བོད་མི་ཡོངས་ཀྱིས་བོད་སྐད་ཡིག་ལ་ཤུགས་བརྒྱག་རོགས།

文摘   2023-09-26 22:04   西藏  




      མི་རིགས་དང་རིག་གཞུང་ཡོངས་རྫོགས་ཧྲིལ་གྱིས་འགྱེལ་བ་

ཞིག་མ་འདོད་ན་བོད་མི་ཡོངས་ཀྱིས་བོད་སྐད་
ཡིག་ལ་ཤུགས་བརྒྱག་རོགས།

སངས་རྒྱས་ཆོས་དང་དགེ་འདུན་དཀོན་མཆོག་གསུམ། །
བླ་མ་ཡི་དམ་མཁའ་འགྲོ་རྩ་བ་གསུམ། །
ཕོ་རྒྱུད་མོ་རྒྱུད་བསྟན་སྲུང་ཆོས་སྐྱོང་རྣམས། །
བོད་སྐད་བོད་ཡིག་སྲུང་སྐྱོབས་ཕྲིན་ལས་མཛོད། །

བོད་མི་ཕལ་ཆེར་རྨོངས་པའི་གཉིད་ལ་ཡུར། །
འགའ་ཞིག་རང་ཚུགས་འཆོར་ནས་གཞན་རྗེས་རྒྱུགས། །
སྐད་ཡིག་རིག་གཞུང་དང་བཅས་ཕོངས་མེད་དུ། །
འདོར་བའི་ངང་ཚུལ་འདི་ལ་ཡིད་རེ་སྐྱོ། །

ཕ་མེས་ནོར་མཆོག་ངོ་བོས་ཁྱད་འཕགས་པ། །
མི་རིགས་བླ་སྲོག་བཅུ་ཕྲག་རིག་པའི་སྣོད། །
ད་ལྟར་བཞུགས་པའི་བོད་ཀྱི་སྐད་ཡིག་ནི། །
ཀྱེ་མ་ལྟག་ཆུ་ཆད་པའི་རྫིང་བུ་བཞིན། །

ཆོས་རྒྱལ་མེས་དབོན་རྣམ་གསུམ་ཐུགས་བསྐྱེད་དང་། །
འཕགས་བོད་ལོ་པཎ་བརྒྱ་ཕྲག་དུ་མ་ཡི། །
མཛད་པའི་ཕྲིན་ལས་རྨད་དུ་བྱུང་བ་རྣམས། །
བོད་ཀྱི་སྐད་ཡིག་ཉམས་ན་ཐམས་ཅད་ཉམས། །

བཀའ་འགྱུར་དུམ་པ་བརྒྱ་ཕྲག་གཅིག་དང་གསུམ། །
བསྟན་འགྱུར་དུམ་པ་བརྒྱ་ཕྲག་གཉིས་ལྷག་བཅས། །
པར་བསྐྲུན་བྱས་ནས་རི་ཙམ་སྤུངས་ན་ཡང་། །
བོད་ཀྱི་སྐད་ཡིག་ཉམས་ན་ཐམས་ཅད་ཉམས། །

སྔ་འགྱུར་བཀའ་གཏེར་དག་སྣང་ཆོས་སྐོར་དང་། །
ཕྱི་འགྱུར་གསང་འདུས་བདེ་མཆོག་དུས་འཁོར་སོགས། །
གཅིག་ལས་གཅིག་མཚར་གྲངས་མང་བཞུགས་ན་ཡང་། །
བོད་ཀྱི་སྐད་ཡིག་ཉམས་ན་ཐམས་ཅད་ཉམས། །

འདུལ་བ་མངོན་པ་ཚད་མ་དབུ་མ་དང་། །
ཤེར་ཕྱིན་དང་བཅས་བཀའ་དང་དགོངས་འགྲེལ་རྣམས། །
བཀའ་པོད་ལྔ་ཞེས་འབྲུག་ལྟར་གྲགས་ན་ཡང་། །
བོད་ཀྱི་སྐད་ཡིག་ཉམས་ན་ཐམས་ཅད་ཉམས། །

འཕགས་པའི་ཡུལ་དུ་རྒྱན་དྲུག་མཆོག་གཉིས་དང་། །
བོད་ཀྱི་ཀུན་མཁྱེན་འཇམ་དབྱངས་རྣམ་གསུམ་སོགས། །
རི་བོའི་གཏོས་དང་མཉམ་པའི་གསུང་འབུམ་རྣམས། །
བོད་ཀྱི་སྐད་ཡིག་ཉམས་ན་ཐམས་ཅད་ཉམས། །

