༈ ཁོ་བོའི་སྙིང་གི་ཁ་ཏ་འདི་ཁྱོད་ཚོ་སློབ་ཆེན་
དུ་འགྲོ་དུས་ཀྱི་ལམ་རྒྱགས་ཡིན།
རྩོམ་པ་པོ། ཀཿ ཐོག་མཁན་ཀུན་བཟང་རྣམ་རྒྱལ།
རྗེ་བཙུན་འཇམ་དཔལ་རྣོན་པོ་ལ་ཕྱག་འཚལ་ལོ། །
ཉེས་པའི་སྐྱོན་བྲལ་ལྟ་བས་ཆོག་མི་ཤེས། །
དྲན་པའི་མོད་ལ་ངག་རིག་འདབ་མ་བྱེ། །
རབ་མཛེས་གཞོན་ནུ་ཟུར་ཕུད་ཅན་དེ་ཡིས། །
ཁྱོད་ཀྱི་ཡིད་ལ་དགའ་བས་རྩེན་གྱུར་ཅིག །
ཀྱེ་ཀྱེ་གསོན་ཅིག་གཞོན་ནུ་ཡིད་འོང་ཚོ། །
ཁྱོད་ནི་མ་འོངས་གངས་ཅན་ཁ་བའི་ཡུལ། །
ཕ་གཞིས་མཛེས་པར་བསྐྲུན་པའི་མ་མ་སྟེ། །
རེ་བ་རི་ལས་ཆེ་ས་ཁྱེད་ཚོ་ཡིན། །
གསེར་ཞུན་དྭངས་མ་ལས་ལྷག་གདམས་པའི་ངག །
བཤེས་གཉེན་དུ་མའི་ཞལ་སྒོ་ནས་བརྒྱུད་དེ། །
རིན་བྲལ་དོན་བཟང་ལེགས་བཤད་མ་ཎི་ཀ །
ཁོ་བོས་སྟེར་གྱིས་ཁྱོད་ཀྱི་མགུལ་དུ་ཆོངས། །
རིགས་ཀྱི་མྱུ་གུ་ཕ་མའི་པང་ནས་བཞད། །
མཛེས་པའི་མེ་ཏོག་སློབ་གླིང་ཁྲོད་ནས་བཀྲ། །
བཅུད་ལྡན་འབྲས་བུ་སློབ་མཐར་ཕྱིན་དུས་སྨིན། །
མངར་སྐྱུར་བྲོ་བ་ལག་ལེན་བརྒྱུད་ནས་མྱོང་། །
གར་སོང་རང་གི་སྐད་ཡིག་འདི་མ་བརྗེད། །
བྱ་བ་ཅི་སྒྲུབ་དྲང་བདེན་ལམ་ལ་འབད། །
སུ་དང་འགྲོགས་ཀྱང་རང་ཚུགས་མི་འཆོར་བ། །
མི་གཞིའི་རིན་ཐང་གསེར་ལྷག་གཅེས་སྤྲས་གྱིས། །
མཛེས་པའི་སློབ་གླིང་མེ་ཏོག་ར་བའི་ནང་། །
སྣ་མང་པད་མ་འདྲ་བའི་སློབ་ཚོགས་དབུས། །
རང་རྒྱུད་ཤེས་རིག་སྦྲང་རྩི་གསོག་པའི་དུས། །
པད་མའི་གཉེན་མཚུངས་བཤེས་གཉེན་ཚུལ་བཞིན་བསྟེན། །
ཡབ་མེས་རིག་གཞུང་སྲོལ་བཟང་ཐན་དུ་བལྟ། །
རང་གི་སྐད་ཡིག་རྐང་པས་རྡོག་རོལ་གཏོང་། །
མེས་པོའི་སྲོག་སྙིང་བྲུ་བའི་ཀླད་སྟོང་པ། །
འཕོང་མགོ་ཕྱི་སའི་རྡོ་བཞིན་རྒྱབ་ཏུ་དོར། །
ས་སྒང་གོ་ལ་རིལ་པོ་འདི་ཡི་ཐོག །
སྣ་མང་མི་རིགས་སོ་སོའི་སྐད་ཡིག་ལ། །
ཤ་ཐང་ཆད་ཆད་འབད་པས་འདུར་གྱུར་ན། །
