༈ འཕགས་པ་འཇམ་དཔལ་རྡོ་རྗེ་རྣོན་པོ་ལ་ཕྱག་འཚལ་ལོ། །
རྩོམ་པ་པོ- མགྲིན་སྤུ་ཅན།
གསེར་ཞུན་ཉི་མ་གཞོན་ནུ་ལས་ལྷག་པའི།།
མཚན་དཔེའི་པད་ཁ་སོ་མ་བཞད་འདྲའི་སྐུ།།
ལྷག་པའི་ལྷ་མཆོག་འཇམ་དཔལ་དཔའ་བོ་ཡིས།།
འདི་ཙམ་མ་ཡིན་ཚེ་རབས་ཕྲེང་བར་སྐྱོངས།།
བདེན་གསུང་ཚད་མའི་ལམ་ནས་ཡོངས་བསྔགས་ཤིང་།།
འཕགས་བོད་མཁས་བླུན་ཀུན་ལ་ཡོངས་གྲགས་པའི།།
གྲུབ་པ་བཞི་ལྡན་རི་བོ་རྩེ་ལྔ་རུ།།
གནས་མཇལ་བསྐྱོད་པའི་བརྗེད་བྱང་འདི་ན་དགོད།།
ཆོས་གྲྭའི་དབུས་སུ་ཐོས་བསམ་མི་མོས་ཤིང་།།
དབེན་པའི་རི་ངོགས་གཅིག་པུ་འདུག་མི་ཚུགས།།
རྣམ་གཡེངས་རྐང་པས་རྒྱལ་ཁམས་བསྐོར་མཁན་ཚོས།།
ཁོ་བོས་བྲིས་པའི་ལམ་ཡིག་འདི་ཚོར་ལྟོས།།
དྭངས་བསིལ་རི་བོ་རྩེ་ལྔའི་ས་ཁྲ་རྙིང་པ།圣地五合山)日地图
དེ་ཡང་། གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་མི་མཇེད་འཇིག་རྟེན་གྱི་ཁམས་ཞེས་བྱ་བ་འདི་ནི། ཐེག་ཆེན་གྱི་མདོ་སྡེ་དག་དང་། ཆོས་མངོན་པ་མཛོད་ལས་ཀྱང་། གླིང་བཞི་པ་དང་ཉི་ཟླ་དང་།། རི་རབ་དང་ནི་འདོད་ལྷ་དང་།། ཚངས་པའི་འཇིག་རྟེན་སྟོང་ལ་ནི།། སྟོང་ནི་སྤྱི་ཕུད་ཡིན་པར་འདོད།། དེ་སྟོང་པ་ནི་སྟོང་གཉིས་པ།། བར་མའི་འཇིག་རྟེན་ཁམས་ཡིན་ནོ།། དེ་སྟོང་ལ་ནི་སྟོང་གསུམ་མོ།། མཉམ་དུ་འཇིག་ཅིང་བྱུང་བ་ཡིན།། ཞེས་པ་ལྟར། གླིང་བཞི་རི་རབ་ལྷ་གནས་དང་བཅས་པ་དང་སྟོང་ཕྲག་གཅིག་ལ་སྟོང་དང་པོ་སྤྱི་ཕུད་འཇིག་རྟེན་གྱི་ཁམས་ཞེས་བྱ།
སྟོང་དང་པོའི་འཇིག་རྟེན་དེ་འདྲ་བ་སྟོང་ཕྲག་གཅིག་ལ་སྟོང་གཉིས་པ་བར་མའི་འཇིག་རྟེན་གྱི་ཁམས་ཞེས་བྱ།
སྟོང་གཉིས་པའི་འཇིག་རྟེན་གྱི་ཁམས་དེ་འདྲ་བ་སྟོང་ཕྲག་གཅིག་ལ་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་ཞེས་བྱའོ། དེ་ལྟ་བུའི་སྟོང་གསུམ་གྱི་སྟོང་ཆེན་པོའི་འཇིག་རྟེན་གྱི་ཁམས་དེ་འདྲ་བ་བྱེ་བ་ཕྲག་བརྒྱ་ལ་རབ་འབྱམས་མཚམས་སྦྱོར་འཇིག་རྟེན་གྱི་ཁམས་ཞེས་བྱ།
(རབ་འབྱམས་མཚམས་སྦྱོར་འཇིག་རྟེན་གྱི་ཁམས་འདིའི་ནང་དུ་གླིང་བཞིའི་འཇིག་རྟེན་དུང་ཕྱུར་བརྒྱ་ཡོད་ལ། ཉི་མ་ཡང་དུང་ཕྱུར་བརྒྱ་ཡོད། ཟླ་བ་ཡང་དུང་ཕྱུར་བརྒྱ་ཡོད། སྐར་མ་ནི་བགྲང་གིས་མི་ལངས་སོ། །)
དེ་ལྟ་བུའི་རབ་འབྱམས་མཚམས་སྦྱོར་གྱི་འཇིག་རྟེན་བྱེ་བ་ཕྲག་བརྒྱ་ལ་རབ་འབྱམས་རྒྱུད་ཀྱི་འཇིག་རྟེན་གྱི་ཁམས་ཞེས་བྱ། རབ་འབྱམས་རྒྱུད་ཀྱི་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་ལ་རབ་འབྱམས་མཚམས་སྦྱོར་གྱི་འཇིག་རྟེན་གྱི་ཁམས་ཞེས་བྱ། རབ་འབྱམས་མཚམས་སྦྱོར་འཇིག་རྟེན་གྱི་ཁམས་བྱེ་བ་ཕྲག་བརྒྱ་ལ་གཞི་དང་སྙིང་པོ་མེ་ཏོག་གིས་བརྒྱན་པའི་འཇིག་རྟེན་གྱི་ཁམས་ཞེས་བྱའོ། དེ་ནི་སྐལ་བཟང་སངས་རྒྱས་གཅིག་གིས་གདུལ་ཞིང་ཡིན། དེ་ལྟར་བླ་ན་མེད་པའི་ཞིང་ཁམས་ཆེན་པོ་འདིའི་དབུས་སུ་སྐལ་བཟང་སངས་རྒྱས་སྟོང་རྩ་སངས་རྒྱས་ནས་ཆོས་འཁོར་བསྐོར་བའི་གནས་མཆོག་རྡོ་རྗེའི་གདན་ནི་བྱིན་རླབས་ཀྱི་གཟི་འོད་འཕྲོ་ཞིང་ལྷམ་མེ་ལྷན་ནེ་ལྷང་ངེར་བཞུགས་སོ། །
