སྣང་བ་ཡུལ་ལ་ཡན་པ།

文摘   2024-12-23 20:23   西藏  



སྣང་བ་ཡུལ་ལ་ཡན་པ།

  ------------རྩོམ་པ་པོ-མགྲིན་སྤུ་ཅན།

སྐྱེ་བའི་ཕྲེང་བ་གཅིག་ནས་གཅིག་བརྒྱུད་དེ།། 

 རིང་ནས་རིང་དུ་བརྟེན་པའི་ངག་གི་ལྷ།། 

དྷཱིཿ ཡིག་དམར་སེར་འབར་བའི་རྩེ་མོ་ནས།། 

མགྲིན་པ་ངག་གི་འཁོར་ལོའི་དངོས་གྲུབ་སྩོལ།།


མཐོ་ཞིང་མཐོ་བ་དབུ་རྩེ་གངས་ཀྱིས་བཟུང་།།  

རྣོ་ཞིང་རྣོ་བ་ལྷགས་རླུང་ངར་མ་རྒྱུ།། 

རྒྱུན་མར་གཙིགས་པའི་རི་གྲོང་ལས་བབས་ཏེ།།    

རྒྱ་མཚོའི་ཁ་རུ་ཉུལ་བའི་མཐོང་ཐོས་གླེང་།།


སྐྱིད་པའི་ཡུལ་ལྗོངས་གྲགས་པ་བན་ནའི་ཡུལ།། 

མཐའ་འཁོར་རི་བོས་ཡོངས་བསྐོར་ལུང་པའི་དཀྱིལ།།  

མ་རྨོས་ལོ་ཏོག་དབྱིབས་འདྲའི་བཀོད་མཛེས་ཤིང་།། 

ཆུ་ཤེལ་བརྩིགས་མའི་མཁར་གྲོང་ལྟ་ན་སྡུག། 


དཀར་དམར་གློག་འོད་རྒྱུ་སྐར་ཚོགས་ལ་འགྲན།།

ལ་ལུང་རི་ཆུ་ཕན་ཚུན་བསྟར་ལ་རྒྱུས།། 

བསིལ་རླུང་དྲོད་འཇམ་རེག་བྱས་ལུས་ལ་བྱབས།། 

ལ་དང་ལུང་པའི་སྨུག་ཞགས་གོས་སུ་བཀླུབས།།


ལྗོན་ཤིང་འདབ་ལོ་བརྐྱངས་པའི་གྲིབ་བསིལ་འོག།

ས་མཐའི་མགྲོན་པོ་བསུ་བའི་བྲེལ་སྟབས་ཀྱིས།།

 གཡས་གཡོན་ཆུ་སྐྱེས་དཀར་དམར་བསྟར་བའི་འགྲམ།། 

གནམ་སྔོན་ཐང་འཁྱིལ་རླབས་ཕྲེང་རྒྱང་བལྟས་བྱས།།


ཉི་མའི་ཟེར་ཐག་ལྗོན་ལོའི་གསེང་ནས་བརྐྱངས།།   

བྱ་དང་བྱེའུའི་སྐད་སྙན་རྣ་བར་འཇེབས།། 

སྙན་འཇེབས་གླིང་བུའི་སྒྲ་དང་ཁོ་ཧྥེའི་ཁང་།།

སྣ་མང་མི་རིགས་འདུ་གར་ཅི་ཡང་རྒོད།།


གསིང་ཐང་ནགས་ཚལ་སྦྲེལ་མའི་བར་གསེང་ན།།

མཚོ་དང་མཚེ་འུའི་ནང་དུ་པད་མས་ཁེངས།། 

ལམ་ཕྲན་ཀྱ་གེ་ཀྱོག་གེའི་བར་གསེང་ན།། 

རྩྭ་ཤིང་ལས་གྲུབ་ངལ་གསོའི་སྟེགས་བུ་མཐོང་།།


