དགེ་བའི་བཤེས་གཉེན་བསྟེན་ཚུལ།

文摘   2022-11-23 22:42  

གོ་ངུར་སྨྲིག་བོད་ཡིག་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།


  恍如隔世。境发过    点击下面语音,播

དགེ་བའི་བཤེས་གཉེན་བསྟེན་ཚུལ་མདོ་ཙམ་བརྗོད་པ་སྐལ་བཟང་སློབ་མ་དགྱེས་པའི་མགུལ་རྒྱན་ཞེས་བྱ་བ།

རྩོམ་པ་པོ། དྷིཿ  ཟླ་འོད།

          སྐྱབས་གསུམ་ཀུན་འདུས་དྲིན་ཆེན་རྩ་བའི་བླ་མ་ལ་སྒོ་གསུམ་གུས་པ་ཆེན་པོའི་སྒོ་ནས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ་བྱིན་གྱིས་རླབས་པར་མཛད་དུ་གསོལ།    

   དེ་ཡང་མདོ་ལས།   མྱ་ངན་མ་བྱས་ཀུན་དགའ་བོ། །སྨྲེ་ངག་མ་འདོན་ཀུན་དགའ་བོ། །ང་ཉིད་ཕྱི་མའི་དུས་ཀྱི་ཚེ། །དགེ་བའི་བཤེས་གཉེན་ཉིད་སྤྲུལ་ནས། །ཁྱོད་ལ་སོགས་པར་དོན་བྱེད་འགྱུར། །ཞེས་གསུངས་པ་བཞིན་བླ་མ་མཚན་ཉིད་དང་ལྡན་པ་ནི་སངས་རྒྱས་བྱང་སེམས་དངོས་མིའི་གཟུགས་སུ་ཤར་བ་ཡིན་པ་སྨྲོས་ཅི་དགོས།   དེ་ལྟར་མིན་ཀྱང་དེ་དག་གི་ཕྲིན་ལས་སྒྲུབ་མཁན་ཞིག་ཡིན་པ་ནི་བསྙོན་དུ་མེད་པས།   མཁན་པོ་ངག་དགའི་རང་རྣམ་ལས།   སེམས་བསྐྱེད་པའི་སློབ་དཔོན་དང་།   ལུས་བསྐྱེད་པའི་ཕ་མ་གཉིས་དྲིན་ཆེ་བས་རྒྱུན་པར་མ་བརྗེད།   ཅེས་གསུངས་པ་བཞིན་སེམས་ལ་ཤེས་ཡོན་གྱི་ཡར་བསྐྱེད་ཅི་ཙམ་སོང་ཡོད་ཀྱང་བླ་མའི་བཀའ་དྲིན་ཡིན་པ་ངོ་ཤེས་དགོས།    དེ་བཞིན་དུ་ལུས་ནི་ཁུ་ཁྲག་འདྲེས་པའི་འབུ་ཙམ་ནས་གཡག་ཙམ་གྱི་བར་ཡར་བསྐྱེད་ཅི་ཙམ་སོང་ཡོད་ཀྱང་ཕ་མའི་བཀའ་དྲིན་ཡིན་པས་དེ་གཉིས་ལ་དྲིན་དྲན་པ་དང་དྲིན་གཟོ་བ་ནམ་ཡང་བརྗེད་མི་རུང་།   རྒྱུན་དུ་ཞབས་ཏོག་མ་ནུས་ཀྱང་རབ་ན་བླ་མ་དང་ཕ་མ་གཉིས་ལ་ཐུགས་མི་མཉེས་པའི་བྱ་བ་གཏན་ནས་བྱས་མ་མྱོང་པ་ཞིག་དགོས།   དེ་ཙམ་མ་ཐུབ་རུང་རེས་འགའ་ཐུགས་དང་འགལ་ཤོར་ན་རྒྱུ་མཚན་ཡོད་མེད་ལ་མ་ལྟོས་པ་འགྱོད་བཤགས་དང་དགོངས་དག་ཞུ་ནས་ཐུགས་མཉེས་པའི་ཐབས་ཁོ་ནར་བརྩོན་དགོས་ཏེ།   གང་ཞིག་ཚིག་གཅིག་ཙམ་སྟེར་བའི། །བླ་མར་ཕྱག་བྱས་མ་བཏུད་ན།   །ཁྱི་ཡི་སྐྱེ་བ་བརྒྱ་བརྒྱུད་ནས། །རིགས་ངན་དག་ཏུ་སྐྱེ་བར་གསུངས། ཞེས་གསུངས་པ་བཞིན་ཡུལ་ཤིན་ཏུ་གཉེན་པས་རྒྱུ་མཚན་ཡོད་མེད་དང་དོན་ལ་གནས་མིན་གང་ཡང་བཤད་རྒྱུ་མེད།   སེམས་ལ་གུས་པ་མེད་ན་ཕན་པའི་རྟེན་འབྲེལ་འཆུག་འགྲོ་བས་འཇིག་རྟེན་པའི་མི་གྲགས་ཀྱི་རྗེས་སུ་རྒྱུགས་པ་དང་གཏན་ནས་མི་འདྲ་བས་བླ་མར་གུས་པ་བསྙེན་བཀུར་དང་བསྟོད་བསྔགས་སོགས་ཐུགས་མཉེས་པའི་ཐབས་ཚོད་ལ་རན་པ་ཞིག་ཅི་ནུས་སུ་སྒྲུབ་ཤེས་དགོས།   ཐུགས་ཁྲོས་པ་དང་བྲེལ་བའི་སྐབས་སོགས་སུ་བླ་མའི་དྲུང་དུ་འགྲོ་མི་ཉན་མ་གཏོགས་དོན་མེད་ཀྱང་བཀའ་བཀྱོན་དང་ཕྱག་འབེབས་འོང་སྲིད།    བླ་མའི་དྲུང་དུ་དགོས་པ་ཁྱད་པར་ཅན་མེད་ན་རྫུན་ཕྲ་མ་ཚིག་རྩུབ་ངག་འཁྱལ་སོགས་ཅི་ནུས་ཀྱིས་སྤོང་དགོས་མ་གཏོགས་རང་གིས་ཉེས་པ་བསོགས་པ་དང་སློབ་མ་ངན་པས་བླ་མ་ཟོག་པོར་བསྒྱུར་ཞེས་གསུངས་པ་བཞིན་བླ་མའི་མཛད་ཕྲིན་ལ་ཧ་ཅང་གནོད་པའི་རྒྱུར་རུ་འགྱུར་བའང་ཡོད།    བླ་མའི་མདུན་དུ་མཇལ་འགྲོ་དུས་ལག་པ་སྟོང་པ་འགྲོ་མི་རུང་བས་བླ་མར་དགོས་མཁོ་དང་བསྟུན་ནས་ཆེ་ཆུང་ལ་མ་ལྟོས་པའི་མཎྜལ་རེ་འབུལ་དགོས།    དོན་གཉེར་ཆུང་ན་ཐུགས་མཛོད་ཀྱི་གཏིང་མི་རྙེད་པས་དམ་པའི་ཆོས་ལ་དཀའ་བ་དང་དཀོན་པའི་འདུ་ཤེས་ཀྱིས་དོན་གཉེར་ཆེན་པོའི་སྒོ་ནས་ཆོས་ཟབ་མོ་གསུངས་པའི་བསྐུལ་མ་ཡང་ཡང་ཞུ་ཤེས་དགོས།    དབང་ལུང་ཁྲིད་གསུམ་ཞུ་དུས་བླ་མའི་སྐུ་དྲུང་དུ་བཅར་ནས་ཡི་རངས་བའི་རྣམ་འགྱུར་དང་བཅས་ཉན་དགོས།    བློ་གྲོས་ཉམས་ན་བརྗོད་པའི་དོན་མི་ཤེས་པས་ཡང་ནས་ཡང་དུ་འདྲི་ནས་གདམས་ངག་ཞུ་མཐར་བཅད་དགོས།   དེའང་ཉིན་ཁ་ཤས་ནས་བརྗེད་ངེས་པས་བླ་མའི་ཞལ་རྒྱུན་རྣམས་ཇི་མ་ཇི་བཞིན་ཟིན་བྲིས་སུ་བཏབ་དགོས།   ལྟ་སྣང་ཇི་ལྟར་བཟང་ཡང་སེམས་ནང་ལ་དད་པ་མེད་ན་ཉམས་རྟོགས་ཀྱི་སྣོད་དུ་མི་རུང་བས་དད་པ་བརྟན་དགོས།   བསྙེན་བཀུར་གྱིས་ཞབས་ཏོག་མ་བྱས་ན་ཐུགས་བརྩེ་བས་རྗེས་སུ་འཛིན་པའི་རྐྱེན་མེད་པས་མི་མངོན་པའི་དད་སེམས་དང་མངོན་པའི་བསྙེན་བཀུར་གཉིས་ཀ་ཡོད་དགོས།   