དེའི་ཤར་ཕྱོགས་ན་འཕགས་པ་འཇམ་དཔལ་གྱི་གནས་དྭངས་བསིལ་རི་བོ་རྩེ་ལྔ། ལྷོ་ཕྱོགས་ན་སྤྱན་རས་གཟིགས་ཀྱི་གནས་མཆོག་རི་བོ་པོ་ཊ་ལ། ནུབ་ཕྱོགས་ན་དཔའ་བོ་མཁའ་འགྲོའི་གནས་ཨོ་ཊི་ཡ་ན། བྱང་ཕྱོགས་ན་ཆོས་རྒྱལ་རིགས་ལྡན་རྣམས་བཞུགས་པའི་གནས་ཤམྦྷ་ལ་བཅས་གནས་མཆོག་དེ་རྣམས་མཐོང་ཐོས་དྲན་རེག་བགྱིས་པའི་སྐྱེ་འགྲོ་རྣམས་རིམ་བཞིན་བླ་མེད་སངས་རྒྱས་ཀྱི་ས་མཆོག་འཐོབ་པར་གསུང་པའི་ཧ་ཅང་བྱིན་ཆེ་བར་གྲགས་པའི་ཤར་ཕྱོགས་རྒྱ་ནག་ན་འཇམ་དཔལ་གྱི་གནས་དྭངས་བསིལ་རི་བོ་རྩེ་ལྔ། སྤྱན་རས་གཟིགས་ཀྱི་གནས་རི་བོ་གྲུ་འཛིན། ཀུན་ཏུ་བཟང་པོའི་གནས་གླང་ཆེན་འགྱིང་རི། ས་ཡི་སྙིང་པོའི་གནས་དཔལ་རི་རྩེ་དགུ་སྟེ་ཡོངས་སུ་གྲགས་པའི་གནས་ཆེན་བཞིའི་ཡ་གྱལ། རྒྱ་བོད་མཁས་བླུན་ཀུན་ལ་ཡོངས་སུ་གྲགས་ཤིང་གྲུབ་པ་འཕགས་པ་འཇམ་དཔལ་གྱི་གནས་མཆོག་མ་ཧཱ་ཙི་ན་ཞེས་ཆེན་པོ་ཤར་ཕྱོགས་རྒྱ་ཡི་ཡུལ་དུ་བཞུགས་པའི་དྭངས་བསིལ་རི་བོ་རྩེ་ལྔ་ནི།
མདོ་སྡེ་ཕལ་བོ་ཆེ་ལས། བྱང་ཤར་གྱི་མཚམས་རི་བོ་དྭངས་བསིལ་ཞེས་བྱ་བ་བསྐལ་བ་དང་པོའི་དུས་བྱང་ཆུབ་སེམས་དཔའི་ཚོགས་ཡང་དག་འདུ་བའི་གནས་ཡིན་ཏེ། ད་ལྟ་ཡང་བྱང་ཆུབ་སེམས་དཔའ་འཇམ་དཔལ་གཞོན་ནུར་གྱུར་པ་རང་གི་འཁོར་བྱང་ཆུབ་སེམས་དཔའ་སྟོང་ཕྲག་བཅུའི་ཚོགས་དང་བཅས་གནས་དེར་རྟག་ཏུ་གནས་ཤིང་དམ་པའི་ཆོས་རྒྱ་ཆེར་བསྟན་ཅིང་བཞུགས་སོ། ཞེས་པ་དང་། ཙི་ནའི་ཡུལ་དུ་བྱང་ཆུབ་སེམས་དཔའ་ཆེན་པོའི་བཞུགས་གནས་ཕོ་བྲང་ཞིག་ཡོད་པའི་མིང་སྲེད་མེད་ཀྱི་བུའི་བྲག་ཁུང་ཞེས་བྱ་བ་བསྐལ་བ་དང་པོའི་དུས་ན། བྱང་ཆུབ་སེམས་དཔའ་ཆེན་པོ་རྣམས་ཚོགས་ཤིང་བཞུགས་པའི་གནས་ཡིན་ནོ། ཞེས་དང་། ཡང་མདོ་དེ་ཉིད་ལས། བཅོམ་ལྡན་འདས་ཀྱིས་གསང་བའི་བདག་པོ་ལག་ན་རྡོ་རྗེ་ལ་བཀའ་སྩལ་བ། བྱང་ཤར་གྱི་མཚམས་སུ་མ་ཧཱ་ཙི་ན་ཞེས་བྱ་བའི་ཡུལ་ཆེན་པོ་ཡོད་པ་དེར་ལྷུན་པོ་རྩེ་ལྔ་བ་ཞེས་བྱ་བའི་རི་བོ་ཡོད་ལ། ང་མྱ་ངན་ལས་འདས་པའི་འོག་ཏུ་གནས་དེར་བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་འཇམ་དཔལ་གཞོན་ནུར་གྱུར་པའི་སྤྱོད་ལམ་ཅི་བདེ་བའི་ཚུལ་གྱིས་གནས་ཏེ། སེམས་ཅན་ཐམས་ཅད་ལ་ཕན་པ་དང་བདེ་བ་དམ་པའི་ཆོས་རབ་ཏུ་སྟོན་ཅིང་ལྷ་དང་ཀླུ་ལ་སོགས་པའི་དྲེགས་པ་སྡེ་བརྒྱད་དཔག་ཏུ་མེད་པས་ཡོངས་སུ་བསྐོར་ཏེ་མཆོད་པ་དང་བཀུར་སྟི་རིམ་གྲོ་བྱེད་པར་འགྱུར་རོ། ཞེས་སོགས་མདོ་སྡེ་ཕལ་བོ་ཆེ་དང་། འཇམ་དཔལ་རྣམ་པར་རོལ་བའི་མདོ་དང་། ཞིང་བཀོད་ཀྱི་མདོ་དང་། ཡོངས་སུ་མྱ་ངན་ལས་འདས་པའི་ལས་འདས་པ་ཆེན་པོའི་མདོ་དང་། དཔའ་བར་འགྲོ་བའི་ཏིང་ངེ་འཛིན་གྱི་མདོ་སོགས་ལས་ཀྱང་གནས་མཆོག་འདིར་ཡོངས་སུ་བསྔགས་ཤིང་ལུང་དུ་བསྟན་པ་དང་།
འཇམ་དཔལ་རྩ་རྒྱུད་ལས་ཀྱང་། རྒྱ་དང་རྒྱ་ནག་ཆེ་ཉིད་ན།། འཇམ་པའི་དབྱངས་ནི་རབ་གྲུབ་འགྱུར།། ཞེས་པ་དང་། བྱང་ཆུབ་སེམས་དཔའ་དཔའ་བོ་ཆེ།། འཇམ་པའི་དབྱངས་ནི་འོད་པོ་ཆེ།། མངོན་སུམ་དེ་ཡི་ཡུལ་དག་ན།། བྱིས་པའི་གཟུགས་ཀྱི་བཞུགས་པ་ཡིན།། ཞེས་སྤྱིར་ཆེན་པོ་རྒྱ་ཡི་ཡུལ་འདི་འཕགས་པ་འཇམ་དཔལ་གྱི་གདུལ་ཞིང་དང་གནས་མཆོག་འདིར་ཡང་འཇམ་དབྱངས་བྱིས་པའི་གཟུགས་སུ་བཞུགས་ནས་འགྲོ་བའི་དོན་དཔག་ཏུ་མེད་པ་མཛད་པར་གསུངས་སོ། པད་མའི་བཀའ་ཐང་ལས།
ཨུ་རྒྱན་སློབ་དཔོན་པདྨའི་ཞལ་སྔ་ནས༔ རྒྱ་ནག་ཡུལ་བྱོན་པཎྜི་ཏ་རྣམས་ལ༔ རྒྱ་ནག་རི་བོ་རྩེ་ལྔ་བྱ་བ་དེའི༔ རི་རེའི་མིང་རེ་ཡོད་པས་ཤོད་དང་གསུངས༔ སློབ་དཔོན་ཧ་ར་ནག་པོའི་ཞལ་ན་རེ༔ རྒྱ་ནག་གྷིའུ་དེ་ཤན་བྱ་བ་ལ༔ རི་བོ་རྩེ་མོ་ལྔ་རུ་ཡོད་པ་ལས༔ དབུས་ཀྱི་རི་ལ་བེ་ཏ་རྩེ་ཞེས་ཟེར༔ དེ་ན་འཇམ་དཔལ་གཞོན་ནུར་གྱུར་པ་བཞུགས༔ ཤར་ཕྱོགས་ཨ་ཁྲ་དྷ་རི་རྩེ་ཞེས་ཟེར༔ དེ་ན་འཇམ་དཔལ་ཡེ་ཤེས་སེམས་དཔའ་བཞུགས༔ ལྷོ་ཕྱོགས་གྷ་ན་རི་ཡི་རྩེ་ཞེས་ཟེར༔ དེ་ཡི་རྩེ་ལ་འཇམ་དཔལ་རྣོན་པོ་བཞུགས༔ ནུབ་ཕྱོགས་ཨ་པ་རི་ཡི་རྩེ་ཞེས་ཟེར༔ དེ་ན་འཇམ་དཔལ་སྨྲ་བའི་སེང་གེ་བཞུགས༔ བྱང་ཕྱོགས་སིག་ཏ་ཨ་ཁྲོ་རི་ཡི་རྩེ༔ དེ་ན་འཇམ་དཔལ་དྲི་མ་མེད་པ་བཞུགས༔
