ནག་རྩིས་སྔོན་འགྲོ་ཉུང་བསྡུས་བློ་གསལ་གཞོན་ནུའི་འཇུག་སྒོ།

文摘   2023-06-23 14:45   西藏  

༄༅། །ནག་རྩིས་སྔོན་འགྲོ་ཉུང་བསྡུས་བློ་གསལ་གཞོན་

ནུའི་འཇུག་སྒོ་ཞེས་བྱ་བ་བཞུགས་སོ། །


    རྒྱལ་ཀུན་མཁྱེན་པའི་ཡེ་ཤེས་གཏེར། །འཇམ་པའི་དབྱངས་ལ་གུས་བཏུད་ནས། །རྣམ་མང་རྩིས་རིག་ཆུ་གཏེར་ལས། །སྔོན་འགྲོ་རླབས་ཀྱི་ཟེགས་མ་སྤྲོ། །རྩིས་ཀུན་རུས་སྦལ་ལུས་ལ་བརྩི། །མགོ་བོ་ལྷོར་བསྟན་མེ་ཡི་ཁམས། །མཇུག་མ་བྱང་བསྟན་ཆུ་ཡི་ཁམས། །གློ་གཡས་ཤར་ཕྱོགས་ཤིང་གི་ཁམས། །གློ་གཡོན་ནུབ་ཕྱོགས་ལྕགས་ཀྱི་ཁམས། །མཚམས་བཞི་ས་ཁམས་ལྷོ་ནུབ་བསྡུ། །ཤིང་མེ་ས་ལྕགས་ཆུ་ལྔ་པོ། །ཡར་དེད་མ་ལ་མར་དེད་བུ། །ཨ་ཕྱི་དགྲ་ལ་ཚ་བོ་གྲོགས། །ཤིང་མ་ཆུ་ལ་ཆུ་མ་ལྕགས། །ལྕགས་མ་ས་ལ་ས་མ་མེ། །མེ་ཡི་མ་ནི་ཤིང་ཡིན་ནོ། །ཤིང་བུ་མེ་ལ་མེ་བུ་ས། །ས་བུ་ལྕགས་ལ་ལྕགས་བུ་ཆུ། །ཆུ་ཡི་བུ་ནི་ཤིང་ཡིན་ནོ། །ཤིང་དགྲ་ལྕགས་ལ་ལྕགས་དགྲ་མེ། །མེ་དགྲ་ཆུ་ལ་ཆུ་དགྲ་ས། །ས་ཡི་དགྲ་ནི་ཤིང་ཡིན་ནོ། །ཤིང་གྲོགས་ས་ལ་ས་གྲོགས་ཆུ། །ཆུ་གྲོགས་མེ་ལ་མེ་གྲོགས་ལྕགས། །ལྕགས་ཀྱི་གྲོགས་ནི་ཤིང་ཡིན་ནོ། །འདི་ནི་རྩི་ཚུལ་ཀུན་གྱི་གཞི། །ལོ་བསྐོར་བཅུ་གཉིས་གནས་ཕྱོགས་ནི། །ཤར་སྟོད་སྟག་ལ་ཤར་སྨད་ཡོས། །ཤར་ལྷོ་འབྲུག་ལ་ལྷོ་སྟོད་སྦྲུལ། །ལྷོ་སྨད་རྟ་ལ་ལྷོ་ནུབ་ལུག །ནུབ་སྟོད་སྤྲེལ་ལ་ནུབ་སྨད་བྱ། །ནུབ་བྱང་ཁྱི་ལ་བྱང་སྟོད་ཕག །བྱང་སྨད་བྱི་བ་བྱང་ཤར་གླང་། །སྲོག་ནི་རང་རང་གནས་ཕྱོགས་ཏེ། །སྟག་ཡོས་སྲོག་ཤིང་རྟ་སྦྲུལ་མེ། །བྱ་སྤྲེལ་ལྕགས་ལ་བྱི་ཕག་ཆུ། །ཁྱི་འབྲུག་གླང་ལུག་བཞི་སྲོག་ས། །བྱི་སྟག་འབྲུག་རྟ་སྤྲེལ་ཁྱི་ཕོ། །གླང་ཡོས་སྦྲུལ་ལུག་བྱ་ཕག་མོ། །ཤིང་ཕོ་བྱི་བ་ནས་བཟུང་སྟེ། །ཆུ་མོ་ཕག་གི་བར་དུ་ནི། །ཤིང་མེ་ས་ལྕགས་ཆུ་ལྔ་ལ། །ཕོ་མོ་གཉིས་སྦྲག་རིམ་བཞིན་འཁོར། །དེ་ལ་ལོ་རྒན་དྲུག་བཅུ་ཟེར། །བརྩི་བྱའི་ལོ་གྲངས་ངོས་འཛིན་ནི། །གཅིག་དང་བཅུ་གསུམ་ཉེར་ལྔ་དང་། །སོ་བདུན་ཞེ་དགུ་རེ་གཅིག་དང་། །དོན་གསུམ་གྱ་ལྔ་གོ་བདུན་རྣམས། །གང་ཉེ་སྟེང་ནས་གནམ་ལོར་གཏུག །གང་བབ་བརྩི་བྱའི་ལོ་གྲངས་ཡིན། །བརྩི་བྱའི་ལོ་གྲངས་ཤེས་ན་ཡང་། །ལོ་རྟགས་གང་ཡིན་མ་ཤེས་ན། །གནམ་ལོའི་ཐོག་ནས་ཕྱིར་འགྲོས་བགྲང་། །རང་གི་ལོ་གྲངས་ལ་གཏུག་གོ། །བརྩི་བྱའི་དབང་ཐང་ངོས་འཛིན་ནི། །གནམ་ལོ་ཕོ་ལོ་ཤར་བའི་ཚེ། །གཅིག་བཅུ་རང་ལ་གཉིས་གསུམ་མ།  །བཞི་ལྔ་དགྲ་ལ་དྲུག་བདུན་གྲོགས། །བརྒྱད་དགུ་བུ་རུ་ཤེས་པར་བྱ། །གནམ་ལོ་མོ་ལོ་ཤར་བའི་ཚེ། །གཅིག་གཉིས་རང་ལ་གསུམ་བཞི་མ། །ལྔ་དྲུག་དགྲ་ལ་བདུན་བརྒྱད་གྲོགས། །དགུ་བཅུ་བུ་རུ་ཤེས་པར་གྱིས། །ལུས་ཀྱི་འབྱུང་བ་འདི་ལྟར་ཏེ། །སྟག་སྤྲེལ་བྱ་ཡོས་ཁམ་ནས་བརྩི། །ཁྱི་འབྲུག་ཕག་སྦྲུལ་དྭ་ནས་བརྩི། །གླང་ལུག་རྟ་བྱི་ཟིན་ནས་བརྩི། །ལྕགས་ཆུ་མེ་ས་ཤིང་དུ་བགྲང་། །དབང་ཐང་གང་བབ་ས་ལ་གཏུག །དངོས་སུ་ངག་ནས་བརྗོད་པ་ཡི། །འབྱུང་བ་གང་ཡིན་ལུས་ཀྱི་ཁམས། །ཀླུང་རྟའི་ལྡེའུ་མིག་བསྟན་པ་ནི། །སྟག་རྟ་ཁྱི་གསུམ་ཀླུང་སྤྲེལ་ལྕགས། །ཕག་ལུག་ཡོས་གསུམ་ཀླུང་སྦྲུལ་མེ། །བྱ་གླང་སྦྲུལ་གསུམ་ཀླུང་ཕག་ཆུ། །བྱི་འབྲུག་སྤྲེལ་གསུམ་ཀླུང་སྟག་ཤིང་། །ཀེག་ཤིང་ལ་སོགས་རུས་ཆེན་ལྔ། །དེང་སང་ལག་ལེན་བླ་ལ་འབོད། །སྐད་འགག་སོགས་ཀྱིས་མ་ངེས