བླ་མ་མི་ཕམ་རིན་པོ་ཆེས།  མཁས་རྣམས་རང་གི་བློ་དང་ལས་འཕྲོ་ཡིས། །གདམས་པའི་དོན་བཟང་ལག་ཏུ་ལོན་ན་ཡང་། །ལྷ་དང་བླ་མའི་ཐུགས་རྗེར་ངེས་ཤེས་ཤིང་། །བརྒྱུད་པའི་དྲིན་ལས་བྱུང་བར་ལེགས་པར་སྨྲ། །ཞེས་གསུངས་པ་བཞིན་རང་གི་རྒྱུད་ལ་དགེ་སེམས་སྣ་རེ་སྐྱེས་པ་ཡན་ཆད་རང་ཉིད་བཟང་ཆེ་བ་མ་ཡིན་པ་བླ་མའི་བྱིན་རླབས་དང་བཀའ་དྲིན་ཡིན་པར་ངོ་ཤེས་དགོས།   རང་ཉིད་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་དང་ཆོས་སྐལ་བླ་མ་རྣམས་སྤོང་ནས་གཞན་དུ་ཕྱིན་ན་མདུན་ལམ་ཡང་དག་པར་ཞིག་རྙེད་དཀའ་བས་རང་ག་དུ་བླ་མ་སྤོང་མི་རུང་།   འོན་ཀྱང་བསྟེན་ཟིན་པའི་བླ་མ་རྣམས་སེམས་ཀྱིས་མ་སྤོང་པའི་ཐོག་ནས་བླ་མ་མང་དུ་བསྟེན་ཀྱང་དེ་ལ་འགལ་བ་མེད།   དང་པོ་ཉིད་ནས་ཚེ་རབས་ལས་ཀྱི་བླ་མ་དང་འཕྲད་ནས་རང་ངོ་འཕྲོད་པ་བྱུང་ན་མང་པོ་བསྟེན་ཀྱང་དགོས་པ་ཆུང་།   དེ་ལྟར་མ་བྱུང་ན་བླ་མ་མང་དུ་བསྟེན་ཀྱང་དགོས་པ་ཆེན་པོ་འབྱུང་སྲིད་མཐའ་གཅིག་ཏུ་བཟུང་བར་མི་བྱ།   དེ་རྣམས་ལས་རྩ་བའི་བླ་མ་བརྒྱ་ཡོད་ཀྱང་གཙུག་གི་ནོར་བུ་གཅིག་ཡོད་དགོས་པས་དེ་ནི་རྒྱུད་བཤད་དབང་བསྐུར་མན་ངག་སྟོན་པའི་བཀའ་དྲིན་སུམ་ལྡན་གྱི་བླ་མ་དེ་ཡིན།   བླ་མ་གཅིག་གི་མདུན་ནས་གསུམ་ཀ་མ་ཐོབ་ན་མན་ངག་སྟོན་པའི་བླ་མ་དེ་རྩ་བའི་བླ་མ་ཡིན་པས་བླ་མ་དེ་རྣམས་ཀྱི་ཅི་གསུངས་བཀའ་བཞིན་དུ་སྒྲུབ་དགོས།   

