོད་པ་ཡིན། དེས་མཚོན་ནས་ད་ལྟ་རང་ཅག་གི་མཐོང་བ་ཁོ་ན་མ་ཡིན་པར་འགྲོ་བ་རིགས་གཞན་ཡང་ཡོད་པར་ཤེས་དགོས། གལ་ཏེ་མེད་ན་དེ་རྣམས་ལ་འགྲེལ་བཤད་ཇི་ལྟར་དགོས་སོམས་ཤིག།
༤༽ ནང་ཆོས་ཀྱིས་ཚེ་ཕྱི་མ་མ་གཏོགས་ཚེ་འདི་ལ་ཕན་པ་ཇི་ལྟར་ཡོད།
ལན། སྤྱིར་དམ་པའི་ཆོས་སྒྲུབ་ན་ཚེ་ཕྱི་མ་ཕན་པ་སྨྲོས་མ་དགོས་ལ། ཚེ་འདི་ལའང་འཇིག་རྟེན་ལུགས་ཀྱི་བསྟན་བཅོས་དང་མངོན་མཐོ་ལྷ་མིན་གྱི་ཐེག་པ་སོགས་ཚེ་འདི་དང་འཁོར་བའི་བདེ་བ་སྒྲུབ་ཚུལ་ཀྱང་མང་དུ་གསུངས་ཡོད། གཞན་ཡང་འགྲོ་བ་མིའི་རིགས་སྤྱི་ལ་ཕན་པའི་ལས་མི་དགེ་བ་བཅུ་སྤངས་ནས་ལས་འབྲས་སྲུང་ཚུལ་དང་། རང་ལ་དཔེར་བླངས་ནས་གཞན་ལ་དྲངས་བདེན་དགོས་ཚུལ་དང་། ཁྱིམ་ཚང་འཆམ་མཐུན་ཡོང་བ་དང་། ཕ་མར་བྱམས་སེམས་ཀྱིས་སྐྱོང་བ་སོགས་གོང་མ་བཀུར་ལུགས་འོག་མ་སྐྱོང་ལུགས་མཉམ་པོ་འགྲོགས་ལུགས་བཅས་ཤེས་པ་དང་། སེམས་ཅན་ཐམས་ཅད་ལ་བྱམས་བརྩེ་དང་འདྲ་མཉམ་ལྟ་དགོས་ཚུལ་ཤེས་པ་དང་། གཞན་གནོད་སྤངས་ནས་གཞན་ཕན་སྒྲུབ་ཚུལ་སོགས་སྤྱི་ཚོགས་ཡོངས་ལ་ཕན་པའི་བྱ་བ་སྒྲུབ་ཚུལ་མང་དུ་ཡོད་པ་ཡིན། བྱེ་བྲག་ཏུ་རང་རང་གི་སེམས་ཁམས་ལ་ཕན་པ་ནི། ལུས་ཀྱི་ན་ཚ་དང་སེམས་ལ་གནོད་ཤུགས་སོགས་སྡུག་བསྔལ་ཇི་ལྟར་བྱུང་ཡང་མི་རྟག་པ་ཤེས་པ་དང་། རང་གི་སྔོན་ལས་ལས་འབྱུང་བ་ཤེས་པ་དང་། སྡིག་པ་འཛད་པའི་རྒྱུར་འགྱུར་བ་ཤེས་པ་དང་། བདེ་སྡུག་བཏང་ལེན་བྱས་ནས་རྐྱེན་ངན་གྲོགས་སུ་བསྒྱུར་ཤེས་པ་དང་། སེམས་ཀྱི་བརྟེན་སྐྱབས་གནས་དཀོན་མཆོག་གསུམ་ཡོད་པར་ཤེས་ནས་སེམས་བརྟན་པོ་གནས་ཐུབ་པ་དང་། ལོ་ན་རྒན་པས་ལས་བྱེད་མི་ནུས་ཀྱང་ཕྱི་མ་འགྲོ་ཆོས་སྒྲུབ་རྒྱུ་ཡོད་པར་ཤེས་ནས་སེམས་ལ་རེ་བ་དང་སྤོབས་པ་མ་ཉམས་པ་