ཁྱོད་ཀྱང་དེ་ལྟར་གོམ་སྟབས་ཅི་ཕྱིར་ལྷོད། །
མི་རིགས་སྣ་མང་རིག་གནས་ངོ་མཚར་ཞིང་། །
གཅིག་ལས་གཅིག་མཚར་ཁྱུ་ཚོགས་འཁྲིགས་པའི་དབུས། །
སྐད་ཡིག་རིག་གཞུང་རིན་ཆེན་རིལ་བུ་འདི། །
སྙིང་མིག་སྲོག་གསུམ་ལས་ལྷག་ཁྱོད་ཀྱིས་སྲུངས། །
ཕ་མའི་སྔུན་ནས་ཁས་བླངས་གྲོ་ཆས་ཁུར། །
སློབ་གླིང་སླེབས་དུས་བག་མེད་རྩེད་འཇོར་གཡེངས། །
མ་རབས་ཐ་ཤལ་སྤྱོད་པ་ངན་པའི་ལས། །
སྡིག་པའི་གྲོགས་པོ་ཟས་དུག་བཞིན་དུ་སྤོངས། །
བཟང་ངན་འདྲེས་མའི་སློབ་ཚོགས་འདུས་པའི་ཁྲོད། །
རང་ཚུགས་མི་ཟིན་ཅོལ་ཆུང་གཡམ་རྒྱུག་ན། །
འདུན་ལམ་བོར་བའི་ས་མཐའི་མི་འཁྱམས་ལྟར། །
སྒྲེན་མོ་ལག་སྟོང་བཞིན་གྱུར་ཕྱིས་སུ་འགྱོད། །
སྣ་མང་ཤེས་བྱ་ཨ་ཆེན་ཡངས་པའི་ཐང་། །
ཁྱོད་བློ་དྲན་ཤེས་གསལ་བའི་ཅང་ཤེས་རྟ། །
བརྩོན་འགྲུས་ལྕག་གིས་བསྐུལ་དང་ལྷན་ཅིག་ཏུ། །
བག་ཡོད་སྲབ་མཐུར་ཟུངས་ཤིག་གཞོན་ནུ་ཚོ། །
ལང་ཚོ་པད་མའི་འདབ་མ་གནས་སྐབས་ཙམ། །
ཕྱི་ཚུལ་དེ་ཡིས་རང་རྒྱུད་མ་ཁེངས་པར། །
ནམ་ཡང་ཉམས་མེད་ཤེས་དཔལ་ལང་ཚོ་ཡིས། །
རང་རྒྱུད་ཕྱུག་པར་བྱོས་ཤིག་བཞིན་བཟང་མ །
རྒྱ་ཆེ་གཏིང་ཟབ་རིག་གཞུང་ནོར་བུའི་མཛོད། །
ཡོངས་རྫོགས་བློ་ལ་ཆུད་པར་མི་ནུས་ཀྱང་། །
མཁས་གྲུབ་དམ་པའི་ཤུལ་བཞག་གཅེས་ནོར་ལ། །
གང་ལ་གང་འཚམ་རྒྱུས་ལོན་བག་ཆགས་ཞོག །
ཕྱི་ནས་བལྟས་ན་སློབ་ཆེན་མཚན་སྙན་ཅན། །
ནང་དུ་ཡ་ང་ཡི་མུག་སྐྱོ་བའི་ཚུལ། །
བག་མེད་ཁ་པར་རྩེད་འཇོར་མགོ་མ་འཁོར། །
གནའ་དེང་རིག་གཞུང་ཀུན་ལ་མཁས་པར་སློབས། །
ནང་ཆོས་རིན་ཆེན་རིལ་བུ་རྒྱབ་ཏུ་བོར། །
དེང་རབས་ཤེས་དཔལ་ལང་ཚོའི་རྗེས་མ་ཟིན། །
ལྷ་གྲལ་མི་ཚུད་མི་གྲལ་མི་སླེབས་པའི། །
མི་ཚེའི་གཏམ་རྒྱུད་དེ་ལྟར་རྫོགས་ན་འགྱོད། །
དཀོན་མཆོག་སྲི་ཞུ་ཕ་མར་བཀུར་བསྟི་དང་། །
