༈ མི་རྟག་འཆི་བ་དྲན་པའི་མགུར་མ་རྟག་
འཛིན་འཆིང་བ་གཅོད་པའི་དོ་ཧ།
ཨོ་་མི་རྟག་པ་སླེབས་སོང་། མི་རྟག་པ་སླེབས་སོང་། ངེས་པར་ང་ཚོའི་མགོ་ཐོག་ཏུ་མི་རྟག་པར་སླེབས་སོང་།
ཨ་ཧོ་ཡེ། སྐྱེ་འཆི་མི་མངའ་རྡོ་རྗེའི་སྐུ་མཆོག་དེ་བརྙེས་ཀྱང་།། རྟག་འཛིན་འཆིང་བ་བཅད་དེ་མི་རྟག་པའི་ལམ་ནས།། སྐྱེ་འགྲོ་དགེ་ལ་བསྐུལ་ཕྱིར་རྩ་ཅན་གྲོང་གཤེགས་པ།། བསླུ་མེད་སྟོན་པ་ཤཱཀྱའི་རྒྱལ་པོ་དེ་མཁྱེན་ནོ།།
ཚུལ་ཁྲིམས་རྣམ་དག་བྱང་ཆུབ་སེམས་མཆོག་ལ་བློ་འབྱོངས།། ལྟ་བ་རྣམ་དག་བསྐྱེད་རྫོགས་སྒོམ་སྒྲུབ་ཀྱང་མཐར་ཕྱིན།། རང་གཞན་དོན་གྲུབ་ཚེ་གཅིག་འོད་སྐུ་རུ་གྲོལ་བ།། འདྲེན་པ་མཆོག་གྱུར་མཁན་རྒན་རྡོ་རྗེ་འཆང་མཁྱེན་ནོ།།
གནས་ཡུལ་གང་དུ་བལྟས་ཀྱང་མི་རྟག་པའི་རང་བཞིན།། འཁོར་འདུས་ནོར་འཛོམས་འདི་ཀོ་མདང་སོང་གི་རྨི་ལམ།། སད་དུས་མེད་པ་དང་འདྲ་འབྲལ་བ་ཡི་ཆོས་ཉིད།། ཐོབ་ཤོར་བྱ་བྱེད་ལས་ལ་གཡེང་བ་འདིས་སྐྱོ་བྱུང་།།
བཤེས་གཉེན་དབུར་བཞུགས་མཆེད་ལྕམ་བརྩེ་འདང་ཡང་ཟབ་པ།། ཟབ་རྒྱས་ཆོས་ཉན་བདེ་དགའི་དཔལ་ཡོན་ལ་ལོངས་སྤྱོད།། འཛོམས་པའི་ཐ་མ་འབྲལ་བའི་ཆོས་ཉིད་ལ་བསམ་ཚེ།། འདིས་ཀྱང་བུ་ང་འདུས་བྱས་མི་རྟག་ལ་བསྐུལ་བྱུང་།།
ཡར་ལ་བལྟས་པས་སྔོན་བྱོན་མཁས་བཙུན་དང་གྲུབ་བརྙེས།། ས་ཆེན་རྒྱན་དུ་བྱོན་འདྲའི་ངེས་དོན་གྱི་བཤེས་གཉེན།། ད་སྐབས་ལོ་རྒྱུས་རྗེས་ཤུལ་རྣ་ཐོས་ལས་མེད་པ།། འདིས་ཀྱང་བུ་ང་འདུས་བྱས་མི་རྟག་ལ་བསྐུལ་བྱུང་།།
མར་ལ་བལྟས་པས་དུས་ངན་སྙིགས་མ་ཡི་རང་རྟགས།། གློ་བུར་མུ་གེ་ནད་ཡམས་འཁྲུག་རྩོད་ཀྱིས་འཇིགས་པ།། ཕྱོགས་བཞི་མཚམས་ནས་དེ་འདྲ་སྒྲ་བོ་ཆེ་ཐོས་དུས།། ང་ཚོ་མི་རྟག་སྟོན་ཁའི་སྤྲིན་པ་བཞིན་མཐོང་བྱུང་།།