དང་། འཆི་ཁའི་ཉམས་ལེན་ཤེས་ནས་འཆི་བའི་འཇིགས་སྐྲག་ཞི་བ་སོགས་མཐོང་ཆོས་མྱོང་འགྱུར་དུ་སེམས་ཁམས་ལ་བདེ་བ་མང་དུ་སྟེར་བ་ཡིན་། དཔེར་ན་ཡུལ་ཤུལ་ས་ཡོལ་བྱུང་དུས་མི་རིགས་གཞན་དང་བསྡུར་ན་སེམས་ཁམས་གཏན་ནས་མི་འདྲ་བ་ལྟ་བུ་ཡིན། སེམས་ཁམས་བདེ་ན་ལུས་ཀྱི་བདེ་ཐང་ལའང་ཕན་པ་རྒྱ་ཆེན་པོ་འབྱུང་བ་ཡིན། དེ་ལྟར་མེད་ན་སྡུག་བསྔལ་ཇི་ལྟར་ཡོད་ཆོས་ལུགས་མེད་པའི་མི་རིགས་གཞན་ལ་ལྟོས་དང་ཤེས་ནུས།
༥༽ སྐྱབས་འགྲོ་དང་བྲན་གཡོག་ལམ་ལུགས་གཉིས་ལ་ཁྱད་པར་ཇི་ལྟར་ཡོད།
ལན། སྐྱབས་འགྲོ་ནི་རང་མོས་ཀྱིས་རང་གི་སྡུག་བསྔལ་སེལ་པའི་ཆེད་དུ། སངས་རྒྱས་ལ་སྟོན་པ། ཆོས་ལ་ལམ། འཕགས་པའི་དགེ་འདུན་ལ་ལམ་སྒྲུབ་པའི་གྲོགས་སུ་ཁས་ལེན་པ་དེ་ཡིན། དཔེར་ན་ནད་པས་རང་གི་ནད་སེལ་བའི་ཆེད་དུ་སྨན་པ་བསྟེན་པ་དང་། སློབ་མས་རང་གི་རྨོངས་པ་སེལ་པའི་ཆེད་དུ་དགེ་རྒན་བསྟེན་པ་ལྟ་བུ་ཡིན། འདོར་ན་རང་དོན་འགྲུབ་པའི་ཆེད་དུ་རང་མོས་ཀྱིས་སྐྱབས་སུ་འགྲོ་བ་ཡིན། སྐྱབས་ཡུལ་དཀོན་མཆོག་གསུམ་པོ་རང་ལ་སྐྱབས་སུ་འགྲོ་མཁན་ཡོད་ན་ཕན་པ་དང་མེད་ན་གནོད་པ་ཅི་ཡང་མེད། བྲན་གཡོག་ལམ་ལུགས་ནི་དེ་ལས་ལྡོག་སྟེ་བཙན་པོ་རྣམས་ཀྱིས་དབང་མེད་དུ་རང་དོན་འགྲུབ་པའི་ཆེད་དུ་གཡོག་ལ་བཀོལ་བ་དེ་ཡིན། རང་ཉིད་ལ་མོས་པ་དང་ཕན་ཐོགས་གཉིས་ཀ་གང་ཡང་མེད།
༦༽ འཁོར་བ་སྡུག་བསྔལ་གྱི་རང་བཞིན་ལ་སྐྱོ་ཤས་དང་སྐྱོ་སྣང་རང་ལུགས་པ་གཉིས་ལ་ཁྱད་པར་ཇི་ལྟ་ཡོད།