ཀྱག་ཀྱོག་ལུང་ཕྲན་རེའི་ནང་སླེབས་པ་ན།།   

སྨྱུག་མས་སླེས་དང་རྩྭ་ཡི་སྐྱིལ་པོའི་ནང་།། 

འཚོ་གནས་བྱེད་པ་དེ་ཚོ་མཐོང་བའི་མོད།། 

མངར་སྐྱུར་འདྲེས་མའི་ཚོ་བའང་སྣ་མང་སྟེར།།


ཆ་ལུགས་ཞྭ་གོས་རིགས་རུས་མི་གཅིག་པའི།། 

སྣ་མང་སྐྱེ་བོ་འགྲུལ་བཞུད་མོད་པའི་ས།།

སྐྱིད་ཚལ་སྣ་ཚོགས་གཅིག་ལས་གཅིག་མཚར་བ།། 

ཕན་ཚུན་འགྲན་པ་བཞིན་དུ་བསྟར་ལ་རྒྱུས། །


རྐང་གཅིག་རྐང་གཉིས་རྐང་གསུམ་རྐང་བཞིའི་འཕྲུལ།། 

དེང་རབས་ལྕགས་ཀྱི་རྟ་ལ་ཞོན་པའི་མགྲོན།། 

ཡུལ་དཔལ་ལང་ཚོ་ངོམ་པའི་ཞལ་རས་ཀྱིས།།

གློ་བུར་ལྷགས་པའི་མགྲོན་རྣམས་ཡིད་སེམས་འཕྲོག།


སྡུག་བསྔལ་དབལ་ལ་ཚུད་པའི་འཁོར་བ་པ།། 

ཞེན་ཆགས་རྒྱ་མཚོ་རླབས་ཕྲེང་བརྩིགས་པའི་ཁྲོད།།  

སྐབས་རེ་སྣོད་བཅུད་ཕུན་ཚོགས་གྲུ་གཟིངས་དང་།། 

འཕྲད་དེ་ལུས་སེམས་ཚོར་བས་བཟི་བའང་སྣང་།།


གྲོང་ཁྱེར་དབུས་སུ་སེམས་ཀྱི་ཁེན་ས་ནི།། 

གཙུག་ལག་དབུ་ཡི་རྩེ་མོ་རིང་ཞིང་རྣོ།། 

དེ་ཉིད་དཀར་དམར་ཚོན་མདངས་མཛེས་པ་ཡིས།། 

གློ་བུར་ལས་ལྷགས་མགྲོན་པོའི་བློ་ཡིད་འཕྲོག།


བདེ་གཤེགས་སྐུ་དང་རྣམ་ཐར་རིས་སུ་བྲིས།། 

གཙུག་ལག་ཁང་འདི་གྲོང་ཁྱེར་སྙིང་བཅུད་འདྲ།། 

བདེ་གཤེགས་རིང་བསྲེལ་བཞུགས་པའི་རྟེན་མཆོག་འདི།། 

ཐར་བའི་ས་བོན་སྐྲུན་པའི་ནོར་བུ་དངོས།།


སྐས་ཐེམ་ལས་གྲུབ་གཙུག་ལག་མཛེས་པའི་དབུས།། 

འདྲེན་པ་བླ་མེད་བཞེངས་པའི་སྐུ་བརྙན་དང་།།

 རི་མགོར་གཙུག་ལག་རྩེ་མོ་རྣོ་བ་སོགས།། 

ངོ་མཚར་དད་སྤྲོ་སྐྱེ་བའི་རྟེན་མང་མཇལ།།


མི་རིགས་སྣ་མང་སྐད་རིགས་མི་གཅིག་ལ།། 

ཡུལ་སྲོལ་འཚོ་གནས་མི་གཅིག་སྣ་མང་པོས།།

 ཡོངས་སུ་ཁེངས་པའི་ཚོང་དུས་མགྲོན་པོ་ཚོ།། 