ངོ་ཚ་ཁྲེལ་ཡོད་ཐུན་མིན་བོད་པའི་སྲོལ། །
སྲོལ་རྒྱུན་བཟང་པོ་རྣམས་ཀྱང་དུས་རྟག་ཏུ། །
མ་བོར་མ་བརླག་སྙིང་དབུས་རྟག་ཏུ་ཆོངས། །
མདུན་ལམ་འོད་སྣང་སྟེར་བའི་དྲིན་ཆེན་ལ། །
ནམ་ཡང་དྲིན་ལན་ལོག་འཇལ་བྱེད་མི་རུང་། །
ལུགས་གཉིས་བྱ་བ་གང་ལའང་མི་མཐུན་པ། །
དེ་ལ་སྡོང་གྲོགས་ལྷས་ཀྱང་བྱེད་མི་སྲིད། །
གནམ་ནས་མ་བབས་ས་ནས་མ་འཁྲུངས་པའི། །
ཁྱོད་ཀྱི་ཤ་ཁྲག་རུས་གསུམ་རྩ་རྒྱུས་བཅས། །
ཕ་མ་མེས་པོ་ཡབ་མེས་གདོང་དམར་བ། །
པྲ་སྤྲེའུའི་གཏམ་རྒྱུད་འདི་ཡང་ཡིད་ལ་ཟུངས། །
རྒྱལ་ཁྲིམས་གསེར་གྱི་གཉའ་ཤིང་གཙུག་ཏུ་བཀུར། །
ལྷག་ཏུ་རང་སྡེའི་རིགས་ལ་གཅེས་སུ་ཟུངས། །
ཆགས་སྡང་ཁ་མ་བྲི་བའི་འཁོར་བ་པ། །
ཕོ་རྣ་མགོ་རུས་ལ་རྒྱ་ཤི་ཡང་མཁོ། །
ཞེ་སེམས་ཁྱོད་ལ་བཅངས་པའི་རིགས་དག་གི །
རེ་བ་ཡོངས་སུ་རྫོགས་པར་སྐོང་དཀའ་ཡང་། །
དྲང་བདེན་ཡ་རབས་བོད་མིའི་སྲོལ་བཟང་པོ། །
སྙིང་གི་དབུས་སུ་ཆོངས་དང་དེས་ཆོག་གི །
མི་ཚེའི་གཏམ་རྒྱུད་རིང་མོ་འདི་ཡི་ནང་། །
འགལ་རྐྱེན་འགག་འཕྲང་མང་དུ་འཕྲད་སྲིད་པས། །
གཞན་ལས་འབུར་ཐོན་རླབས་ཆེན་ཉིད་འདོད་ན། །
ཕྲག་དོག་ཟུར་ཟའི་གཏམ་ངན་བསྲན་ཚུགས་མཛོད། །
མཁས་པ་མགུ་བའི་ལེགས་བཤད་བདག་ལ་མེད། །
བླུན་པོའི་གནའ་གཏམ་དཔེ་ཡི་ཚིག་སྦྱོར་དབེན། །
འོན་ཀྱང་བསམ་པ་དཀར་བའི་ཁ་ཏ་འདི། །
དངོས་ནོར་ལེགས་སྐྱེས་ཤིག་གི་དོད་དུ་བྲིས། །
ལོ་མང་འབད་པའི་ལེགས་བཤད་གཡུར་དུ་ཟ། །
མི་ཚེའི་མདུན་ལམ་དགའ་བདེའི་དཔལ་ལ་སྤྱོད། །
ཤེས་རིག་འོད་ཀྱིས་གཞན་ལ་སྤྲོ་བ་སྟེར། །
ཕུན་སུམ་ཚོགས་ཤིང་བསམ་དོན་འགྲུབ་གྱུར་ཅིག །
སྐྱབས་གནས་བསླུ་མེད་དཀོན་མཆོག་རྣམ་གསུམ་དང་། །
འཇམ་དབྱངས་མྱུར་མ་དཔལ་མོ་སེང་ཆེན་རྗེ། །
འདོད་ཁམས་སྲིད་པའི་བདག་མོ་དཔལ་ལྷ་མོས། །
འདི་ལ་མགོན་མཛོད་ཚེ་དཔལ་རྒྱས་གྱུར་ཅིག །
ཅེས་པ་འདི་ཀོ་སྤུན་ཟླ་པད་མ་ཚེ་རིང་གིས་རང་གི་བུ་མོ་སློབ་ཆེན་དུ་འགྲོ་སྐབས་ཁ་ཏ་བསྒོ་ལག་ཅིག་མཛད་རོགས་ཞེས་བསྐུལ་བ་དོན་ཡོད་པར་སེམས་ཏེ། བོད་གངས་ཅན་གྱི་ཡུལ། ལུགས་གཉིས་དཔལ་གྱིས་ཡོངས་སུ་ཕྱུག་ཅིང་སྟོབས་ཀྱི་འཁོར་ལོས་སྒྱུར་བ་བཙན་པོ་སྲོང་བཙན་འཁྲུངས་སའི་ཡུལ་དང་། རླབས་ཆེན་གྱི་ཡུམ་འབྲི་བཟའ་ཐོད་དཀར་ཚེ་སྤོང་བཟའི་ཕ་ཡུལ། བསྟན་སྲུང་ཨ་ཕྱི་ཆོས་ཀྱི་སྒྲོལ་མས་སྲུང་ཞིང་བདག་ཏུ་བཟུང་བའི་གནས་མཆོག ཡུལ་གྱི་བུད་མེད་ཕལ་མོ་ཆེ་རིགས་གཟུགས་ལང་ཚོས་མཛེས་པ། སྐྱེ་བོ་ཕལ་མོ་ཆེ་བོད་ཡིག་གི་ཆུ་ཚད་མཐོ་བ། རང་རིགས་ལ་བརྩི་མཐོང་ཆེ་ཞིང་རང་མི་རིགས་ཀྱི་སྐད་ཡིག་ལ་གཙིགས་སུ་འཛིན་པ། རི་བོ་རྣམས་བརྗིད་ཆགས་ཤིང་ལྷུན་སྡུག་ལ་དབུ་རྩེ་གངས་ཀྱིས་བཟུང་བ། བྲག་རི་རྣམས་མདོག་དཀར་ཞིང་རྩེ་མོ་རྣོ་བ། ལུང་པ་རྣམས་ཕུ་ཐག་རིང་ལ་ནགས་སྤང་འདྲེས་མ། དྭངས་གཙང་རྫ་ཆུ་སིལ་མས་ཧ་ཧ་དང་ཧེ་ཧེ་ཧུཾ་ཧུཾ་གི་སྒྲ་རྒྱུན་མི་ཆད་པར་སྒྲོག་པ། གཞན་ཡང་དྲི་ཞིམ་ཅན་གྱི་ཤིང་རིགས་སྣ་ཚོགས་ཀྱིས་ལྷག་ཏུ་ཕྱུག་ཅིང་ཀོ་ཀི་ལ་སོགས་བྱ་བྱེའུ་ཡི་རིགས་དག་གིས་སྒྲ་དབྱངས་སྙན་པར་སྒྲོག་པའི་མ་བཅོས་རང་བྱུང་གི་ཁོར་ཡུག་མཛེས་ཤིང་ཉམས་དགའ་བ། ལྷག་ཏུ་མཚོར་འཁྲུངས་རྒྱལ་བ་གཉིས་པ་པད་མ་ཀ་རས་ཞབས་ཀྱིས་བཅགས་ཤིང་བྱིན་གྱིས་བརླབས་རྗེས། བདུད་བློན་རྣམས་ཀྱི་ངོར་མི་མངོན་སྦས་པའི་ཚུལ་དུ་མི་ལོ་བདུན་ཕྲག་གཅིག་རིང་བཞུགས་སའི་སྒྲུབ་གནས་བྱིན་ཆེན། སྒྲོ་གསང་བའི་སྒྲུབ་ཕུག་མི་མེད་དབེན་པའི་རི་སུལ་དུ། ངེས་དོན་འོད་གསལ་རྫོགས་པ་ཆེན་པོ་ལ་མོས་པ་ལམ་དུ་བྱེད་པའི་རྣལ་འབྱོར་དུ་རློམ་པའི་རྒྱལ་ཁམས་པ་"ཀུན་བཟང་ཕྱོགས་ལས་རྣམ་རྒྱལ་"དུ་འབོད་པ་གང་དེས་ཐུན་མཚམས་སུ་བྲིས་པ་དགེ་ལེགས་འཕེལ། །