་ན། །ཐམས་ཅད་ས་ཁམས་གདོང་ལ་བསྡུ། །བརྩི་བྱའི་ལོག་མེན་ངོས་འཛིན་ནི། །སྐྱེས་པ་གནམ་ལོའི་བུ་ཐོག་ནས། །སྟག་ནས་ལུགས་འབྱུང་ཐུར་དུ་སྦུབས། །བུད་མེད་གནམ་ལོའི་མ་ཐོག་ནས། །སྤྲེལ་ནས་ལུགས་ལྡོག་གྱེན་དུ་བཀན། །གཅིག་དང་བཅུ་གསུམ་སོགས་ཀྱིས་བསྐོར། །དུ་ལོན་འབྱུང་བ་རེ་རེ་ལ། །ལོ་ལྷ་ཕོ་མོ་གཉིས་རེ་སྦྲག །བུད་མེད་གཅིག་ཏུ་མ་ལོང་བ། །ལོ་གྲངས་དུ་ལོན་བར་དུ་བགྲང་། །གང་བབ་ལོ་དང་འབྱུང་བ་གཉིས། །ལོ་རེའི་ལོག་མེན་ངོས་བཟུང་དགོས། །བརྩི་བྱའི་སྤར་ཁ་ངོས་འཛིན་ནི། །ལི་མེ་ཁོན་ས་དྭ་ལྕགས་དང་། །ཁེན་གནམ་ཁམ་ཆུ་གིང་རི་བོ། །ཟིན་ཤིང་ཟོན་རླུང་རིམ་པ་གནས། །སྐྱེས་པ་ལི་ནས་གཡས་སུ་བསྐོར། །བུད་མེད་ཁམ་ནས་གཡོན་དུ་བསྐོར། །གཅིག་དང་བཅུ་གསུམ་སོགས་ཀྱིས་བརྩི། །རང་ལོར་རང་མདུན་རེས་མོས་འབབ། །ཡང་ན་བཅུ་ཚོ་མཚམས་ནས་བསྐོར། །ལོ་གྲངས་དུ་ལོན་སྟེང་དུ་ཞོག །ཤིང་མེ་ལྕགས་ཆུ་བཞི་པོ་ཡི། །སྟེང་གནས་ལོ་བསྐོར་གཉིས་རེ་པོའི། །སྔ་མ་ཕོ་ལ་ཕྱི་མ་མོ། །མཚམས་བཞི་ཕོ་མོ་གཉིས་ཀ་འདྲ། །སྤར་ཁ་ལུས་དབང་ཀླུང་རུས་ལ། །སྲོག་གི་དགྲ་མ་བུ་གྲོགས་བརྩི། །སྨེ་བ་གཅིག་དཀར་གཉིས་ནག་དང་། །གསུམ་མཐིང་བཞི་ལྗང་ལྔ་སེར་དང་། །དྲུག་དཀར་བདུན་དམར་བརྒྱད་དཀར་དང་། །དགུ་སྨུག་དང་བཅས་འབྱུང་བ་ནི། །དཀར་གསུམ་ལྕགས་ལ་ནག་མཐིང་ཆུ། །ལྔ་ས་བཞི་ཤིང་དམར་གཉིས་མེ། །འདི་ནི་ལོ་ཡི་ཕོ་མོ་སྟེ། །གནམ་སྨེ་དབུས་བཞག་བསྐོར་བ་ཡིས། །ཕོ་དྲུག་དབུས་ནས་ཤར་དུ་ཐོན། །ཤར་ལྷོ་མཚམས་ནས་གཡས་སུ་བསྐོར། །བྱང་ཤར་མཚམས་ཕྱིན་དབུས་སུ་ཞུགས། །མོ་དྲུག་དབུས་ནས་ཤར་དུ་ཐོན། །བྱང་ཤར་མཚམས་ནས་གཡོན་དུ་བསྐོར། །བཅུ་ཁ་གང་བ་བཅུ་ཚོ་བགྲང་། །བཅུ་ཁ་མ་ལོངས་རིམ་བཞིན་བརྩི། །སྨེ་བ་ལུགས་འབྱུང་བགྲང་པ་ཡིས། །ལོ་གྲངས་དུ་ལོན་སྟེང་དུ་ཞོག །གང་བབ་བརྩི་བྱའི་སྐྱེ་སྨེ་ཡིན། །ཡར་བཞི་སྲོག་ལ་མར་བཞི་དབང་། །ཀླུང་སྨེ་སྟག་རྟ་ཁྱི་གསུམ་ནག །བྱི་འབྲུག་སྤྲེལ་བྱ་གླང་སྦྲུལ་བརྒྱད། །ཕག་ལུག་ཡོས་གསུམ་ལྔ་སེར་ཞེས། །མཐུན་གསུམ་རླུང་རྟའི་སྐྱེ་སྨེ་སྦྱོར། །བརྩི་བྱའི་འཕུར་སྨེ་ངོས་འཛིན་ནི། །སྐྱེས་སྨེ་གང་ཡིན་དབུས་བཞག་ནས། །དབུས་ནས་གནམ་ལྕགས་རི་བོ་དང་། །མེ་ཆུ་ས་ཤིང་རླུང་དགུ་ལ། །སྨེ་བ་དགུ་བརྒྱད་བདུན་དྲུག་སོགས། །ཐུར་དུ་བརྩིས་ཏེ་བཀོད་བྱས་པས། །སྐྱེ་སྨེ་དང་པོ་གར་བབ་པའི། །གནས་དེར་གཏུག་པས་འཕུར་སྨེ་རྙེད། །དེ་ཡི་མ་བུ་གྲོགས་དགྲ་རྣམས། །ལུས་དབང་ཀླུང་རུས་ཁམས་སུ་བཞག །སྲོག་ལུས་དབང་ཀླུང་སྨེ་བ་ཡིས། །འཕུར་སྨེ་མ་བུ་གྲོགས་ལ་འཐབ། །ཟླ་བའི་དབང་ཐང་ངོས་འཛིན་ནི། །གནམ་ལོའི་འབྱུང་བ་གང་ཤར་བའི། །བུ་ནས་དཔྱིད་ར་བཅུ་གཉིས་པ། །སྟག་གི་ཟླ་བ་བརྩི་པར་བྱ། །ལོ་དང་ཟླ་བ་གཉིས་པོ་ནི། །འབྱུང་བ་རེ་ལ་གཉིས་རེ་བརྩི། །ཡང་ན་མགྱོགས་རྩིས་བྱ་འདོད་ན། །སྟག་ཡོས་བྱི་གླང་གནམ་ལོའི་བུ། །འབྲུག་སྤྲུལ་གྲོགས་ལ་རྟ་ལུག་དགྲ། །སྤྲེལ་བྱ་མ་ལ་ཁྱི་ཕག་རང་། །ཞག་གི་དབང་ཐང་ངོས་འཛིན་ནི། །ཚེས་གཅིག་ཟླ་བའི་བུ་ནས་བརྩི། །ཞག་དུས་གཉིས་ནི་རྐྱང་པ་དེད། །བཅུ་གསུམ་ཉེར་ལྔར་ཐོད་བརྒལ་བསྐོར། །ཕོ་ཟླ་དྲུག་ལ་སྟག་གིས་ཚེས། །མོ་ཟླ་དྲུག་ལ་སྤྲེལ་གྱིས་ཚེས། །ཚེས་གཅིག་བཅུ་གསུམ་ཉེར་ལྔ་ལ། །གང་ཚེས་དེ་ཡི་ཉི་མ་ཤར། །གཅིག་གཅིག་དྲུག་སྟེ་ཟླ་བའི་བུ། །གཉིས་བདུན་གྲོགས་ལ་གསུམ་བརྒྱད་དགྲ། །བཞི་དགུ་མ་ལ་ལྔ་བཅུ་རང་། །དུས་ཀྱི་དབང་ཐང་ངོས་འཛིན་ནི། །ཞག་གི་འབྱུང་བའི་བུ་ནས་བརྩི། །  