 ཇི་སྐད་དུ།   མན་ངག་ཞེས་པ་ཨུ་པ་དེ་ཤའི་སྒྲ། །ཉེར་གདམས་དོན་སྟེ་གཞུང་གི་ཡིག་ཆ་ལས། །བཤད་པ་ཙམ་མིན་དེ་ཡི་གནད་ཟབ་མོ། །དམར་འབྱིན་བླ་མའི་ཞལ་ལ་གནས་པ་ཡིན། །ཞེས་གསུངས་པ་ལྟར་རོ། །དང་པོ་བླ་མ་བརྟགས་དུས་མ་གཏོགས་རྒྱུན་དུ་ཅི་མཛད་ལེགས་པར་མཐོང་བའི་དག་སྣང་ཁོ་ན་སྦྱོང་དགོས་བླ་མ་མི་རུ་བཟུང་ན་དངོས་གྲུབ་ཁྱི་ལས་མི་འབྱུང་བས་སྐྱོན་རྟོག་དང་ངན་སྨོད་སོགས་གཏན་ནས་བྱས་མི་རུང་།   ཐོག་མ་བླ་མའི་དགོངས་པ་དངོས་དང་སྤྱོད་པ་ཐུན་མོང་བ་རྣམས་ལ་བསླབ་དགོས།    བླ་མས་དགོས་པའི་དབང་གིས་དྲང་དོན་དུ་གསུངས་པའི་ཚིག་རྣམས་ལ་མཐའ་གཅིག་ཏུ་དད་ལོག་བྱས་པའམ་ངེས་དོན་དུ་འཛིན་པ་གཉིས་ཀ་མི་རུང་།    བླ་མ་བཟང་པོ་མང་དུ་ཡོད་ཆོག་པས་ཕྱོགས་ཞེན་གྱིས་རང་གི་བླ་མར་བསྟོད་པ་དང་གཞན་གྱི་བླ་མར་ངན་སྨོད་བྱས་པ་སོགས་ནི་བླ་མར་ཞབས་འདྲེན་དང་རང་ལ་དོན་མེད་པའི་ཉེས་པ་འབྱུང་བའི་རྒྱུ་ཡིན་པས་སྤོང་དགོས།   བླ་མ་ལ་དད་པ་མེད་པའི་མི་དང་སྤྱོད་ལམ་འདྲེས་པ་མི་བྱ།   བླ་མར་མངོན་ཤེས་མེད་པའམ་ཡོད་ཀྱང་དགོངས་པ་མ་གཏད་ན་རྒྱུན་དུ་མཁྱེན་པའི་ཡེ་ཤེས་ཀྱིས་གཟིགས་པ་མ་ངེས་པས་ཆོས་དང་འགལ་བ་མེད་ཀྱང་གཞན་གྱི་སྒྲོ་བསྐུར་གྱིས་རྒྱུ་འགྱུར་བའི་འཇིག་རྟེན་ཕྱོགས་ནས་སྤྱོད་ལམ་གཟབ་དགོས་ས་ཡོད་ན་བླ་མ་ཐུགས་དགྱེས་པའི་སྐབས་དང་བསྟུན་ནས་སྦ་གསང་མེད་པ་ཞུ་དགོས་དེ་ནི་བླ་མའི་མཛད་ཕྲིན་ལ་ཧ་ཅང་ཕན་པ་ཆེ།   བླ་མས་བསྟན་འགྲོའི་དོན་སྒྲུབ་སྐབས་རང་ནུས་གང་ཡོད་ཀྱི་ཞབས་ཏོག་ཞུ་དགོས།   བླ་མའི་ནོར་རྫས་དང་འཁོར་འབངས་སོགས་ལ་ཞེན་ཆགས་དང་ངན་སེམས་ནམ་ཡང་འཆང་མི་རུང་།   གང་དུ་སོང་ཀྱང་རང་གི་སེམས་ནང་དུ་བླ་མར་དད་སེམས་དང་གསོལ་འདེབས་མ་བརྗེད་ན་དེ་ཙམ་གྱིས་དགོས་དོན་འགྲུབ་པས་འདྲི་མཁན་མེད་ན་རང་རང་ལ་བླ་མ་རེ་ཡོད་པས་སུ་ཐུག་ཐུག་ལ་རང་གི་བླ་མའི་ཆེ་བ་བརྗོད་མི་ཉན་མ་གཏོགས་སུན་འགྲོ།    རང་ལ་མཁས་བཙུན་བཟང་པོའི་ཡོན་ཏན་ཅུང་ཟད་རེ་ཡོད་དུས་བླ་མ་ལས་ང་ལྷག་སྙམ་པའི་ང་རྒྱལ་འབྱུང་སྲིད་པས་དེ་དུས་བར་ཆད་ཡིན་པར་ཤེས་ནས་དམན་ས་འཛིན་དགོས།   ཡང་མཁན་བཙུན་བཟང་པོའི་ཡོན་ཏན་རྣམས་ཉམས་སོང་ན་བླ་མར་ངོ་གནོངས་ནས་རྒྱང་དུ་གྱེས་པའི་ཉེན་ཁ་འབྱུང་སྲིད་པས་དེ་དུས་སྤོབས་པ་བསྐྱེད་དེ་འགྱོད་བཤགས་དང་ཕྱིར་བཅོས་བྱས་ནས་ཉེས་སྐྱོན་སོར་ཆུད་པར་བྱ་དགོས།   