སྔོན་དུས་གྲགས་པ་ཆེ་ཞིང་མཁས་གྲུབ་ཀྱི་གདན་ས།། དེང་དུས་བརྩིགས་ཧྲུལ་ཞིག་ཤུལ་ས་མལ་དེ་མཐོང་དུས།། ད་སྐབས་འབད་རྩོལ་བྱས་ནས་བཞེངས་པ་ཡི་དགོན་ཆུང་།། སྐྱོ་བ་སྐྱེ་བའི་ས་མལ་འདི་ཀོ་རང་མཐོང་བྱུང་།།
ཚེ་སྟོད་སྟོབས་འབྱོར་མངའ་ཐང་གྲགས་སྙན་གྱིས་ཁྱབ་ཅིང་།། ཁ་གྲགས་དབང་ཆེ་འཁོར་འདུས་ནོར་འཛོམས་ཀྱི་བདག་པོ།། ཚེ་སྨད་སློང་ཕོར་ཐོག་ནས་རྒྱུགས་པ་དག་མཐོང་ཚེ།། འཁོར་འདུས་ནོར་འཛོམས་ཟེར་བ་རྨི་ལམ་བཞིན་མཐོང་བྱུང་།།
བདེ་སྐྱིད་ཕུན་ཚོགས་ལོངས་སྤྱོད་དབྱར་དུས་ཀྱི་པད་ཚལ།། བུང་བ་ལྡིང་ཞིང་པད་མའི་འདབ་མ་དེ་མཛེས་ཀྱང་།། དུས་བཞི་ནམ་ཟླ་རིམ་བགྲོད་འགྱུར་འགྲོས་ལ་བསམ་ཚེ།། འདིས་ཀྱང་བུ་ང་འདུས་བྱས་མི་རྟག་ལ་བསྐུལ་བྱུང་།།
ད་ནངས་ཤར་ཕྱོགས་རི་བོ་མཐོན་པོ་ཡི་རྩེ་ནས།། གསེར་ཞུན་འོད་ཀྱི་དྲོད་ཁུལ་བྲག་སྐྱིབས་སུ་འཕོས་ཚེ།། སྣང་བ་དྲོ་ཞིང་དགའ་བདེའི་དཔལ་ཡོན་ལ་སྤྱོད་ཀྱང་།། ཡུད་ཙམ་ངང་ནས་དགའ་བདེའི་བཟི་ཁ་དེ་ཡལ་སོང་།།
ཆུ་ལྷའི་སྤོ་རུ་འཛེགས་ཚེ་དྲོད་མེད་ཀྱི་འོད་དམར།། བུ་ངའི་ཐོད་ལ་ཤར་ཚེ་སྐྱོ་བ་ཡི་སྣོན་མ།། ཉི་ཟླ་འཆར་ནུབ་བར་གྱི་དུས་ཡུན་ལ་བསམ་ཚེ།། དགའ་སྐྱོའི་བར་ནས་འཆི་བ་མི་རྟག་དེ་དྲན་བྱུང་།།
ཁོར་ཡུག་རི་བོས་བཅད་པའི་རྭ་བསྐོར་གྱི་ནང་དུ།། བཙན་ཕྱུག་འཕེན་དར་མི་རྟག་བདེ་སྡུག་གི་སྣང་ཚུལ།། མངོན་སུམ་མིག་ལམ་ཤར་བའི་སྣང་ཚུལ་ལ་དཔག་ན།། འདིས་ཀྱང་བུ་ང་བདེན་མེད་མི་རྟག་ལ་བསྐུལ་བྱུང་།།
ཚེ་སྟོད་ཕན་ཚུན་སྙིང་གི་གཏམ་གླེང་ཡང་བགྱིད་ས།། ཇ་ཆང་མཉམ་བཏུང་ཕན་ཚུན་འཛུམ་མདངས་ཀྱང་ངོམས་ས།། ཚེ་སྨད་ཞེ་འགྲས་འཁོན་པའི་གཞི་མ་རུ་གྱུར་པ།། རྟག་བརྟན་མེད་པའི་ཉེ་འབྲེལ་དགའ་འཛོམས་འདིས་སྐྱོ་བྱུང་།།