ལན། སྐྱོ་ཤས་ནི་འཁོར་བ་སྡུག་བསྔལ་གྱི་རང་བཞིན་ཡིན་པ་ལ་ཡིན་པར་ལྟར་ཤེས་ནས་སྐྱོ་བ་ཡིན། འོན་ཀྱང་སྐྱོ་བ་རྐྱང་པ་ཐོག་བསྡད་ན་ཕན་ཐོགས་ཅི་ཡང་མེད། དེས་རྐྱེན་བྱས་ནས་ངེས་འབྱུང་གི་བསམ་པ་རྒྱུ་ལ་སྐྱེ་དགོས། ངེས་འབྱུང་ཡོད་ན་རང་དོན་དང་གཞན་དོན་གཉིས་ཀ་སྒྲུབ་ནུས་པ་ཡིན། མདོར་ན་ནང་ཆོས་ནི་སྐྱོ་སྣང་རང་ལུགས་པ་དང་སྤྲོ་སྣང་རང་ལུགས་པ་གཉིས་ཀ་མིན་འཁོར་བའི་ཉེ་དམིགས་དང་ཐར་པའི་ཕན་ཡོན་གཉིས་དངོས་པོའི་གནས་ལུགས་ཇི་ལྟར་བ་བཞིན་བརྗོད་པ་ཡིན། སྐྱོ་སྣང་རང་ལུགས་པ་ནི་ཆབ་སྲིད་སོགས་དམིགས་ཡུལ་འགའ་ཞིག་གིས་ཆེད་དུ་མི་རྣམས་སེམས་སྒྱུ་ལུགས་ནས་བྱ་བ་གང་ཡང་སྒྲུབ་མི་ནུས་པ་བྱ་བའི་ཆེད་དུ་བྱ་བ་བཟང་པོ་རྣམས་ཀྱང་སྐྱོན་བརྗོད་ཁོ་ན་བཤད་པ་དང་། སྤྲོ་སྣང་རང་ལུགས་པ་ནི་བྱ་བ་ངན་པ་རྣམས་ཀྱང་སྒྲུབ་པའི་ཆེད་དུ་མ་འོངས་པ་ན་མདུན་ལམ་འོད་སྟོང་ལྡན་པ་ཡོད་ཚུལ་སོགས་བཟང་པོ་ཁོ་ན་བཤད་པ་ཡིན།
༧༽ ལས་འབྲས་བདེན་ན་དགེ་བ་སྒྲུབ་མཁན་ལ་སྡུག་བསྔལ་འབྱུང་བ་དང་སྡིག་པ་བྱས་མཁན་ལ་བདེ་བ་འབྱུང་དོན་གང་།
ལན། སྤྱིར་རྒྱུ་འབྲས་གང་ཡིན་ཡང་ས་བོན་ད་ལྟ་བཏབ་ན་འབྲས་བུ་ད་ལྟ་མི་འབྱུང་བ་ནི་མཐོང་ཆོས་མྱོང་བས་གྲུབ་པ་ཞིག་ཡིན། དེ་བཞིན་དུ་ལས་འབྲས་ལའང་མཐོང་ཆོས་མྱོང་འགྱུར་གྱི་ལས་ཡིན་ན་ཚེ་སྟོད་བྱས་ན་ཚེ་སྨད་འབྱུང་བ་དང་། སྐྱེས་ནས་མྱོང་འགྱུར་གྱི་ལས་ཡིན་ན་སྐྱེ་བ་ཕྱི་མ་འབྱུང་བ་དང་། ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ཡིན་ན་སྐྱེ་བ་གཞན་དུ་སྨིན་པ་སོགས་གསུམ་ཡོད་པ་ཡིན། རྒྱུ་མཚན་དེའི་ཕྱིར་ན་ད་ལྟའི་དགེ་བ་དང་མི་དགེ་བ་གང་སྒྲུབ་ཀྱང་མཐོང་ཆོས་མྱོང་འགྱུར་གྱི་ལས་མིན་ན་ད་ལྟ་སྨིན་ནུས་པའི་ངེས་པར་གང་ཡང་མེད། ཁྱད་པར་དུ་དགེ་བ་སྒྲུབ་མཁན་རྣམས་ཐར་པ་ཐོབ་ལ་ཉེ་དུས་སྔོན་གྱི་ལས་ངན་རྣམས་ད་ལྟ་ལུས་རྟེན་འདི་ལ་སྨིན་ནས་སྡུག་བསྔལ་འབྱུང་བ་དང་། སྡིག་པ་བྱས་མཁན་རྣམས་ངན་སོང་སྐྱེ་ཁར་སྔོན་གྱི་དགེ་འབྲས་སྨིན་ནས་བདེ་བ་འབྱུང་མཁན་ཀྱང་ཡོད་པ་ཡིན།