བླ་མ་བསྟེན་པ་དང་ཆོས་སྒྲུབ་པའི་སྐབས་སུ་བར་ཆད་འབྱུང་བའི་རྒྱུ་གསུམ་ཡོད།     གཅིག་རང་ཉིད་མི་གཞི་ངན་པ་དང་ཉོན་མོང་པ་མང་བའི་དབང་གིས་ཆོས་ལ་བར་ཆད་འབྱུང་སྲིད་པས་རང་སྐྱོན་ངོས་བཟུང་ནས་ཉོན་མོངས་པའི་གཉེན་པོ་བསྟེན་དགོས།   གཉིས་གྲོགས་ངན་པའི་རྐྱེན་གྱིས་བསྒྱུར་ནས་ཆོས་ལ་བར་ཆད་འབྱུང་སྲིད་པས་གྲོགས་ངན་སྤོང་ནས་དགེ་བའི་གྲོགས་བཟང་བསྟེན་དགོས།    གསུམ་སེམས་ལ་གདོན་ཞུགས་ནས་བློ་ཁ་འགྱུར་ཞིང་ཆོས་ལ་བར་ཆད་འབྱུང་སྲིད་པས་སྲུང་འཁོར་འདོགས་པ་དང་ཚིག་བདུན་བླ་རྣམ་སོགས་ཁ་འདོན་བྱས་པ་དང་།  རྒྱུན་དུ་བླ་མ་དཀོན་མཆོག་གསུམ་ལ་གསོལ་བ་འདེབས་རྒྱུ་བརྗེད་མི་རུང་།    བླ་མ་དང་ཁྱིམ་མི་དག་གིས་སློབ་མ་དང་བུ་ཚ་སོགས་ལ་བར་ཆད་ཕྱི་མ་དེ་ངོས་མ་ཟིན་པའི་དབང་གིས་གཉེན་པོ་བསྟེན་མ་ཤེས་ནས་འདི་མི་གཞི་ངན་པ་རེད་སྙམ་ནས་ཡིད་ཆད་སྐྱེད་མཁན་དང་འགལ་བ་འགྲོ་མཁན་མང་དུ་འདུག།   རང་གི་མཆོད་ཁང་ནང་དུ་དཀྱིལ་འཁོར་གྱི་གཙོ་བོ་རང་ཉིད་མེ་ཏོག་གང་ལ་ཕོག་པའི་ལྷ་སྐལ་དང་ཆོས་སྐལ་བླ་མ་རྣམས་གཙོ་བོ་བཤམས་དགོས་དེ་ལ་གཞན་གྱིས་ཇུས་གཏོགས་བྱེད་རྒྱུ་མེད།   དགོན་པའི་དཀྱིལ་འཁོར་ནང་དུ་ཡུལ་དགོན་ཐུན་མོང་གི་ལྷ་སྐལ་དང་ཆོས་སྐལ་བླ་མ་རྣམས་གཙོ་བོ་བྱས་དགོས་པས་དེ་ལ་རང་ཕྱོགས་སུ་འཐེན་ཁྱེར་བྱེད་རྒྱུ་མེད།     