ནམ་ལང་ཡོས་ལ་ཉི་ཤར་འབྲུག །ཉི་དྲོས་སྦྲུལ་ལ་ཉིན་ཕྱེད་རྟ། །ཕྱེད་ཡོལ་ལུག་ལ་ཉི་མྱུར་སྤྲེལ། །ཉི་ནུབ་བྱ་ལ་མུན་རུབ་ཁྱི། །སྲོད་འཁོར་ཕག་ལ་ནམ་ཕྱེད་བྱི། །ཕྱེད་ཡོལ་གླང་ལ་ཐོ་རངས་སྟག །སྤྲེལ་ཡོས་གླང་གསུམ་ཞག་གི་བུ། །འབྲུག་བྱ་སྟག་གྲོགས་སྤྲུལ་ཁྱི་དགྲ། །རྟ་ཕག་མ་ལ་ལུག་བྱི་རང་། །དར་རྒུད་བཅུ་གཉིས་འདི་ལྟར་ཏེ། །ཤིང་དབུགས་སྤྲེལ་ལ་མེ་དབུགས་ཕག །ས་ཆུ་སྤྲུལ་ལ་ལྕགས་དབུགས་སྟག །འབྱུང་ཁམས་རང་རང་ལོ་དེ་ནས། །དབུགས་རྒྱུ་མངལ་གནས་ལུས་རྫོགས་དང་། །བཙས་པ་ཁྲུས་བྱེད་གོས་གྱོན་དང་། །ལས་བྱེད་དར་བ་རྒུད་པ་དང་། །ན་བ་ཤི་བ་དུར་ཞུགས་ཞེས། །སྲོག་ཁམས་གནམ་ལོ་ལུས་ཟླ་བ། །དབང་ཁམས་ཞག་མ་ཀླུང་དུས་ཚོད། །རུས་ཁམས་སྤར་ཁ་ལ་གཏུག་གོ། །གོས་ལས་དར་གསུམ་རྡེལ་དཀར་གཉིས། །བཙས་ཁྲུས་ལུས་གསུམ་རྡེལ་དཀར་གཅིག །དབུགས་མངལ་རྒུད་གསུམ་རྡེལ་ནག་གཅིག།    ན་ཤི་དུར་གསུམ་རྡེལ་ནག་གཉིས། །ཉི་ཟླ་དམར་ལྷག་ཕུར་སངས་སྤེན། །ཁམས་ནི་ཉི་མ་མིག་དམར་མེ། །ཟླ་ལྷག་ཆུ་ལ་ཕུར་བུ་ཤིང་། །པ་སངས་ལྕགས་ལ་སྤེན་པ་ས། །སྟག་རྟ་ཁྱི་གསུམ་སྤེན་པས་ཚེས། །ཕག་ལུག་ཡོས་གསུམ་ཟླ་བས་ཚེས། །བྱ་གླང་སྦྲུལ་གསུམ་ཕུར་བུས་ཚེ། །བྱི་འབྲུག་སྤྲེལ་གསུམ་མིག་དམར་ཚེས། །ཚེས་གཅིག་བརྒྱད་དང་བཅོ་ལྔ་དང་། །ཉེར་གཉིས་ཉེར་དགུ་གང་ཚེས་འཆར། །སྨིན་དྲུག་སྣར་མ་མགོ་དང་ལག །ནབས་སོ་རྒྱལ་དྲུག་ཤར་ཤིང་ཁམས། །   {  སྐག  }རྟ་མཆུ་གྲེ་དང་དབོ་མེ་བཞི། །ནག་པ་ས་རི་ལྷོ་མེ་ཁམས།།  { ས་ག }ལྷ་མཚམས་སྣྲོན་དང་སྣུབས་ཆུ་སྟོད།།    ཆུ་སྨད་གྲོ་བཞིན་ནུབ་ལྕགས་ཁམས། །  { བྱིན་བཞིན། }མོན་གྲེ་མོན་གྲུ་ཁྲུམས་སྟོད་སྨད། །ནམ་གྲུ་ཐ་སྐར་བྱང་ཆུ་ཁམས། །   { བྲ་ཉེ། } སྐག་དང་ས་ག་བྱིན་བཞིན་དང་། །བྲ་ཉེ་བཞི་ནི་མཚམས་སྐར་ས། །དཔྱིད་ར་རྒྱལ་ཉ་འབྲིང་མཆུ་ཉ། །དཔྱིད་ཐ་དབོ་ཉ་དེ་བཞིན་དུ། །ནག་པ་ས་ག་སྣྲོན་དབྱར་ཟླ། །ཆུ་སྟོད་གྲོ་བཞིན་ཁྲུམས་སྟོད་སྟོན།།    ཐ་སྐར་སྨིན་དྲུག་མགོ་དགུན་ཟླ། །བདུན་ཟུར་ཉ་ཚེས་གོ་ལོག་འགྱུར། །གཟའ་སྐར་གང་ཚེས་བུ་ཡང་དར། །མ་ཞུད་གྲོགས་གྱོད་དགྲ་ནི་གུད། །གང་བབ་འབྱུང་བ་དེ་རྣམས་ལ། །བརྩི་བྱའི་སྲོག་ལུས་དབང་སོགས་འཐབ། །རུས་ཁམས་སྤར་གྲོགས་སྨེ་བའི་དགྲ། །ལོ་ཟླ་ཞག་སོགས་{ལོག་མེན་དུས་ཚོད།}སྲོག་ལ་འཐབ། །ཀུན་ལ་འབྱུང་ཁམས་རྡེལ་འབྲས་ནི། །མ་དང་འཕྲད་ཚེ་རྡེལ་དཀར་གསུམ། །གྲོགས་དང་འཕྲད་ཚེ་རྡེལ་དཀར་གཉིས། །ས་ཆུ་ནང་འཕྲད་རྡེལ་དཀར་གཅིག །དགྲ་དང་འཕྲད་ཚེ་རྡེལ་ནག་གཉིས། །བུ་དང་འཕྲད་ཚེ་རྡེལ་ནག་གཅིག །མེ་ལྕགས་ཤིང་གསུམ་ནང་འཕྲད་ཁྲ། །བཟང་ངན་རྡེ་འུ་དཀར་ནག་ལྟོས། །དེ་ཡིས་རྩ་རྡེལ་ལྔ་བཅུ་གྲུབ། །རྩིས་རིག་མཁར་ལ་འཇུག་པའི་སྒོ། །རྣམ་པར་འབྱེད་པའི་དགའ་སྟོན་གྱིས། །དགེ་བས་འགྲོ་བ་མ་ལུས་ཀུན། །གཏན་བདེའི་ས་ལ་རེག་གྱུར་ཅིག །


      ཅེས་འབྱུང་རྩིས་ཨུཏྤལ་སྔོན་པོ་སོགས་མཁས་པའི་གཞུང་རྣམས་ལས་ཉེར་བ་བཏུས་ཏེ་ཨ་དྷཱིཿབསམ་གཏན་རྡོ་རྗེ་ནས་ཀཿཐོག་རྡོ་རྗེ་གདན་དུ་སྦྱར་བའོ།།  །།

贡法衣藏文平台
མེས་པོའི་ཟུང་ཁྲག་ནས་བཞུར་བའི་བོད་ཕ་སྐད་མ་ཡིག་ཁྲི་ལོ་ནས་ཁྲི་ལོར་བརྟན་པར་ཤོག །
 最新文章