༨༽ བསོད་ནམས་བསགས་པས་ལོངས་སྤྱོད་འཕེལ་ན་ནང་པའི་ཆོས་དར་བའི་རྒྱལ་ཁམས་རྣམས་དབུལ་པོ་ཡིན་དོན་ཅི།
ལན། གོང་དུ་བཤད་པ་བཞིན་སྤྱིར་རྒྱུ་འབྲས་གང་ཡིན་ཡང་ས་བོན་ད་ལྟ་བཏབ་ན་འབྲས་བུ་ད་ལྟ་མི་འབྱུང་བ་ནི་མཐོང་ཆོས་མྱོང་བས་གྲུབ་པ་ཞིག་ཡིན། དེ་བཞིན་དུ་ལས་འབྲས་ལའང་མཐོང་ཆོས་མྱོང་འགྱུར་གྱི་ལས་ཡིན་ན་ཚེ་སྟོད་བྱས་ན་ཚེ་སྨད་སྨིན་པ་དང་། སྐྱེས་ནས་མྱོང་འགྱུར་གྱི་ལས་ཡིན་ན་སྐྱེ་བ་ཕྱི་མ་སྨིན་པ་དང་། ལན་གྲངས་གཞན་ལ་མྱོང་འགྱུར་གྱི་ལས་ཡིན་ན་སྐྱེ་བ་གཞན་དུ་སྨིན་པ་སོགས་གསུམ་ཡོད་པ་ཡིན། རྒྱུ་མཚན་དེའི་ཕྱིར་ན་ད་ལྟ་སྨིན་པའི་ངེས་པར་མེད། སྤྱིར་ནང་པའི་རྒྱལ་ཁམས་ན་གནས་པའི་མི་ཐམས་ཅད་ཀྱིས་བསོད་ནམས་བསོགས་མི་ནུས་ལ་མི་ཐམས་ཅད་དབུལ་པོ་ཁོ་ནའང་མིན་པས་དེ་ལ་བསམ་ནའང་ལས་སྒྲུབ་སྟངས་མི་འདྲ་བའི་དབང་གིས་འབྲས་བུ་ཕྱུག་སྤྲང་མི་འདྲ་བར་སྣ་ཚོགས་འབྱུང་བ་ཡིན་པར་ཤེས་ནུས། གཞན་ཡང་འཆི་བའི་ཚེ་རྒྱལ་ཁམས་གང་དུ་ཤི་ན་དེ་རུ་སྐྱེས་པའི་ངེས་པར་གཏན་ནས་མེད་པས་ད་ལྟའི་ཚོགས་བསགས་པ་རྣམས་ཀྱང་ཕྱི་མ་རྒྱལ་ཁམས་གཞན་དུ་སྐྱེས་ནས་ཕྱུག་པོ་འགྱུར་བའང་ཡོད་ཆོག་པ་ཡིན། ད་དུང་ཤེས་དགོས་པ་ཞིག་ལ་བསོད་ནམས་ཀྱི་དགེ་འབྲས་ལོངས་སྤྱོད་ཁོ་ན་མ་ཡིན་པར་ནང་ཆོས་ལྟ་བུའི་ཆོས་ཡང་དག་པ་ཞིག་དང་འཕྲད་དགོས་ན་བསོད་ནམས་རྒྱ་ཆེན་པོ་ཞིག་ཡོད་དགོས་པས་སྔོན་གྱི་བསོད་ནམས་ཕལ་ཆེར་བ་དེར་སྨིན་པར་ངོས་འཛིན་ནའང་མི་རུང་བ་གང་ཡང་མེད་དོ།
༩༽ ནང་ཆོས་མངོན་པར་སོགས་སུ་འཇིག་རྟེན་ལེབ་ལེབ་ཡིན་གསུངས་པ་དང་དེང་སང་ཟླུམ་པོ་མཐོང་བ་གཉིས་ཁྱད་པར་གང་།