སྒྲ་ཚད་བཟོ་གསོ་ནང་དོན་རིག་པ་དང་། །
སྙན་ངག་མངོན་བརྗོད་སྐར་རྩིས་ཟློས་གར་སོགས། །
བཅུ་ཕྲག་རིག་པའི་ནོར་བུའི་བང་མཛོད་རྣམས། །
བོད་ཀྱི་སྐད་ཡིག་ཉམས་ན་ཐམས་ཅད་ཉམས། །

རྒྱལ་རབས་ལོ་རྒྱུས་ཆོས་འབྱུང་དེབ་ཐེར་དང་། །
གེ་སར་སྒྲུང་ཡིག་བླ་མའི་རྣམ་ཐར་སོགས། །
འཁར་གཞོང་རལ་ན་རྒྱ་ཤུག་བོར་བ་བཞིན། །
བོད་ཀྱི་སྐད་ཡིག་ཉམས་ན་ཐམས་ཅད་ཉམས། །

སྒྲུབ་པའི་བཀའ་བབས་སྔ་འགྱུར་རྙིང་མ་པ། །
བཤད་པའི་བཀའ་བབས་དཔལ་ལྡན་ས་སྐྱ་པ། །
རྩོད་པའི་བཀའ་བབས་རི་བོ་དགེ་ལུགས་པ། །
བོད་ཀྱི་སྐད་ཡིག་ཉམས་ན་ཐམས་ཅད་ཉམས། །

ལྟ་བ་རྟེན་འབྱུང་སྤྱོད་པ་འཚེ་བ་མེད། །
སྒོམ་པ་ཞི་གནས་ལྷག་མཐོང་ཟུང་འབྲེལ་རྣམས། །
གཞན་ལ་མེད་པའི་ཁྱད་ཆོས་མང་ན་ཡང་། །
བོད་ཀྱི་སྐད་ཡིག་ཉམས་ན་ཐམས་ཅད་ཉམས། །

མཆོག་གསུམ་དད་པ་རྒྱུ་འབྲས་ཡིད་ཆེས་དང་། །
གཞན་ཕན་ལྷག་བསམ་དྲང་བདེན་འདྲ་མཉམ་སོགས། །
བསམ་པའི་དཔལ་ཡོན་ཇི་སྙེད་མཆིས་པ་རྣམས། །
བོད་ཀྱི་སྐད་ཡིག་ཉམས་ན་ཐམས་ཅད་ཉམས། །

དབུས་གཙང་མི་རྣམས་གཤིས་འཇམ་ངང་རྒྱུད་བཟང་། །
ཁམས་པའི་མི་རྣམས་ལང་ཚོ་དཔའ་རྩལ་རྒྱས། །
ཨ་མདོའི་མི་རྣམས་ཤེས་རིག་ཡོན་ཏན་ལྡན། །
བོད་ཀྱི་སྐད་ཡིག་ཉམས་ན་ཐམས་ཅད་ཉམས། །

སྟོན་པ་སངས་རྒྱས་རྗེས་འཇུག་བན་དེ་དང་། །
སྟོན་པ་གཤེན་རབ་རྗེས་འཇུག་བོན་པོ་གཉིས། །
ང་བདེན་ཁྱོད་རྫུན་རྩོད་པ་བྱས་ན་ཡང་། །
བོད་ཀྱི་སྐད་ཡིག་ཉམས་ན་གཉིས་ཀ་མེད། །

འཇིག་རྟེན་མི་ཆོས་སྒྲུབ་མཁན་ཁྱིམ་པ་དང་། །
དམ་པའི་ལྷ་ཆོས་སྒྲུབ་མཁན་རབ་བྱུང་གཉིས། །
ཕན་ཚུན་ཕྲག་དོག་མེ་ལྕེ་འབར་ན་ཡང་། །
བོད་ཀྱི་སྐད་ཡིག་ཉམས་ན་གཉིས་ཀ་མེད། །

བོད་ཡིག་ཐོག་མ་བྱས་མཁན་སུ་ཡིན་དང་། །
བོད་རྒྱལ་བཙན་པོ་གྲོངས་མཁན་སུ་ཡིན་སོགས། །
ཐོབ་ཤོར་མེད་ལ་ཉིན་མཚན་རྩོད་ན་ཡང་། །
བོད་ཀྱི་སྐད་ཡིག་ཉམས་ན་གཉིས་ཀ་མེད། །

ལྟ་བ་ངས་མཐོ་ཟེར་བའི་སྔགས་པ་དང་། །
སྤྱོད་པ་ངས་བཙུན་ཟེར་བའི་རབ་བྱུང་གཉིས། །
ང་བཟང་ཁྱོད་ངན་རྒྱུན་དུ་རྩོད་བྱས་ཀྱང་། །
བོད་ཀྱི་སྐད་ཡིག་ཉམས་ན་གཉིས་ཀ་མེད། །

