༁ྃཿ མཚམས་ཀྱི་ཡི་གེ་འབྲུ་དྲུག་གི་གནས་ཡིག་ཚོར་གྲོལ་
རིན་ཆེན་འཕྲེང་བ་བཞུགས་སོ། །
གཏེར་ཆེན་བཟང་པོ་རྡོ་རྗེ།
སྐྱེ་མེད་རང་གསལ་རྣམ་དག་ཆོས་ཀྱི་སྐུ༔ འགགས་མེད་སྟོང་གསལ་ལོངས་སྤྱོད་རྫོགས་པའི་སྐུ༔ ཚད་མེད་ངོ་བོ་སྤྲུལ་སྐུ་པདྨ་འབྱུང་༔སྐུ་གསུམ་དབྱེར་མེད་བོད་སྤྲུལ་འགྲོ་བ་ཡི༔ ཡབ་མཆོག་སྟོང་ཉིད་སྙིང་རྗེའྀ་ཁྲིམས་འཆང་བ༔ ཆོས་རྒྱལ་སྲོང་བཙན་སྒམ་པོ་འཕགས་པ་ནི༔ མི་ཡི་ལྤགས་གྱོན་རྒྱལ་བའི་རྣམ་འཕྲུལ་པ༔ ཐུགས་རྗེ་ཆེན་པོའི་ཞིང་དེར་དུས་རྣམས་རྟག༔ མི་གཡེལ་སྐྱོང་བའི་མངའ་བདག་དེ་ཡིས་ནི༔ བོད་ཡུལ་རི་ལུང་ཐམས་ཅད་བྱིན་བརླབས་ནས༔ སྒྲུབ་གནས་བྱེ་བ་སྟོང་ཕྲག་དཔག་མེད་མཛད༔ རང་བྱོན་སྐུ་གསུང་ཐུགས་རྟེན་ཞབས་ཀྱི་རྗེས༔ བཀོད་ཅིང་མ་འོངས་ཕྱི་རབས་སེམས་ཅན་དོན༔ ཟབ་གཏེར་རྫས་གཏེར་གྲངས་ཆེན་གྲངས་མེད་སྦས༔ ཕྱི་ནང་གསང་གསུམ་དུས་རྟགས་སྲུང་གཉེར་བསྐོས༔ དེ་ཡི་རྣམ་འཕྲུལ་དབྱངས་ཅན་ལྷ་མོ་ཡི༔ སྤྲུལ་པ་རྒྱ་ཟ་ཀོང་ཇོས་མདོ་ཁམས་ཀྱི༔ གནས་ཆེན་གནས་ཕྲན་འགའ་ལ་ཟབ་གཏེར་སྦས༔ ངོ་མཚར་རང་བྱོན་ལྷ་སྐུ་ཡིག་འབྲུ་བཀོད༔ མཚམས་ཀྱི་ཡི་གེ་འབྲུ་དྲུག་ཅེས་བྱ་འདི༔ ཕྱི་ལྟར་རྒྱལ་བ་ཀུན་གྱི་ཞབས་ཀྱིས་བཅགས༔ ནང་ལྟར་འཕགས་པ་ཐུགས་རྗེ་ཆེན་པོ་ཡི༔ སྒྲུབ་གནས་བྱིན་རླབས་ངོ་མཚར་རང་བྱོན་ནི༔ དཔག་མེད་ལྷ་སྐུ་ཡིག་འབྲུ་ཚད་ལྡན་གྱི༔ རྒྱ་ཡིག་བོད་ཡིག་ཧོར་ཡིག་གྲངས་མེད་བཞུགས༔ གསུང་གི་གནས་མཆོག་རང་བཞིན་མ་དང་ཎྀ༔ ཉི་རྡུལ་འཁྲིགས་བཞིན་འོད་ཟེར་དཔུངས་སེ་དཔུང་༔ བྱིན་གྱིས་བརླབས་རྟགས་ཆར་སྤྲིན་ན་བུན་འཁྲིགས༔ མཐོང་བ་ཙམ་གྱིས་སྡིག་སྒྲིབ་ཤུགས་ཀྱིས་དག༔ རང་ཉིད་སྐད་ཅིག་མོས་གུས་བྱས་ཚད་ཀྱི༔ ཚེ་འདིར་རྐྱེན་སེལ་ཕྱི་མ་བདེ་ཆེན་ཐོབ༔ རི་བོ་ཏ་དང་འབྱེར་མེད་རྒྱལ་བའི་ཞིང་༔ གསང་བ་ཡེ་ཤེས་ཌཱཀྐི་དམར་མོ་ཡི༔ པད་མོ་ནས་བྱུང་ངོ་མཚར་སིན་དྷུ་ར༔ འབྱུང་བ་ཡོད་པས་རེག་ཚད་བདེ་ཆེན་གྱི༔ ས་ལ་འགོད་ངེས་རྒྱལ་བསྟན་ཆོས་སྲུང་རྣམས༔ རྟག་ཏུ་འགྲོགས་ཤིང་ལུས་ངག་ཡིད་གསུམ་གྱི༔ མོས་གུས་བརྟན་པོས་ཕྱག་བསྐོར་བྱས་ཚད་ཀུན༔ འདི་ཕྱིའི་དོན་འགྲུབ་མཐོང་གྲོལ་ཁྱད་པར་འཕགས༔ བསྐོར་བ་བཅོ་ལྔ་ཕྱོགས་བཞིར་བརྒྱ་ཕྱག་ལྔ༔ མ་ཎི་ཁྲི་ཚོ་ལྔ་དང་ཉེར་ལྔ་ལ༔ ཡིག་དྲུག་དུང་ཕྱུར་ཡོད་པ་ངེས་ཅན་ཡིན༔ བརྗོད་བཞིན་མེད་ན་རྒྱལ་བ་ཉིད་ཀྱིས་བསླུས༔ དེ་ལྟར་ཁྱད་འཕགས་ཅན་གྱི་གནས་མཆོག་དེར༔ ལུས་ངག་མ་ཡེངས་བསྐོར་ཕྱག་རེམ་དུ་མཛོད༔ འདི་ཕྱིའི་བསམ་དོན་ནོར་བུ་དེ་འགྲུབ་འགྱུར༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔
ཨོཾ་མ་ཎི་པད་མེ་ཧཱུཾ་ཧྲཱིཿ སྐྱེ་མེད་ཆོས་དབྱིངས་ཞིང་ཁམས་སུ༔ ཆོས་སྐུའི་བླ་མ་སྤྱན་རས་གཟིགས༔ བདག་ཅག་མོས་པའི་བུ་རྣམས་ཀྱིསཿ བློ་འདས་ངང་ནས་གསོལ་བ་འདེབས༔ ཀ་དག་ངང་ནས་བྱིན་གྱིས་རློབས༔ འགགས་མེད་འོད་གསལ་ཞིང་ཁམས་སུ༔ ལོངས་སྐུའི་བླ་མ་སྤྱན་རས་གཟིགས༔ བདག་ཅག་མོས་པའི་བུ་རྣམས་ཀྱིསཿ ཡེ་རྫོགས་ངང་ནས་གསོལ་བ་འདེབས༔ གསལ་སྟོང་ངང་ནས་བྱིན་གྱིས་རློབས༔ མི་མཇེད་འཇིག་རྟེན་ཞིང་ཁམས་སུ༔ སྤྲུལ་སྐུའི་བླ་མ་སྤྱན་རས་གཟིགས༔ བདག་ཅག་མོས་པའི་བུ་རྣམས་ཀྱིསཿ རིག་སྟོང་ངང་ནས་གསོལ་བ་འདེབས༔ བློ་འདས་ངང་ནས་བྱིན་གྱིས་རློབས༔ སྤྱི་གཙུག་འོད་ལྔའི་ཞིང་ཁམས་སུ༔ རྩ་བའི་བླ་མ་སྤྱན་རས་གཟིགས༔ བདག་ཅག་མོས་པའི་བུ་རྣམས་ཀྱིས༔ མོས་གུས་གདུང་ཤུགས་ངང་ནས་གསོལ་བ་འདེབས༔ གཡེལ་བ་མེད་པའི་ངང་ནས་བྱིན་གྱིས་རློབས༔ སྣང་སྲིད་འཇའ་ཐིག་ཞིང་ཁམས་སུ༔ རིག་སྟོང་བླ་མ་སྤྱན་རས་གཟིགས༔ བདག་ཅག་མོས་པའི་བུ་རྣམས་ཀྱིས༔ གྲགས་སྟོང་ངང་ནས་གསོལ་བ་འདེབས༔ ཡེ་གསལ་རང་ཤར་བྱིན་གྱིས་རློབས༔ སྙིང་ནས་གསོལ་འདེབས་དུས་རྣམས་རྟག༔ ཆུ་བོའི་རྒྱུན་བཞིན་མོས་པའི་མཐུས༔ གསོལ་བ་བཏབ་པའི་ལྷ་ཁྱེད་ཀྱི༔ ཐུགས་རྗེས་བདག་ཟུངས་འཁོར་བ་ཡི༔ འདམ་ལས་ཕྱུང་བའི་དངོས་གྲུབ་སྩོལ༔
ཅེས་མཚམས་ཀྱི་ཡི་གེ་འབྲུ་དྲུག་གི་གནས་ཡིག་ཚོར་གྲོལ་རིན་ཆེན་ཕྲེང་བ་འདི༔ མདོ་སྨད་རེ་ཁེའི་ཡུལ་ནས་སྐྱེས་པའི་སྔགས་འཆང་རྫོགས་པ་ཆེན་པོའི་རྣལ་འབྱོར་པ་ཀུན་བཟང་འོད་གསལ་རྡོ་རྗེའམ་མ་དང་མཁའ་འགྲོས་མཚན་གསོལ་བའི་ནུས་ལྡན་བཟང་པོ་རྡོ་རྗེ་ཞེས་བྱ་བ་དེ་ཉིད་ཀྱིས་གསང་སྔགས་རྟག་བརྟན་གླིང་གི་ཆོས་རྫོང་མི་ཤིག་སྟོང་གསལ་ངང་ནས་བྲིས་སོ༔ འགྲོ་བ་མི་དང་ལྷ་འདྲེ་ཐམས་ཅད་ཀྱིས་དང་དུ་ལོངས་དང་པད་མ་འབྱུང་གནས་ཀྱི་ཐུགས་རྗེའི་འོད་སྣང་ངེས་ཅན་འབྱུང་ངེས་སོ༔ ས་མ་ཡཱ༔ རྒྱ་རྒྱ་རྒྱ༔ ཁ་ཐམ༔ གྷུཧྱ༔ དགེའོ༔