ཞེས་གསུངས་སོ། དེ་ལྟར་བཀའ་གཏེར་མདོ་རྒྱུད་རྣམས་ལས་ཡོངས་སུ་གྲགས་ཤིང་གྲུབ་པའི་གནས་མཆོག་རི་བོ་རྩེ་ལྔ་དེ་རུ་གནས་མཇལ་ལན་གཅིག་སླེབས་ན་བསམ་སྟེ་ཡུན་རིང་མོ་ནས་ཡིད་ལ་ཡང་ཡང་དྲན་མོད་སྐད་བསྒྱུར་དང་དོན་མཐུན་གྱི་ལམ་གྲོགས་གཞན་མ་རྙེད་ནས་ད་བར་མཇལ་བའི་སྐབས་མ་རྙེད།
ད་ལོ་ཆུ་མོ་ཡོས་ཀྱི་གནམ་ལོ་འདི་ནི་རང་ལ་མཚོན་ན་ཆེས་རིན་ཐང་ཆེ་ཞིང་དམིགས་བསལ་གྱི་གནམ་ལོ་ཞིག་ལ་ཁེལ་བ་སྟེ། དེའི་རྒྱུ་མཚན་ནི། ཁོ་བོའི་མི་ཚེ་འདིའིི་ནང་ཐོབ་དང་གོ་སར་རྒྱུ་དང་འབྱོར་བ་སོགས་གཙོ་བོ་དོན་དུ་གཉེར་བ་མ་བྱས་ཤིང་མི་ཚེའི་ཁ་ཕྱོགས་དངོས་མ་དེ་ནང་ཆོས་སློབ་གཉེར་ལ་བསྐོར་བའི་འདུན་པ་དེར་གཏད་པའི་བརྒྱུད་ལམ་ནས་དགེ་བའི་བཤེས་གཉེན་གྱི་དྲིན་དུ་ཚོར་ཞིང་རང་རྒྱུད་ལ་དཀར་པོའི་བག་ཆགས་ཀྱི་ས་བོན་ཆ་ཕྲ་མོ་ཙམ་ཞིག་རྒྱུད་ལ་བཞག་པའི་ཆེད་དུ་བརྗོད་བྱ་ནང་ཆོས་ཀྱི་སྲོག་ཞུགས་པའི་རྩོམ་ཡིག་པོད་ཆེན་"དེབ་ཕྲེང་བཅུ་གསུམ་"པོ་ཕ་མ་དང་བཤེས་གཉེན་ལ་བཀའ་དྲིན་གསོ་བའི་ཆེད་དང་མི་ཡུལ་དུ་ཟས་རིན་ཙམ་གྱི་ཆེད་དུ་ལེགས་པར་ཡོངས་སུ་གྲུབ་ཚུལ་གྱི་དོན་དེ་ཉིད་མཆེད་དམ་པ་མཁན་སྤྲུལ་བདེ་ཆེན་རྡོ་རྗེའི་སྙན་ལམ་དུ་མོལ་བ་ན།ཁོང་ཧ་ཅང་ཐུགས་དགོངས་དགྱེས་པའི་རྩེར་སོན་ཏེ། ང་ཚོ་མཁན་རྒན་བླ་མའི་འཕྲིན་ལས་ཀྱི་བརྒྱུད་འཛིན་པ་ཕུལ་བྱུང་འདི་ལྟར་བྱུང་བ་ནི་ཆོས་འཇིག་རྟེན་གཉིས་ཀའི་ཐོག་ནས་དབུ་རྣ་དང་མཚན་སྙན་གཟི་བརྗིད་བླ་ན་མེད་པ་ཞིག་ཡིན། ཁོང་རང་ངོས་ནས་ཀྱང་སེམས་གཏིང་ནས་དགའ་བ་དང་ཡི་རངས་ཆེས་ཆེ་ཚུལ་སོགས་རང་གི་ཤེས་ཡོན་དང་འཇོན་ནུས་ཀྱི་ཆུ་ཚད་ལས་བརྒལ་བའི་ཡི་རངས་དང་བསྔགས་བརྗོད་གནང་བའི་ཞོར་དུ།
ད་ལན་རྟེན་འབྲེལ་གཏང་རག་གི་ཚབ་ཏུ་གནས་མཆོག་རི་བོ་རྩེ་ལྔ་རུ་ཆོས་མཇལ་ཞིག་འགྲོ་ཞེས་གསུང་བྱུང་བར་རང་ཡང་འདོད་བློ་ཐོག་ཏུ་ཁེལ་ནས་སྤྲོ་སེམས་དང་བཅས་དེར་གནས་མཇལ་འགྲོ་རྒྱུ་གཏན་ཁེལ་བྱས། དེ་ནི་སྔོན་དུ་འགྲོ་བའི་གཏམ་མོ། །
ཟང་ཟིང་ནོར་གྱིས་འབྱོར་བ་གནས་སྐབས་ཙམ།།
མཐོན་པོའི་གསེར་ཁྲི་ཐོབ་པ་ངལ་བའི་རྒྱུ།།
སྲིད་གསུམ་ནོར་གྱིས་ཁུག་པ་མི་ནུས་པའི།།
ལེགས་བཤད་གཏམ་འདི་ཁོ་བོས་ས་སྟེང་བཞག།
རྩོམ་རིག་རིག་གནས་རིན་ཐང་མི་ཤེས་ཤིང་།།
ལྷག་ཏུ་ཉམས་ཆུང་ཁ་ཡི་ལེགས་བཤད་དབྱངས།།
ཆགས་སྡང་འདུ་ཚོགས་རྒྱས་པ་སྐྱེ་བོའི་ཁྲོད།།
དགའ་བའི་གཏམ་གླེང་བྱེད་ས་རེ་ཟུང་ཙམ།།
ལྷག་པའི་ལྷ་མཆོག་རིགས་གསུམ་མགོན་པོ་དང་།།
ཐུགས་ཡིད་གཅིག་འདྲེས་འདྲེན་མཆོག་ཆོས་ཀྱི་རྗེ།།
ཐུགས་དགོངས་ཟབ་མོ་དགྱེས་པའི་རྒྱུར་གྱུར་ཏེ།།
བསོད་ནམས་ཚོགས་ཆེན་རྫོགས་པའི་རྒྱུ་རུ་ཤོག།
ཅེས་ཀྱང་སྨྲས་སོ། །
ད་ནི་དཀྱུས་ལ་འཇུག་པར་བྱ་སྟེ། དེ་ཡང་། རབ་རྒྱན་ཆུ་ཡོས་ལོའི་བོད་ཟླ་དང་པོའི་ཚེས་བཅོ་ལྔའི། {སྤྱི་ཟླ་༣.༧}(འབུམ་འགྱུར་ཟླ་བའི་ཆོ་འཕྲུལ་དུས་ཆེན་) ཉིན་ཞོགས་པའི་ཆར་པད་མ་ཅན་གྱི་གྲོང་ཁྱེར་གྱི་དབུས་མགྲོན་མཁར་ནང་ཞོགས་ཟས་བསྟབས་རྗེས། ངེད་ཅག་ས་འོག་ལྕགས་ལམ་ནས་བརྒྱུད་དེ་”ཐེན་ཧྥུ་གནམ་ཐང་”སྟེང་ཐོན། ཆུ་ཚོད་༡༡་སྐར་མ་༣༠ ཐོག་གནམ་གྲུའི་ནང་འཛུལ་ཞུགས་བྱས་ཏེ་ཁོ་བོའི་སེམས་པ་ལྷོད་ལ་བབ་ནས་བསྡད།