ལན། སངས་རྒྱས་ཀྱིས་ཐ་སྙད་གནས་ཚུལ་མཐའ་ཐུག་སེམས་སྣང་གི་དབང་དུ་བྱས་ཏེ་འགྲོ་བ་རིགས་དྲུག་གིས་སྣང་ཚུལ་རྣམས་མཉམ་དུ་བསྡམས་ནས་འཇིག་རྟེན་གནས་ཀྱི་ཆགས་ཚུལ་གསུངས་པ་ཡིན་ཏེ་མངོན་པ་ལས་རི་རབ་རྩེར་ལྷ་གནས་དང་ནང་དུ་ལྷ་མ་ཡིན་གྱི་གནས། ས་འོག་ན་དམྱལ་བའི་གནས་སོགས་ཡོད་པར་གསུངས་པ་ལྟ་བུ་ཡིན། དེང་སང་འཇིག་རྟེན་ཟླུམ་པོ་མཐོང་བ་ནི་མི་རྣམས་ཀྱིས་སྣང་ཚུལ་ཁོ་ན་ཙམ་ཡིན་པ་ལས་འཇིག་རྟེན་སྤྱིའི་གནས་ཚུལ་ངོ་མ་ནི་མཐོང་མི་ནུས། དེ་ནི་དཔེར་ན་རྨ་ཆེན་གངས་རི་ལྟ་བུ་གཅིག་ལའང་མི་དང་གཞི་བདག་གཉིས་ཀྱིས་མཐོང་སྣང་མི་འདྲ་བ་གཉིས་ཡོད་ཀྱང་རང་ཅག་གི་གངས་དང་རྫའི་རི་ལྟ་བུ་གཅིག་ལས་མཐོང་མི་ནུས་པ་ཡིན། དེས་ན་སངས་རྒྱས་ཀྱིས་འགྲོ་རིགས་དྲུག་གི་སྣང་ཚུལ་རྣམས་བསྡམས་ནས་གསུངས་པ་ཡིན་པས་ཆེས་ཁྱད་དུ་འཕགས་པ་ཡིན་པར་ཤེས་དགོས།
༡༠༽ སྟོན་པ་སངས་རྒྱས་ཀྱི་རྗེས་འཇུག་ནང་ན་བྱ་བ་ངན་པ་སྒྲུབ་མཁན་ཡོད་པས་ནང་ཆོས་ཇི་ལྟར་བཟང་བ་ཡིན།
ལན། སྤྱིར་སོར་སྐྱེས་ཐ་མལ་པ་ཞིག་ཡིན་ནས་བཟུང་སྐྱོན་མེད་མཁན་ཡོད་མི་སྲིད་ལ་དེ་བཞིན་དུ་སངས་རྒྱས་ཀྱི་རྗེས་འཇུག་ནང་དུ་སོར་སྐྱེས་མང་བས་ཆོས་ཆོས་བཞིན་དུ་སྒྲུབ་མི་ནུས་མཁན་གང་ཟག་སྐྱོན་ཅན་དུ་མ་ཡོད་སྲིད། དེ་ལས་ཀྱང་ཆོས་མི་སྒྲུབ་མཁན་ཁྱིམ་པ་རྣམས་ཀྱི་ནང་ན་བྱ་བ་ངན་པ་སྒྲུབ་མཁན་གྱི་གང་ཟག་སྐྱོན་ཅན་ལྡབ་འགྱུར་གྱིས་མང་བ་ཡིན། འོན་ཀྱང་དེ་ཙམ་གྱིས་ཆོས་བཟང་ངན་གང་ཡིན་ཤེས་མི་ནུས་པས་ཆོས་དང་གང་ཟག་གཉིས་ཐ་དད་ཕྱེ་སྟེ་ཆོས་རང་གི་ངོ་བོར་བརྟགས་ནས་བཟང་ངན་གྱི་ཁྱད་པར་འབྱེད་དགོས། གང་ཟག་གི་སྐྱོན་ཆོས་ལ་བརྩི་བ་ནི་དཔེར་ན་ལྷམ་དཔེ་ཞྭ་ལ་བཀལ་བ་བཞིན་རྨོངས་པ་རྣམས་ཀྱིས་མ་ཤེས་པའི་དབང་གིས་བྱུང་བ་ཡིན་པས་དེ་འདྲའི་ལོག་རྟོག་ནི་དུག་བཞིན་དུ་སྤངས་དགོས། མདོར་ན་དོགས་སློང་རྣམས་མ་ཤེས་རྨོངས་ཚོད་ཀྱིས་བཤད་པ་དང་། གནས་སྐབས་ནོར་དང་སྙན་གྲགས་དང་ཐོབ་པའི་ཆེད་དུ་སྒྲོ་བསྐུར་བྱས་པ་དང་། གང་ཟག་གི་སྐྱོན་ཆོས་ལ་བརྩི་བ་དང་། སངས་རྒྱས་ཀྱི་དགོངས་པ་ཡོངས་རྫོགས་མ་ལོན་པ་ཚུར་མཐོང་ཁོ་ན་གཙོ་བོ་བྱས་པ་དང་། རང་གི་མ་རྟོགས་པས་རང་དཔེ་གཞན་ལ་བཀལ་བ་དང་། ཁྱབ་པ་མེད་པའི་གཏན་ཚིགས་ལྟ་སྣང་ལ་བརྟེན་པ་སོགས་ལོག་རྟོག་ཁོ་ན་ལས་ཚུལ་གསུམ་ཚང་བའི་གཏན་ཚིགས་ཡང་དག་གིས་སྒོ་ནས་བཤད་པ་གཅིག་ཀྱང་མི་འདུག། མཇུག་མཐའི་རེ་བ་ནི་བོད་མི་ཕྱི་རབས་པ་དག་གིས་རང་གི་ཕ་ནོར་རྩ་ཆེན་ལ་རིན་ཐང་གཞལ་དུ་མེད་པ་ཡོད་པར་ཤེས་ནས། ལུས་ཀྱི་ཆ་ལུགས། ངག་གི་སྐད་ཡིག། སེམས་ཀྱི་འཁྱེར་སོ་བཅས་ཅིས་ཀྱང་མི་ཉམས་པར་རྒྱུན་འཛིན་དང་དར་སྤེལ་བྱེད་དགོས་པ་ནི་ཕྲག་ཏུ་བབས་པའི་འོས་འགན་ཞིག་ཡིན་པར་ཤེས་དགོས།
ཅེས་པ་འདི་ནི་ནང་ཆོས་ལ་མཚོན་ན་དཀའ་བའི་གནད་ཆེན་པོ་མིན་ཡང་དེང་རབས་འདིའི་ནང་དུ་འདི་ལྟར་དྲི་བ་བྱས་མཁན་མང་བས་སྔ་ཕྱིའི་དྲི་བ་རྣམས་བསྡམས་ནས་གསལ་བྱེད་ཀྱི་ལན་མདོར་བསྡུས་ཤིག་མ་ཞུས་ན་མཁས་པ་རྣམས་ཀྱིས་སྔ་ནས་ཤེས་ཟིན་ཀྱང་བསོད་ནམས་ཉམས་ཆུང་བ་དང་ཤེས་རབ་ཞན་པའི་གང་ཟག་རེ་ཟུང་ལ་ལོག་རྟོག་འཕེལ་བའི་རྒྱུར་འགྱུར་བར་དོགས་ནས་ཤར་རྒྱལ་མོ་ཚ་བ་རོང་དཔལ་ལྡན་གླང་ཆེན་དགོན་བྱང་ཆུབ་འགྲོ་འདུལ་གླིང་དུ་བོད་རབ་གནས་ཆུ་ཡོས་ལོ་ཟླ་དྲུག་པའི་ཚེས་དགུ་ཉིན་རྒྱལ་བ་ཀཿ ཐོག་པའི་གྲྭ་མཐར་འཛིན་པ་དྷཱིཿ ཟླ་འོད་ནས་བྲིས་པས་ཚེ་རབས་ཐམས་ཅད་དུ་དམ་པའི་ཆོས་འཛིན་པའི་རྒྱུར་གྱུར་ཅིག།