ལྟ་བ་སྤྲོས་བྲལ་འདོད་པའི་སྔ་རབས་དང་། །
སྟོང་རྐྱང་མེད་དགག་འདོད་པའི་ཕྱི་རབས་གཉིས། །
སྐད་འགག་ལག་མཐིལ་རྡོལ་བ་རྩོད་བྱས་ཀྱང་། །
བོད་ཀྱི་སྐད་ཡིག་ཉམས་ན་གཉིས་ཀ་མེད། །

གཞན་སྟོང་དབུ་མ་བཤད་པའི་ཇོ་ནང་དང་། །
རང་སྟོང་དབུ་མ་སྒྲུབ་པའི་དགེ་ལུགས་གཉིས།།
དགག་སྒྲུབ་རིགས་པའི་སྒྱུ་རྩལ་ངོམས་ན་ཡང་།།
བོད་ཀྱི་སྐད་ཡིག་ཉམས་ན་གཉིས་ཀ་མེད།།

སྙིགས་མའི་དུས་སུ་དབང་ལུང་ཁྲིད་སོགས་ཀྱི། །
བརྒྱུད་པ་ཆད་དུ་དོགས་ནས་འཇིགས་ན་ཡང་། །
སྐད་ཡིག་རྩད་ནས་ཉམས་པའི་དོ་ཟླ་མིན། །
བོད་ཀྱི་སྐད་ཡིག་ཉམས་ན་ཐམས་ཅད་ཉམས། །

ཐེག་པ་ཆེན་ཆུང་མདོ་དང་སྔགས་ཀྱི་ཆོས། །
བསྟན་པ་ཡོངས་རྫོགས་བོད་འདིར་མ་གཏོགས་མེད། །
བོད་བརྒྱུད་ནང་བསྟན་ཆོས་ལུགས་ཉམས་གྱུར་ན། །
འགྲོ་བ་མི་རིགས་སྤྱི་ཡི་གོད་ཆགས་ཡིན། །

ཕྱི་རུ་བཀའ་ལུང་དབང་གི་བརྒྱུད་པ་མེད། །
ནང་དུ་གོ་མྱོང་རྟོགས་པའི་ལྟ་བ་མེད། །
མི་རིགས་གཞན་གྱི་སྐད་དང་ཡི་གེའི་ཐོག །
བསྟན་པ་སྤེལ་ཀྱང་ཚོང་འདུས་འོ་མ་བཞིན། །

བསྟན་པ་རྨང་ནས་ཞིག་ལ་ཉེ་བའི་ཚེ། །
བསྟན་སྲུང་དམ་ཅན་རྒྱ་མཚོའི་ཐུགས་མ་གཡེལ། །
བསྟན་པ་འཛིན་པའི་སྐྱེས་བུ་ཐམས་ཅད་ཀྱིས། །
བསྟན་པའི་རྨང་གཞི་སྐད་ཡིག་སྲུང་སྐྱོབས་མཛོད། །

ནགས་ཀྱི་དབུས་སུ་སྤྲེལ་འུ་སྐྱིད་སྙམ་ཡང་། །
ནགས་མཐར་མེ་ཡིས་བསྐོར་རོ་དེང་རི་བ། །
ནང་དུ་ཆཊ་སྡང་རྩོད་ན་མཁས་སྙམ་ཡང་། །
སྐད་ཡིག་འཇིགས་ལ་ཉེ་འདུག་བོད་པ་ཚོ། །

མདོར་ན་མི་རིགས་རིག་གཞུང་དང་བཅས་པ། །
རྩད་ནས་ཧྲིལ་གྱིས་འགྱེལ་བ་མ་འདོད་ན། །
བོད་རིགས་ན་གཞོན་བྱིས་པ་ཐམས་ཅད་ལ། །
བོད་སྐད་བོད་ཡིག་ཆགས་ཐོགས་མེད་པར་སློབས། །

ཞེས་དེང་གི་དུས་འདིར་བོད་ཀྱི་སྐད་ཡིག་ལ་ཤིན་ཏུ་ཉེན་ཁ་ཆེ་བར་མཐོང་ནས་རབ་རྒྱན་ཆུ་ཡོས་ལོའི་ཟླ་༨པའི་ཚེས་༧ཉིན་དྷཱིཿ  ཟླ་འོད་ནས་བྲིས་པའོ།།


贡法衣藏文平台
མེས་པོའི་ཟུང་ཁྲག་ནས་བཞུར་བའི་བོད་ཕ་སྐད་མ་ཡིག་ཁྲི་ལོ་ནས་ཁྲི་ལོར་བརྟན་པར་ཤོག །
 最新文章