ཁོ་བོའི་ཡིད་ངོར་ཡུན་རིང་མོ་ཞིག་ནས་ཡི་དམ་འཇམ་དཔལ་དབྱངས་སྐུ་དངོས་བཞུགས་པར་གྲགས་པའི་སྒྲུབ་པའི་གནས་མཆོག་རི་བོ་རྩེ་ལྔ་དེར་གནལ་མཇལ་ཐེངས་ཤིག་སླེབས་ཐུབ་ན་བསམ་པ་དེ་ད་ལན་དོན་ཐོག་ཏུ་སྨིན་སོང་བསམ་ནས་ལྷག་ཏུ་སེམས་པ་དགའ་སྤྲོས་ཁེངས། དེ་ནི་རང་གར་མཛེས་པའི་རི་ཆུ་ཞིག་མཐོང་འདོད་པ་ཙམ་མ་ཡིན་པར་འདི་ནི་ཁོ་བོ་ཆུང་བྱིས་པའི་དུས་ནས་གསོལ་བ་རྩེ་གཅིག་ཏུ་བཏབ་སའི་ལྷག་པའི་ལྷག་དེའི་གནས་མཆོག་ཡིན་པར་གྲགས་པའི་རྒྱུན་མཚན་གྱིས་རེད།
(འདི་ནི་རྒྱ་བོད་ཀྱི་མཁས་བླུན་ཀུན་གྱིས་གནའ་ནས་ད་བར་ཡོངས་སུ་གྲགས་པའི་འཇམ་དཔལ་གྱི་གནས་ཡིན། སྤྱིར་གནས་ཆེན་ཕལ་མོ་ཆེ་རྣམས་ལ་དངོས་དང་ཚབ་མཚོན་གྱི་གནས་རེ་ཡོད་ཀྱང་འདི་ནི་དེ་འདྲའི་མ་ཡིན་པར་གནའ་ནས་ད་བར་རྩོད་མེད་ཡོངས་སུ་གྲགས་པའི་གནས་མཆོག་དངོས་མ་དེ་ཡིན།)
ད་དུང་གནས་བཤད་པ་ཚོའི་ངག་ལམ་འདི་སྐད་གླེང་བ་ཐོས་ཏེ། སྒྲུབ་གནས་འདིར་གནས་མཇལ་འགྲོ་མཁན་མཐོ་དམན་ཀུན་གྱིས་སོ་སོའི་གཟུགས་སྣང་མ་ངེས་པ་ཞིག་གི་ཐོག་ནས་འཇམ་དཔལ་དབྱངས་ཐེངས་རེ་མཇལ་ངེས་ཡིན་རེད་ཅེས་རྣ་ལམ་དུ་ཁོ་བོས་ད་སྔོན་ཐེངས་མང་ཐོས་མྱོང་བ་དེའི་རྐྱེན་པས་དགའ་སྤྲོ་ལྷག་པར་འཕེལ་བ་མ་ཚད།
ད་ལན་ངས་ཀྱང་འཇམ་དཔལ་གཞོན་ནུ་དེ་སྐུ་གཟུགས་ག་འདྲ་ཞིག་གི་རྣམ་པ་མིག་ལམ་དུ་མཇལ་གི་ཡོད་ན་བསམ་སྟེ་དེ་ཁོ་ན་ཡང་ནས་ཡང་དུ་ཡིད་ལ་འཁོར། དེ་ཡིད་ལ་དྲན་ཞོར་འཇམ་དཔལ་མཚན་བརྗོད་བསྡུས་པ་ཚར་བརྒྱ་ལྷག་ངག་ཐོག་ནས་བཟླས། ཆུ་ཚོད་༡༢,སྐར་མ་༢༠ ཐོག་སྤོས་ལྡན་ནས་མཁའ་དབྱིངས་མཐོན་པོར་བཏེགས།(མཁའ་དབྱིངས་ནས་མྱོང་བའི་བལྟས་མོ་དང་རང་གི་མྱོང་ཚོར་ཐན་ཐུན་ནི་ཡི་གེས་འཇིགས་ནས་འདིར་མ་བྲིས། )(ཆུ་ཚོད་༢ སྐར་མ་༡༥ཐོག་)ཧྲི་ཅ་ཀྲང་གནམ་ཐང་སྟེང་སླེབས། དེར་མཆེད་དམ་པ་མཁན་སྤྲུལ་བདེ་ཆེན་རྡོ་རྗེའི་སློབ་མ་འགའ་ཤས་ངེད་ཅག་བསུ་མ་སླེབས་པ་དེ་རྣམས་ཀྱིས་མེ་ཏོག་དམར་པོའི་ཆུན་པོ་རེ་ངེད་ཅག་གི་ལག་ཏུ་སྤྲད་ནས་དགའ་སྤྲོས་མཛུམ་མདངས་དང་བཅས་བསུ་མ་བྱས་ནས་ངེད་ཅག་རླངས་འཁོར་གྱི་ནང་ཞུགས་ཏེ་ལམ་དུ་བསྐྱོད། (ང་ད་སྔོན་འདིའི་ཕྱོགས་འགྲོ་མྱོང་མེད་སྟབས་ངས་རླངས་འཁོར་གྱི་སྒེག་ཁུང་ནས་རི་ཆུ་ལུང་པའི་ཆབས་དབྱིབས་སོགས་ལ་ཕན་ཚུན་མིག་གཅེར་ནས་རྒྱང་བལྟས་བྱས། འོན་ཅང་ཧྲན་ཞིང་ཞིང་ཆེན་གྱི་ས་ཆ་ཕལ་མོ་ཆེར་ནགས་ཚལ་སྟུག་པོ་དང་སྤང་ལྔོངས་ཡི་གར་འོང་བ་ཡང་མིག་ལམ་དུ་མ་མཐོང་ལ། རི་བོ་རྣམས་ཀྱང་བོད་ལ་ངོམས་རིན་ཆོག་པའང་མ་མཐོང་། ལམ་བར་དུ་མཐོང་བའི་རི་ལུང་ཕལ་ཆེར་ཤིང་ཕྲན་ཚེར་མ་ཅན་འདྲ་བོ་ཚོམ་བུ་ཚོམ་བུ་སྐྱེས་པ་མ་གཏོགས་མཛེས་ཤིང་ལྟ་ན་སྡུག་པའི་ནགས་ཚལ་སྟུག་པོ། ཡི་གར་འོང་བའི་སྤང་ལྗོངས་སྔོན་པོ། སྲིད་པ་ཆགས་པའི་གངས་རྒན་ནི་དེ་བས་ཀྱང་དཀོན་པ་བཤད་མ་དགོས། འོན་ཀྱང་ལམ་ཞོར་དུ་མཐོང་བའི་ས་ཆ་རི་ལུང་ཀུན་སྣུམ་པོ་དེ་ཙམ་ཡོད་པ་མ་མཐོང་ཡང་འགའ་ཤས་ནི་ནམ་དུས་ཀྱིས་འགྱུར་བའང་ཡིན་སྲིད། མཆན། )
དེ་ནས་(台怀镇 )ཐེ་ཧྥན་ཀྲན་གྱི་ས་ཆ་
གནས་མཆོག་རི་བོ་རྩེ་ལྔའི་ས་སྣེ་རྒྱ་སྒོ་ནས་ཡར་མཛུད་མ་ཐག་ཐོག་མར་མགྲོན་པོ་ལམ་ཐུག་གི་རྟེན་འབྲེལ་ལ། རྒྱ་མི་ཞིག་གིས་ཆུ་ཟོམ་གཉིས་ཚུར་ཁུར་ནས་འོང་བ་དང་ཏག་ཏག་ལམ་དུ་ཐོད་ཐུག་པ་མ་ཚད། སྐྱ་ག་ཁྲ་མོ་ཞིག་ཀྱང་ལམ་ཟུར་རླངས་འཁོར་གྱི་ཉེ་འགྲམ་དུ་འཕུར་ནས་སྐད་ཅོ་སྙན་པ་གྲགས་ཤིང་བབ་བྱུང་བར། དམ་པའི་ངག་རྒྱུན་ལ། རྟེན་འབྲེལ་ལུས་ལ་སྒྲིགས་ན། རྟོགས་པ་སེམས་ནང་འཆར།། ཞེས་པ་ལྟར། དེ་ཡང་རྟེན་འབྲེལ་ལ་ཉེ་བཟང་པོར་བརྩིས།
