རྗེས་དྲན་གདུང་འབོད།

文摘   2023-07-08 13:19   西藏  


རྗེས་དྲན་གདུང་འབོད།  

རྡུང་ལེན་མཁན།    ཁམས་མཐར་ཕྱིན།


སྡུག་བསྔལ་འཁོར་བའི་གྲོང་དུ། །

བསམ་བཞིན་སྐྱེ་བ་བཞེས་པའི། །

ཉམས་ཐག་འགྲོ་བའི་སྐྱབས་མགོན། །

ཕ་གཅིག་ཡིད་བཞིན་ནོར་བུ། །


ཁྱེད་སྐུ་ཉི་མའི་དཀྱིལ་འཁོར། །

གླིང་འདིར་འཆར་བའི་དུས་སུ། །

སྐལ་བཟང་གདུལ་བྱའི་ཚོགས་ལ། །

ཐུགས་རྗེའི་འོད་ཟེར་སྤྲོས་ཡོད། །


རྒྱལ་བསྟན་ཉི་མ་གཞོན་ནུ། །

ནུབ་རིར་གཞུད་ལ་ཉེ་དུས། །

བསྟན་པའི་སྒྲོན་མེ་སྦར་མཁན། །

ཁྱེད་ལས་ལྷག་པ་མི་འདུག །


སྐྱེ་འཆི་རང་དབང་གྲུབ་ཀྱང་། ། 

རྟག་འཛིན་གདུལ་བྱའི་ངོ་རུ། ། 

གཟུགས་སྐུའི་བཀོད་པ་བསྡུས་ནས། །

ལོ་ཟླ་རིང་པོ་འགོར་སོང་། །


མགོན་མེད་ཉམས་ཐག་ང་ཚོས། །

བརྗེད་མེད་བཀའ་དྲིན་དྲན་བཞིན། །

གསོལ་འདེབས་མོས་གུས་ཞུས་ན། །

ཐུགས་རྗེ་བྱིན་རླབས་སྩོལ་རོགས། ། 


མཁན་སྤྲུལ་ཉི་ཟླ་ཟུང་གཅིག །

རེ་ཞིག་ཞིང་གཞན་གཤེགས་ན། །

མགོན་མེད་དྭ་ཕྲུག་ང་ཚོའི། །

སྐྱབས་གནས་རེ་ས་སུ་བྱེད། །


དམ་པའི་མཛད་བཟང་རེ་རེའི། །

བཀའ་དྲིན་ཡིད་ལ་དྲན་བཞིན། །

གསོལ་འདེབས་གདུང་བས་འབོད་ན། །

ཐུགས་རྗེའི་སྤྱན་གྱིས་གཟིགས་རོགས། །


སྐྱེ་བའི་ཕྲེང་བ་རྣམས་སུ། །

དཔལ་ལྡན་བླ་མ་ཁྱེད་ཀྱིས། །

ཐུགས་རྗེའི་བྱིན་རླབས་འཇུག་ནས། །

ལས་ངན་རྒྱུན་ཐག་གཅོད་རོགས། །

                         གོ་ངུར་སྨྲིག་གིས་བྲིས།



贡法衣藏文平台
མེས་པོའི་ཟུང་ཁྲག་ནས་བཞུར་བའི་བོད་ཕ་སྐད་མ་ཡིག་ཁྲི་ལོ་ནས་ཁྲི་ལོར་བརྟན་པར་ཤོག །
 最新文章