ས་འབུ་བཞིན་དུ་རྒྱུ་བ་མིག་ལམ་མཐོང་།།


རེས་འགའ་ཆུ་གནས་ཉ་སྦལ་འབུ་སྲིན་རིགས།། 

རལ་གྲིས་གཤགས་ཤིང་གསོན་པོ་མེར་བསྲེགས་ཀྱིས།། 

མི་ཚེའི་འཚོ་བ་སྐྱེལ་སྟངས་དག་མཐོང་ཚེ།། 

ཞིང་འབྲོག་བོད་མིའི་འཚོ་བའང་ཡིད་སྨོན་འཆོར།།


མི་ཚེ་རིང་ཤོས་ལོ་བརྒྱ་ཡན་འཚོ་ཞིང་།། 

བགྲང་བྱ་བརྒྱད་ཅུ་ལས་བརྒལ་རྒན་གོག་དག། 

མགྲོན་པོ་བསུ་ཞིང་ཚོང་ལས་བྱ་བ་གཉེར།།    

གྲོང་པའི་གསེབ་ཏུ་རྒྱུ་བའང་ཁོ་བོས་མཐོང་།།


འདི་ནི་དྲོད་གྲངས་ཁོད་སྙོམ་རྟེན་འབྲེལ་གྱིས།། 

སྐྱེ་དངོས་སྣ་མང་མི་ཚེ་རིང་འཚོ་ཡང་།། 

ཚབ་ཆེན་སྡིག་པའི་འཚོ་ཐབས་དག་མཐོང་ཚེ།། 

ཆོས་ལྡན་སྐྱེ་བོའི་ཕ་ས་ཡིད་ལ་འཁོར།།


ལྗང་མདོག་བེ་ཏའི་ནགས་ཚལ་མཐོང་བའི་མོད།།

ལྷོ་ཕྱོགས་བེ་ཏའི་ཡུལ་ན་ཀླུ་དབང་རྗེས།། 

རོ་མངར་འབྲས་བུའི་རོ་བཅུད་མྱོང་ཞོར་དུ།། 

ངེས་དོན་གཟིགས་པའི་རྣམ་ཐར་ཡིད་ཡུལ་འཁོར།།


མཁའ་དབྱིངས་དྭངས་ཤིང་ཆུ་འཛིན་ལང་ལོང་གཡོ།།  

ཁོར་ཡུག་རབ་མཛེས་རི་བོས་ཡོངས་སུ་བསྐོར།། 

བསིལ་རླུང་དྲོད་འཇམ་རེག་བྱས་ལུས་ལ་བྱབས།། 

ལ་དང་ལུང་པས་སྨུག་ཞགས་གོས་སུ་བཀླུབས།།


ཡུལ་འདིའི་དཔལ་ཡོན་མཛེས་མའི་བཞིན་རས་ཀྱིས།། 

ཕྱོགས་ཀྱི་མགྲོན་པོ་མ་བསྡུས་ངང་གིས་འདུ།། 

དཀར་དམར་མེ་ཏོག་གླིང་ག་སྣ་མང་ཞིང་།། 

མེ་འབྲས་ལྗོན་ཚལ་རྒྱས་པའི་རི་ལུང་སྣུམ།།


དགུན་དུས་ཡིན་ཡང་ཆུ་སྐྱེས་དཀར་དམར་བཞད།།

 མཚོ་དང་མཚེའུ་པད་མས་ཡོངས་སུ་གཏམ།།

བྱ་དང་བྱེ་འུས་སྐད་སྙན་སྣ་མང་སྒྲོགས།།

སྤང་དང་ནགས་ཚལ་མེ་འབྲས་དྲྭ་བས་སྦྲེལ། །


སྣ་མང་སྐྱིད་ཚལ་མེ་འབྲས་ར་བའི་དབུས།། 

དྲི་ཞིམ་ཚོར་ཞིང་ལུས་སེམས་ཁོང་ཡངས་ལྷོད།། 

བྱ་བྱིའི་གསུང་སྐད་རྣ་བར་སྙན་ཞིང་འཇེབས།། 