འོན་ཀྱང་མཆེད་འགའ་རེས་ཁྱོད་ནི་རྒྱུན་དུ་རྟེན་འབྲེལ་ཆིག་ཆིག་ཅེས་མང་པོ་བཤད་ཀི་འདུག་གཏེར་སྟོན་ཞིག་ལ་རེ་བ་བཅའ་གི་ཨེ་ཡོད་ཅེས་འཕྱ་ཞིང་ཁྲེལ་རྒོད་བྱེད་མཁན་ཡང་ཡོད་མོད། རྫོགས་ཆེན་གྱི་རྣལ་འབྱོར་བ་མ་གཏོགས་ཕལ་ཆེར་ཁོ་བོ་ལྟ་བུ་སོ་སྐྱེའི་བྱིས་པ་རྣམས་ནི་རྣམ་རྟོག་གི་འཆར་སྒོ་བཟང་ངན་ལ་གཙིགས་སུ་འཛིན་པའི་ངན་གོམས་ཤོར་ཡོད་སྟབས་ཐམས་ཅད་ནས་ཐམས་ཅད་རོ་མཉམ་དུ་བསྒྱུར་ཐུབ་པའི་བློ་ཁོག་དེ་མེད་པ་འདྲ། དེའང་། ཧྲི་ཅ་ཀྲང་གནམ་ཐང་ནས་རི་བོ་རྩེ་ལྔའི་བར་དུས་ཡུན་རླངས་འཁོར་ཆུ་ཚོད་གསུམ་ལྷག་འགོར་ཞིང་རྒོངས་དྲོ་གནས་མཆོག་རི་བོ་རྩེ་ལྔའི་རི་འདབ་གྲོང་པའི་མིང་གི་ཁ་བྱང་ལ་འདི་ལྟར་(五台山天天向上素食餐厅) བྲིས་ཡོད་པའི་ཟས་ཁང་ཞིག་ནང་སླེབས་ནས་ངེད་ཅག་རྒོངས་ཟས་མཉམ་དུ་བསྟབས།
དེ་ཡང་ཟས་ཁང་གི་མིང་རིམ་རྣམས་ལའང་ས་བཅུའི་མིང་གི་གོ་རིམ་ལྟར་བསྒྲིགས་ནས་བྲིས་ཡོད་པ་ཡིན་འདྲ།
ང་ཚོ་ཐོག་མར་དེར་སླེབས་ནས་རྒོངས་ཟས་ལོངས་སྤྱོད་སའི་ཟས་ཁང་གི་ཁང་མིག་དེའི་གོ་རིམ་གྱི་མིང་ནི་”ས་ལྔ་པ་སྦྱང་དཀའི་”ས་མཚམས་ལ་ཁེལ་འདུག་སྟབས། ལུས་རྟེན་འདིར་ས་ལམ་དེ་ལྟར་བགྲོད་ཐུབ་པའི་རྟེན་འབྲེལ་སེམས་ལ་ཤར་ཞིང་བག་ཆགས་རྒྱུད་ལ་བཞག དེར་རྒོངས་ཟས་བསྟབས་གྲུབ་རྗེས་ཤར་རི་དང་ཉེ་བའི་མགྲོན་མཁར་ཞིག་གི་(“有书空间民宿” “ཆོས་སྤྱན་ལྡན་པའི་སྡོད་གནས་”འདི་ནི་རང་གིས་དོན་བསྒྱུར་བྱས་ཁུལ་ཡིན། ཧཧ། མཆན།)
ནང་མཁན་སྤྲུལ་བདེ་ཆེན་རྡོ་རྗེའི་སློབ་མ་ཚོས་སྣེ་ལེན་ཟབ་རྒྱས་བྱས་ཡོད་པའི་ནང་དད་སེམས་དང་དགའ་སྤྲོའི་ངང་སེམས་པ་ལྷོད་ལ་བབ་སྟེ་ངས་སོང་ཉིན་ངོ་མཚར་བའི་གནས་མཆོག་བྱིན་ཅན་དེ་མངོན་སུམ་དུ་མཇལ་རྒྱུ་རེད་སྙམ་ནས་ཡི་དམ་ལྷག་པའི་ལྷ་ལ་གསོལ་འདེབས་དང་མོས་གུས་ཀྱི་ངང་དུ་སེམས་དགའ་ཞིང་དད་སྤྲོ་རབ་ཏུ་འབར། དེ་ནས་མགྲོན་མཁར་ནང་གི་ཁྲུས་སྣོད་ལ་དམིགས་ཏེ། སྤྱི་གཙུག་པད་ཟླའི་གདན་སྟེང་དུ།། སོགས་ཡིག་བརྒྱ་དང་ཁྲུས་སྒྲུབ་ཀྱི་གཟུངས་སྔགས་རྣམས་བཏོན་བཞིན་སྒོ་གསུམ་སྡིག་སྒྲིབ་ཞི་བའི་དམིགས་གནད་དང་བཅས་ཏེ་ལུས་ཁྲུས་བྱས་ནས་རྨི་ལམ་གྱི་གྲོང་ཁྱེར་ཉུལ།
༈ ཚེས་བཅུ་དྲུག་གི་ཉིན་ཁོ་བོའི་སྤྱོད་ལམ་རྒྱུན་ལྡན་ལྟར་ཐོ་རངས་མལ་ས་ནས་སྔོན་དངོས་མཇུག་ཚང་གི་ཐུན་ཐུང་ངུ་ཞིག་དང་ཡི་དམ་གྱི་སྒོམ་ཟླས་བཅས་གྲུབ་ནས་ངེད་ཅག་ལྷན་དུ་ཞོགས་ཟས་བསྟབས། དེ་ནས་དུས་ཚོད་༡༠ པའི་ཐོག་ངེད་ཅག་སྤྲུལ་བདེ་ཆེན་གྱི་སློབ་མ་དབྱངས་ཅན་གྱིས་ལམ་སྣ་བྱས་ལྟར་རླངས་འཁོར་ནང་ཞུགས་ཏེ་ཐོག་མར་རི་བོ་རྩེ་ལྔའི་དབུས་གནས་མཇལ་བར་བསྐྱོད།
དེར་ཐོག་མར ་“菩萨顶”བྱང་ཆུབ་སེམས་དཔའི་སྤོ་ཞེས་པའི་དགོན་པ་མཇལ། འདི་ནི་དབུས་རིའི་བང་ན་ཡོད།
དེ་ནི་སྔོན་དགྲ་བཅོམ་པ་མ་ཏང་ཀི་པ་གནས་འདིར་ཕྱག་ཕེབས་སྐབས་ཁོང་གིས་རི་འདི་ནི་རྒྱ་གར་བྱ་རྒོད་ཕུང་རིའི་དབྱིབས་དང་མཚུངས་ཞེས་གསུངས་པས་ན་རི་བོའི་མཚན་ཡང་དེ་ལྟར་ཆགས་པར་བཤད། དགོན་འདི་ནི་རི་བོ་རྩེ་ལྔའི་དགོན་པ་རྣམས་ཀྱི་ནང་ནས་གཙོ་ཤོས་ཞིག་ཏེ། ཝེ་རྒྱལ་རབས་བྱང་མ་ནས་བཟུང་དགོན་པ་འདི་བཞེངས་ཤིང་ཆིང་རྒྱལ་རབས་ཀྱི་དུས་སུ་སྔོན་གྱི་ལྷ་ཁང་རྣམས་ཉམས་གསོ་དང་གསར་བཞེངས་ཡང་བྱས་པར་བཤད།