དེའང་ཇི་སྐད་དུ། རང་ལ་བཀའ་དྲིན་སུ་ཆེ་བླ་མ་སྟེ། །རིགས་འབྱོར་སྙན་གྲགས་ཆེ་བས་དྲིན་ཅི་ཞིག །དེས་ན་བླ་མ་གཙུག་ཏུ་འཁུར་བ་དང་། །གདམས་པ་གཅེས་སྤྲས་བྱས་ན་དངོས་གྲུབ་འབྱུང་། །ཞེས་གསུངས་པ་བཞིན་དེ་གཉིས་ཀ་གྲགས་ཆེ་ཆུང་གཙོ་བོ་མིན་བཀའ་དྲིན་ཆེ་ཆུང་གཙོ་བོར་ལྟ་དགོས།    བླ་མ་གོང་མ་རྣམས་ཀྱི་ཕྱག་བཞེས་འདོན་པ་འདོན་སྟངས་ནས་ན་བཟའ་མནབས་སྟངས་ཚུན་ཆད་དགོས་པར་ཁྱད་པར་ཅན་མེད་ན་གཞན་དུ་བསྒྱུར་མི་ཉན་མ་གཏོགས་བྱིན་རླབས་ཡལ་འགྲོ།   དད་དམ་བརྟན་པོ་མེད་པའི་གང་ཟག་ཡིན་ན་མཉམ་འགྲོགས་ཀྱི་ཉེས་པ་འབྱུང་ཉེ་བས་གདམས་ངག་ཐོབ་ཟིན་རྗེས་བླ་མ་དང་རྒྱང་རིང་དུ་བསྡད་ན་སེམས་ནང་ལ་དད་སེམས་མི་ཉམས་པས་སྤོས་དང་བླ་མ་རྒྱང་རིང་ན་དགའ་ཟེར་བ་ལྟར་ཡིན།   དད་དམ་འགྱུར་བ་མེད་པའི་སློབ་མ་ཡིན་ན་བླ་མ་བསྟེན་ཡུན་རིང་དགོས་གདམས་ངག་ཉན་ཡུན་རིང་དགོས་གསུངས་པ་ལྟར་ཡུན་རིང་དུ་བསྟེན་ན་བླ་མའི་ཡོན་ཏན་རྣམས་རང་ཤུགས་ཀྱིས་རྒྱུད་ལ་འཇུག་འོང་།   བླ་མ་བསྟེན་པའི་དོན་པོ་གདམས་ངག་རྣམས་ཆུད་ཟོས་སུ་མ་ཤོར་བ་དགོས།   བླ་མ་ལ་རབ་སྒྲུབ་པའི་མཆོད་པ་འབྲིང་བསྙེན་བཀུར་གྱི་མཆོད་པ་ཐ་མ་ཟང་ཟིང་གི་མཆོད་པ་བཅས་མཉེས་པ་གསུམ་གྱིས་ཞབས་ཏོག་ཅི་ནུས་སུ་སྒྲུབ་དགོས།  དུས་རྒྱུན་དུ་བླ་མ་དང་ཕ་མ་ནི་དགོས་འདོད་འབྱུང་བའི་ནོར་བུ་བཞིན་དུ་དགའ་བ་དང་གཅེས་པའི་འདུ་ཤེས་ཡོད་དགོས།   མདོར་ན་ཆོས་ཕྱོགས་ནས་བླ་མ་ལས་ལྷག་པའི་བཀའ་དྲིན་ཆེ་བ་མེད་འཇིག་རྟེན་ཕྱོགས་ནས་ཕ་མ་ལས་ལྷག་པའི་བཀའ་དྲིན་ཆེ་བ་མེད་པས་དེ་གཉིས་ཅིས་ཀྱང་ཐུགས་ཟིན་པར་བྱ་དགོས།   

       ཅེས་བོད་རབ་རྒྱན་ཆུ་སྟག་ལོ་ཟླ་༥པའི་ཚེས་༢ཉིན་རྒྱལ་རོང་དཔལ་ལྡན་གླང་ཆེན་དགོན་བྱང་ཆུབ་འགྲོ་འདུལ་གླིང་དུ་ཀཿ  ཐོག་མཁན་རིན་པོ་ཆེ་བསོད་ནམས་བསྟན་པའི་རྒྱལ་མཚན་དང་རྨོག་སྤྲུལ་འཇིགས་བྲལ་བློ་གྲོས་བསྟན་པའི་རྒྱལ་མཚན་སོགས་དམ་པ་དུ་མའི་ཞབས་རྡུལ་སྤྱི་བོར་ལེན་པའི་གུས་འབངས་པ་དྷཱིཿ  ཟླ་་འོད་ནས་བྲིས་པས་བཀའ་དྲིན་ཅན་གྱི་བླ་མ་དམ་པ་རྣམས་ཀྱི་ཐུགས་དགོངས་ཡོངས་སུ་རྫོགས་པ་དང་དྲིན་ཆེན་ཡབ་ཡུམ་གཉིས་པོ་རྣམ་མཁྱེན་རྫོགས་བྱང་ཐོབ་པའི་རྒྱུར་གྱུར་ཅིག།



贡法衣藏文平台
མེས་པོའི་ཟུང་ཁྲག་ནས་བཞུར་བའི་བོད་ཕ་སྐད་མ་ཡིག་ཁྲི་ལོ་ནས་ཁྲི་ལོར་བརྟན་པར་ཤོག །
 最新文章