སྐབས་རེ་ལུས་སེམས་ཡན་པ་སྐྱིད་དུ་ཚོར།།


མཐའ་མེད་རླབས་ཕྲེང་བརྩིགས་པའི་རྒྱ་མཚོ་དང་།། 

སུམ་རྩེན་ལྷ་ཡུལ་བབས་འདྲའི་སྐྱིད་མོས་ཚལ།།

ཡིད་ལ་འཇིགས་དངངས་བསྐུལ་བའི་འདྲེ་ཁང་སོགས།། 

སྣ་མང་ཡིད་ཀྱི་ཡུལ་དུ་མྱོང་རོལ་བྱས།།


ཉིན་ཤས་སྒྱུ་མའི་གྲོང་ཁྱེར་དེ་ཉུལ་རྗེས།། 

ཆུ་ཤེལ་བང་རིམ་བརྩིགས་མའི་མགྲོན་མཁར་ནས།། 

བཏེགས་ཏེ་ཡུལ་ལྗོངས་གཅིག་ལས་གཅིག་མཚར་བ།།

རྣམ་པ་སྣ་མང་མྱོང་ཞིང་སྣ་མང་མཐོང་།།


སྔོན་དུས་བྱང་སེམས་ཆོས་ཀྱི་འཕགས་པ་དང་།། 

རྟག་ཏུ་ངུ་ཡིས་བྱིན་གྱིས་བརླབས་པའི་གནས།། 

པད་མ་ཅན་དུ་གྲགས་པའི་གྲོང་ཁྱེར་ཡང་།། 

བདེ་སྡུག་ཚོར་བ་མངར་སྐྱུར་ཡིད་ངོར་བླངས།།


མཐོང་རྒྱ་མེད་པ་མཐོ་སྒང་འབྲོག་པའི་བུ།། 

མཐུན་རྐྱེན་གྲོགས་ཀྱིས་བརྩེ་འདང་ཟབ་པ་ཡིས།། 

བག་ཡངས་རྒྱུ་ཞིང་སྣ་མང་ཡུལ་དཔལ་མཐོང་།། 

སྣང་བ་སྐྱིད་དུ་ཚོར་ཡོད་ཆོས་ཀྱི་གྲོགས།།

(འཆི་མེད་བསམ་འགྲུབ། ཚེ་རིང་མགོན་པོ།)    


ཁོ་བོ་བྱང་འབྲོག་གླེན་པའི་བུ་ཡིན་ཡང་།། 

བཟང་ངན་ཕན་འབྲས་སེམས་པའི་ཇི་བཞིན་མྱོང་།། 

འདི་ནི་བཀའ་དྲིན་སེམས་ཚོར་མ་བརྗེད་ཙམ།། 

འགྲོ་གྲོན་དྲིན་ངོ་ཤེས་པའི་ཚབ་ཏུ་བྲིས།།

ཞེས་བོད་གངས་ཅན་གྱི་ཡུལ་གླེན་པ་བྱང་ཐང་འབྲོག་པའི་བུ་རྒྱུད་རྩོམ་རིག་སྙན་དངགས་སྨྲ་བའི་འདབ་མ་ཅུང་ཟད་གྲོལ་བའི་གོ་འཇོ་བ་*ཀུན་བཟང་རྣམ་རྒྱལ་*དུ་འབོད་པ་དེས་ལྷོ་ཕྱོགས་རི་བོའི་ཉེ་འདབས་བན་ནའི་གྲོང་གསེབ་འབྲས་བུའི་རོ་བཅུད་ཀྱིས་གཏམ་པའི་བེ་ཏའི་ལྗོན་པ་ཆེན་པོ་ཞིག་གི་དྲུང་དུ་སྦྱར།། །། 




贡法衣藏文平台
མེས་པོའི་ཟུང་ཁྲག་ནས་བཞུར་བའི་བོད་ཕ་སྐད་མ་ཡིག་ཁྲི་ལོ་ནས་ཁྲི་ལོར་བརྟན་པར་ཤོག །
 最新文章