སྤྱིར་རྒྱ་ནག་གི་ཡུལ་དུ་བཞེངས་པའི་ལྷ་ཁང་རྣམས་ལ་བོད་ལུགས་ལྟར་གྱོ་ཐོག་སེར་པོ་བསྐྱོན་པའི་ལུགས་སྲོལ་མེད། ཡུལ་མིའི་ངག་རྒྱུན་ལའང་། ཁ་དོག་སེར་པོ་རྒྱལ་པོ། དམར་པོ་བློན་པོ། སྔོན་པོ་འབངས་ཚོས་ཡིན་ཞིང་། དེའི་ཚེ་དེའི་དུས་ན། རྒྱལ་པོས་ཀྱང་ཁ་དོག་སེར་དམར་གཉིས་རབ་བྱུང་ལ་དམིགས་བསལ་མ་གནང་བར་གྲགས།དགོན་པ་ཆེ་ཆུང་མང་དུ་བཞུགས་ཀྱང་ཐོག་འགེབས་ཁ་དོག་སེར་པོ་བྱས་པ་ནི་དབུས་དགོན་འདི་ཁོ་ན་ཡིན་པ་འདྲ། འོན་ཀྱང་དམིགས་བསལ་ལྷ་ཁང་འདིའི་གྱོ་ཐོག་གི་ཁ་དོག་སེར་པོ་བྱས་ཡོད་པ་འདི་ནི་དགོན་པ་གཞན་དང་མི་འདྲ་བའི་ཆེ་མཐོང་གི་རྟགས་ཤིག་ཡིན་པའང་བཤད་རྒྱུ་འདུག །
དབུས་འཇམ་དབྱངས་ལྷ་ཁང། 文殊殿<འདི་ནི་སྔོན་དུས་གོང་མའི་ཕོ་བྲང་རྗེས་སུ་ལྷ་ཁང་གི་རྣམ་པ་ཞིག་གྲུབ་པ་ཡིན་ནམ་སྙམ། >
(文殊殿)དབུས་རིའི་བང་བྱ་རྒོད་ཕུང་རིའི་སྟེང་ཡོད་པའི་འཇམ་དབྱངས་ལྷ་ཁང་འདི་ནི་གོང་མ་སྐུ་དངོས་ཀྱི་བསྙེན་བཀུར་རྒྱ་ཆེར་མཛད་མྱོང་ཞིང་འདི་ནི་འཇམ་དཔལ་གྱི་སྤྲུལ་བའི་གནས་མཆོག་དངོས་ཡིན་པར་བཤད་རྒྱུ་འདུག འདིའི་ནང་རྟེན་གཙོ་འཇམ་ཕྱག་སྤྱན་གསུམ་གྱི་སྐུ་བརྙན་དང་རྒྱལ་བའི་བཀའ་འགྱུར་སོགས་བཞུགས། འཇམ་དབྱངས་ལྷ་ཁང་འདི་ནི་ནམ་དུས་ཀྱི་དྲོ་འཁྱག་སོགས་ལ་མི་ལྟོས་པར་སྟེང་གི་གྱོ་ཐོག་སེར་པོའི་ཐོག་ནས་རྒྱུན་མར་བདུད་རྩི་འབབ་པས་སྐས་ཐེམ་སྟེང་རྡོ་བ་ལེབ་མོ་ཞིག་གི་ཐོག་བདུད་རྩི་འབབ་ཤུལ་གྱི་རྗེས་ངོ་མཚར་ཅན་མཇལ་དུ་འདུག །
རྡོ་སྟེང་བདུད་རྩི་བབས་པའི་རྗེས་ཤུལ། 放甘露石
ནུབ་ཕྱོགས་ཀྱི་ལྷ་ཁང་ནང་དུ་བཞུགས་པའི་རྟེན་གཙོ་འཇམ་དབྱངས་མདའ་འཛིན་མ་དང་ཀུན་བཟང་སོགས་ཀྱི་སྐུ་བརྙན་བྱིན་ཆེན་མཇལ།
ཁྱད་པར་དུ་འཇམ་དབྱངས་མདའ་འཛིན་མའི་སྐུ་བརྙན་འདི་ནི། གོང་མ་ཁཱང་ཞིས་སྐར་མའི་གཙུག་ལྡན་སྤོ་རུ་སྤོས་མཆོད་གྲུབ་རྗེས་འཇམ་དབྱངས་ཁྲུས་རྫིང་ཁར་ཕྱིན་པས་དེར་བུད་མེད་འགས་ལྭ་བ་འཁྲུད་བཞིན་འདུག་པའི་དབུས་སུ་ཧ་ཤང་ཞིག་གཅེར་བུར་བུད་དེ་ཁྲུས་བྱེད་པ་མཐོང་བས། དེར་གོང་མ་ཐུགས་ཁྲོས་ཏེ་ཧ་ཤང་ལ་མདའ་འཕངས་པས་ཧ་ཤང་གི་ཕྲག་གོང་གཡས་པའི་ཐོག་ཕོག་སྟེ་ཧ་ཤང་དེ་ནས་གཞན་དུ་ཕྱིན་པར་གོང་མས་ཀྱང་ད་དུང་རིམ་བཞིན་ཁྲག་རྗེས་དེད་དེ་བྱང་ཆུབ་སྤོར་བསླེབས་དུས། ཧྭ་ཤང་མི་སྣང་བར་འཇམ་དཔལ་གྱི་སྐུ་བརྙན་ཕྲག་པ་གཡས་པའི་སྟེང་ཁོས་འཕངས་པའི་མདའ་དེ་ཟུག་པ་མཐོང་འཕྲལ་ཧྭ་ཤང་དེ་ཉིད་འཇམ་དཔལ་གྱི་སྤྲུལ་པར་ངེས་པ་རྙེད་དེ་འགྱོད་བཤགས་བྱས། དེ་འདྲའི་སྐུ་བརྙན་ངོ་མཚར་ཅན་དེ་ལ་འཇམ་དབྱངས་མདའ་འཛིན་མ་ཞེས་གྲགས་སོ། །
འཇམ་དབྱངས་མདའ་འཛིན་མ། 带箭文殊
( ད་སྐབས་མདའ་དེ་ཉིད་འཇམ་དཔལ་གྱི་སྐུ་བརྙན་དེའི་མདུན་ན་མཇལ་རྒྱུ་འདུག )
ཡང་སྒོ་དྲུང་ན་རྡོ་ཡི་སེང་གེ་ལྕེ་མེད་དང་ཚོགས་ཐུག་སྐོལ་སའི་ཁྲོ་ཟངས་ཆེན་མོ་ལའང་མཇལ་རེག་བྱས་ཏེ་བྱིན་རླབས་ཞུས།
རྡོ་སེང་ལྕེ་མེད།
ཁྲོ་ཟངས་ཆེན་མོ།
ཡང་གོང་མ་ཆན་ལུང་གིས་བཙུགས་པའི་རྡོ་རིང་ངོས་རྒྱ་བོད་སོག་མན་ཇུ་བཅས་ཡིག་རིགས་མི་འདྲ་བ་བཞི་བཀོད་ཡོད་ཅིང་རྡོ་རིང་དེའི་སྟེང་ངོས་ན་ཞབས་རྗེས་ཤིག་འདུག་པ་དེར་་ངོ་མི་ཤེས་པའི་རྒྱ་རིགས་ཤིག་གིས་དེ་ལ་མཛུབ་མོ་ཀེར་ནས་འདི་ནི་འཇམ་དཔལ་གྱི་ཞབས་རྗེས་རེད་ཅེས་ཁོ་བོ་ལ་གནས་བཤད་དང་ངོ་སྤྲད་བྱས།
རྡོ་རིང་།
<ཡང་ལྷ་ཁང་ཆུང་ངུ་ཞིག་གི་ནང་མཇལ་ཕྱིན། དེར་བི་མ་ལ་དང་ཨོ་རྒྱན་སངས་རྒྱས་གཉིས་པའི་སྐུ་འདྲ་རྣམས་རྒྱབ་ཏུ་མི་མཐོང་སར་བཞག་དེ་རྣམས་རེ་རེའི་མདུན་དུ་གསར་མའི་ཡི་དམ་འཁྲིལ་སྦྱོར་ཅན་གྱི་སྐུ་བརྙན་ཆེ་ཚད་རེས་གུ་རུ་དང་བི་མའི་སྐུ་བརྙན་རྣམས་གཡོལ་ཐབས་བྱས་ཏེ་བཞག་ཡོད་པའང་མཐོང་།བཀའ་དྲིན་དང་སྐུ་དྲིན་བསམ་ཡུལ་ལས་འདས་པའི་གུ་རུ་དང་བི་མའི་སྐུ་བརྙན་ལའང་ངོ་མཐོང་མེད་པར་ཕག་ཏུ་སྦས་པ་ལྟར་བྱས་ཏེ་བཞུགས་སུ་གསོལ་བའང་མཇལ། འོན་ཀྱང་འདིའི་རིགས་ནི་ཕྱོགས་ཞེན་གྱིས་བཅིངས་དྲགས་པའི་དབང་གིས་མིན་ནམ་སྙམ་སྟེ།དག་སྣང་བྱས་ཏེ་འོང་སར་དོན་མེད་པའི་སེམས་ཚོར་གྱི་ཁུར་པོའང་ཐུན་ཐུན་རེ་ཞར་དང་ཞོར་ལ་སྐྱེས། དེར་འཇིགས་ཕུན་ཡིད་བཞིན་ནོར་བུས་ཀྱང་གུ་རུའི་སྐུ་ཞིག་བཞེངས་ཡོད་པར་ཐོས་པས་མཇལ་འདོད་ཧ་ཅང་ཆེ་ཡང་ཉིན་དེར་ཆོས་སྒོ་མི་འདུག་པས་མ་མཇལ། ད་དུང་ལྷ་ཁང་རེ་རེ་ནས་ཞིབ་མཇལ་དང་ལོ་རྒྱུས་སོགས་ཞིབ་པར་མཇལ་བ་མ་ཁོམ་ཞིང་སྐད་བརྡ་ཡང་ལེགས་པོ་མི་འཕྲོད་པས་ཞིབ་པར་ཞུ་མ་སྤོབས།>
དེ་ནས་ “大宝塔院寺”ནོར་བུ་ཆེན་པོའི་མཆོད་རྟེན་གྱི་ལྷ་ཁང་མཇལ། འདི་ནི་གནས་ཆེན་འདིའི་ལྟེ་བ་ཡིན་ཞིང་དགྲ་བཅོམ་པ་མ་ཏང་ཀི་པས་ལྷའི་མིག་གི་མངོན་ཤེས་ཀྱིས་ཆོས་རྒྱལ་མྱ་ངན་མེད་ཀྱིས་བཞེངས་པའི་དེ་བཞིན་གཤེགས་པའི་རིང་བསྲེལ་ཅན་གྱི་མཆོད་རྟེན་དུ་ངོས་འཛིན་གནང་ཞིང་ཧ་ཅང་བྱིན་ཆེ་བར་གྲགས། དེའི་མདུན་མཆོད་ཅིང་བསྐོར་བ་བྱས་ཏེ་གསོལ་འདེབས་དང་བསྟན་འགྲོའི་དོན་དུ་སྨོན་ལམ་རྒྱ་ཆེར་བཏབ།
འཇམ་དབྱངས་དབུ་སྐྲའི་མཆོད་རྟེན་“文殊发塔”བྱིན་ཆེན།
དེའི་ཉེ་དྲུང་ན་འཇམ་དབྱངས་དབུ་སྐྲའི་མཆོད་རྟེན་“文殊发塔”ཧ་ཅང་བྱིན་ཆེ་བར་གྲགས་པ་ཞིག་ཀྱང་བཞུགས་པ་མཇལ། འདི་ནི་མཆོད་རྟེན་ཆེན་པོའི་གཡོན་ཕྱོགས་ཀྱི་ར་སྐོར་ནང་དུ་བཞུགས། དེའི་མདུན་པུས་བཙུགས་ཐལ་མོ་སྦྱར་ཏེ་མཆོད་འབུལ་དང་འཇམ་དཔལ་མཚན་བརྗོད་བཏོན་ནས་བསྐོར་ཕྱག་བྱས་ཤིང་དེའི་ཕྱོགས་བཞིར་དཔྲལ་བ་ཡང་ཡང་གཏུགས་ནས་བྱིན་རླབས་ཡིད་ཚིམས་པར་ཞུས་ཤིང་སྨོན་པམ་བཟང་པོས་མཚམས་སྦྱར་ཞུས། དེའི་དྲུང་རྗེས་དྲན་གྱི་བརྙན་པར་ཡང་བླངས།
(སྐབས་དེར་རྒྱལ་ས་པེ་ཅིང་ནས་ཡིན་པའི་རྒྱ་རིགས་ཀྱི་བུ་མོ་སྒྲོལ་མ་ཞེས་པ་ཆོས་མཆེད་དམ་པ་མཁན་སྤྲུལ་བདེ་ཆེན་གྱི་སློབ་མ་ཞིག་གིས་དེའི་ཉེ་འགྲམ་ཚོང་ཁང་ཞིག་ནས་ཤིང་གི་རལ་གྲི་ཞིག་ཉོས་ཏེ་ང་ལ་ཆེད་དུ་ལེགས་སྐྱེས་སུ་སྟེར་བྱུང་བར་དེ་ནི་ཁོ་བོས་རྟེན་འབྲེལ་ལ་ཉེ་བཟང་པོར་བརྩིས་ཏེ་འཇམ་དཔལ་གྱི་སྒྲུབ་རྟེན་དུ་དམིགས་ནས་འབྲལ་མེད་དུ་འཆང་རྒྱུ་བྱས། )
དེའི་ཚེ་དེའི་དུས་ན། གློ་བུར་དུ་མཁའ་དབྱིངས་ནས་འཇའ་དང་འོད་ཀྱིས་དྲྭ་བ་སྣ་ཚོགས་ཕན་ཚུན་ཐགས་སུ་བྲན་པས་འགྲོས་ལས་ཡི་གེ་ཨ་ཡིག་གི་རྣམ་པ་དངོས་སུ་མིག་ལམ་དུ་མཐོང་ཞིང་ཡང་དེ་རྣམས་ཀྱང་ཟླུམ་གཟུགས་ལྒང་ལི་དང་འདྲ་བའི་དབྱིབས་སུ་གྱུར་ཏེ་དེ་རྣམས་ཕན་ཚུན་གཅིག་གིས་གཅིག་ལ་རེག་ཐུག་གིས་ཉི་འོད་ལ་འཐམ་འཁྱུད་བགྱིད་སྐབས་བཟོ་བོས་ཆེད་དུ་བྱས་པ་ལྟར་རྨ་བྱའི་མགྲིན་པ་ལྟ་བུའི་ཚོན་རིས་ཀྱིས་མཛེས་ཤིང་སྔར་མཐོང་མ་མྱོང་བའི་ངོ་མཚར་མཛེས་སྡུག་གིས་ཁྱབ་པའི་དུས་དེར་ཁོ་བོ་ཡུད་ཅིག་མཁའ་དབྱིངས་སུ་མིག་བགྲད་ནས་རེ་ཞིག་ཧད་དེ་རྒྱང་བལྟས་བྱས་ཞོར་བརྙན་པར་ཡང་ཆ་ཤས་བླངས།
དེ་ནས“五爷店”ཨ་མྱེས་ཀླུ་རྒྱལ་ལྷ་ཁང་མཇལ། འདི་ནི་ནོར་བུ་ཆེན་པོའི་མཆོད་རྟེན་གྱི་ཞོལ་ན་ཡོད། འདི་ལ་སངས་རྒྱས་སྟོང་གི་ལྷ་ཁང་ཡང་ཟེར། མིང་གུར་ཁྲི་ལོ་ཞེ་བཞི་པས་བཞེངས་པ་ཡང་གྲགས། ཤར་གྱི་ལྷ་ཁང་ནང་དུ་རྟེན་གཙོ་སངས་རྒྱས་སྟོང་། རྒྱབ་ཀྱི་ལྷ་ཁང་ནང་འཇམ་དབྱངས་སོགས། ཀླུ་རྒྱལ་ལྷ་ཁང་ནང་དུ་འཇམ་དབྱངས་ནོར་ལྷའི་གཟུགས་སུ་སྤྲུལ་ཏེ་འཇིག་རྟེན་པའི་ཚུལ་དུ་བཞུགས་ནས་ལོངས་སྤྱོད་ནོར་གྱི་དངོས་གྲུབ་སྩོལ་བ་མཛད་པར་གྲགས་ཤིང་དེའི་ནང་དུ་མཇལ་མཁན་ཧ་ཅང་མང་ལ་སྲུང་མའི་སྐུ་བརྙན་དེའི་དྲུང་དུའང་སོ་སོས་མཆོད་འབུལ་བྱས་ཏེ་འདོད་དོན་ཞུ་མཁན་གྱི་འཚང་ཀ་ཧ་ཅང་ཆེ།
ད་དུང་དེའི་དྲུང་དུ་ལ་ལས་ཟློས་གར་འཁྲབ་ནས་ལེགས་ཚོགས་ཀྱི་དངོས་གྲུབ་ཞུ་ཞིང་གསོལ་མཆོད་ཧ་ཅང་རྒྱ་ཆེར་བྱེད་བཞིན་གདའ།
སྤྱིར་ཁོག་ལུང་པ་ཡངས་ཤིང་པད་མ་ཁ་ཕྱེས་པ་ལྟ་བུ་ལ་ལུང་གཞུང་ནས་ཆུ་ཕྲན་ཞིག་ཀྱང་འབབ་གཡས་གཡོན་གྱི་རི་ལུང་ཀུན་ལ་རྒྱང་མཇལ་བྱས་ཤིང་ཡིད་ཀྱིས་འཇམ་དཔལ་ཆོས་འཁོར་མ་ལ་ཁོ་ན་ལ་དམིགས་ཏེ་རྩེ་གཅིག་ཏུ་གསོལ་བ་བཏབ། དེ་ནས་ཕར་ཕྱོགས་ཀྱི་རི་ངོས་སུ་སྐས་ཐེམ་ལས་འཛེགས་ནས་གཞོན་ནུ་ནོར་བཟང་ཕུག་པ་“善财洞”མཇལ་དུ་སོང་།
བྱང་སེམས་གཞོན་ནུ་ནོར་བཟང་གི་སྒྲུབ་ཕུག་འདི་ནི། འཇམ་དཔལ་དང་གཞོན་ནུ་ནོར་བཟང་གཉིས་ཕན་ཚུན་ཆོས་ཀྱི་བགྲོ་གླེང་མཛད་པར་གྲགས་ཤིང་ཧ་ཅང་བྱིན་ཆེ་བར་བརྩི།
< འདིའི་སར་དཀོན་གཉེར་བ་ཚོས་ཁམས་དཀར་མཛེས་ཕྱོགས་ཀྱི་གྲྭ་པ་ལ་ཧ་ཅང་སྡང་ཟུག་ཆེ་ཞིང་ནང་དུ་ཆོས་མཇལ་ཡང་གཏོང་དཀའ་ཚོད། འོན་ཀྱང་ང་ཚོ་བོད་ལྗོངས་ལྷ་སའི་ཕྱོགས་ཀྱི་གྲྭ་པའི་ཐོབ་དཔང་མཐོང་དུས་དེ་ཙམ་སྡང་སེམས་མི་མཛད་ཅིང་ནང་དུ་གནས་མཇལ་ཡང་ཅི་བདེར་གཏོང་བྱུང་། འོན་ཏང་དེའི་གནས་ཚུལ་གསལ་བོར་མ་ངེས། >
ཕུག་པ་དེའི་སྒོ་འགྲམ་ན་བཟང་སྤྱོད་ཡོད་ཚར་གཅིག་བཏོན།དེར་ཐོབ་དཔང་བསྟན་ནས་ནང་དུ་སྒྲུབ་ཕུག་རྣམས་མཇལ་ཕྱིན།འཇམ་དབྱངས་སྨྲ་སེང་། བྱང་སེམས་གཞོན་ནུ་ནོར་བཟང་སོགས་སྐུ་བརྙན་མང་དུ་བཞུགས་པའི་མདུན་སར་ཕྱག་མཆོད་དང་འབྲེལ་ཏེ་བྱང་ཆུབ་སེམས་སྡོམ་བླངས་ནས་ཟབ་མོའི་དོན་ཇི་བཞིན་རྟོགས་པ་དང་ལྷག་ཏུ་ཉམས་ཐག་པའི་སེམས་ཅན་དམིགས་ནས་སྙིང་རྗེའི་ཀུན་ནས་སློངས་ཏེ་འགྲོ་བ་འདྲེན་པའི་སྨོན་པའང་བཏབ།
{ནོར་བཟང་ཕུག} 善财童子
{རིག་འཛིན་ཤྲཱི་སེང་ཧ་སྐུ་འཇའ་ལུས་སུ་དེང་སའི་དུར་ཁྲོད་ཆེན་མོ་བསིལ་སྦྱིན།}
དེའི་ཉེ་འགྲམ་བསིལ་སྦྱིན་གྱི་དུར་ཁྲོད་ཆེན་མོར་རྒྱང་མཇལ་ཞུས་ཤིང་རིག་འཛིན་ཤྲཱི་སེང་ཧ་མདུན་མཁར་གསལ་ནས་བྱིན་རླབས་དབང་བཞི་ཡང་ཡང་བླངས་ཏེ་ཐུགས་ཡིད་བསྲེས་ནས་འོད་གསལ་རྫོགས་པ་ཆེན་པོའི་དོན་ཇི་བཞིན་རྟོགས་པའི་སྨོན་ལམ་བཏབ།
དེ་ནས་ངེད་ཅག་སླར་ལུང་དཀྱིལ་དུ་བབས་ནས་ཤེས་རབ་ཀྱི་ཆུ་བྱིན་ཆེ་བར་གྲགས་པ་དེ་ཉིད་བཏུང་ཞིང་ལས་སྒྲིབ་དག་སྟེ་རང་རྒྱུད་ལ་ཤེས་རབ་དྲི་མ་མེད་པ་སྐྱེས་པའི་སྨོན་ལམ་ཡང་ཡང་བཏབ་ནས་བཏུང་རེག་བྱས་ནས་བྱིན་རླབས་ཞུས།
ཤེས་རབ་ཀྱི་ཆུ། 般若泉
ཆུ་མིག་དེའི་ཉེ་འགྲམ་ན།”མ་རིག་མུན་སེལ་”གྱི་ཟས་ཁང་ནང་། རྒྱལ་ས་པེ་ཅིང་ནས་ཡིན་པའི་སྤྲུལ་བདེ་ཆེན་གྱི་སློབ་མ་ཞིག་གིས་ངེད་ཅག་མགྲོན་པོ་གནས་མཇལ་བ་རྣམས་ལ་ཟས་མགྲོན་བྱས་ཟིན་རྗེས་སླར་མགྲོན་མཁར་དུ་སླེབས། དེ་ནུབ་སྤྲུལ་བདེ་ཆེན་གྱིས་དབུ་འཛིན་གནང་སྟེ་ངེད་ཅག་གིས་དགའ་སྟོན་ཚོགས་འཁོར་དང་ཟབ་མོ་གཅོད་ཀྱི་ལུས་སྦྱིན་བྱས་ཟིན་རྗེས་མཚན་དཀྱིལ་བར་ངེད་གསུམ་སྐད་ཆ་མོལ་ཏེ་བསྡད།
མཁན་འཇམ་དབྱངས་བསྟན་འཛིན། མཁན་སྤྲུལ་བདེ་ཆེན་རྡོ་རྗེ། ཁོ་བོ་ཀུན་བཟང་རྣམ་རྒྱལ་བཅས་སོ།
པར་ལེན་མཁན། ----མགྲིན་སྤུ་ཅན། མཁའ་དབྱིངས་འབྲེང་ཐག་ཤེར་སྒམ་ནང་ནས་པར་བླངས།
༼ ཚེས་༡༧ ཉིན༽ ཟིན་ཐོ་མུ་འགོད།
作者-堪布根松郎加