དྲིན་ཆེན་བླ་མ་དམ་པ་ཞིང་གཞན་དུ་གཤེགས་སོང་།། བརྩེ་ལྡན་མཆེད་གྲོགས་ཚོ་ཡང་ཕྱོགས་གཞན་དུ་འཐོར་སོང་།། འདུག་སའི་ཁང་མིག་གྲུ་བཞི་བོང་རྣ་བཞིན་རལ་དུས།། མི་རྟག་སྟོན་པའི་སློབ་དཔོན་མིག་ལམ་དུ་མཐོང་བྱུང་།།
ས་ཞིང་ལས་ལ་བརྩོན་པའི་སོ་ནམས་པ་ཚོ་དང་།། གནག་ཕྱུག་འཚོ་སྐྱོང་བྱེད་པའི་ནོར་འབྲོག་གི་རྫི་བོ།། ཤི་གསོན་རེ་ལྟོས་བྱེད་སའི་གྲོང་ཆོག་པ་ཚོ་རྣམས།། བར་མེད་ཉིན་བཞིན་རྒྱུ་འདིས་མི་རྟག་ལ་བསྐུལ་བྱུང་།།
དཀར་དམར་ལང་ཚོའི་བཀྲག་མདངས་རིམ་བཞིན་དུ་ཉམས་ཏེ།། སྐྲ་དཀར་སོ་ལྷུང་རྒས་གཉེར་ཐོད་དཀྱིལ་དུ་བབས་ཤིང་།། མི་མངོན་མི་མཐོང་ས་ནས་འཆི་བདག་གི་བདུད་ཕོ།། གྲིབ་སོ་བཞིན་དུ་ང་ཚོའི་ཉེ་གམ་དུ་སླེབས་འདུག།
ཁྱོད་དང་ང་གཉིས་མི་འཆིའི་གདེང་ཚོད་ནི་མི་འདུག། འཆི་བའི་ནུབ་མོ་ཡོད་ཚད་མལ་ས་རུ་བསྐྱུར་ཏེ།། ལག་སྟོང་མཆན་དུ་བཅུག་ནས་གཤིན་ལམ་དུ་འགྲིམ་དུས།། སྐྱབས་གནས་རེ་ས་དམ་པའི་ལྷ་ཆོས་ལས་མ་མཐོང་།།
སྟེང་ན་གདུགས་ཕུབ་འོག་ན་རིན་ཆེན་གྱི་ཁྲི་བརྩིགས།། མདུན་དུ་ཟས་སྤུངས་མཐའ་ནས་འཁོར་སློབ་ཀྱིས་བསྐོར་བའི།། མི་ཆེན་བླ་ཆེན་ཚོ་ཡང་མི་རྟག་པའི་ལམ་དུ།། མི་འགྲོ་འདུག་པའི་དབང་མེད་ཐུགས་བཞག་རེ་མཛོད་ཅིག།
ཅེས་པ་འདི་ཀོ་མང་དུ་ཐོས་ཤིང་ངན་འགྲོའི་གཡང་ས་ཆེ་ལ་འཇིགས་ཤིང་སྐྲག་སྟེ་རི་དྭགས་རྨས་མའི་ཚུལ་དུ་གཅིག་པུ་ནགས་ཀྱི་ནང་དུ་གནས་པའི་སྤོང་བ་བསམ་གཏན་པའི་ངང་ཚུལ་དུ་རློམས་པ་ཤར་ཀཿ ཐོག་པའི་སློབ་འབངས་ཐ་ཤལ་བ•ཀུན་བཟང་ཕྱོགས་ལས་རྣམ་རྒྱལ་•དུ་འབོད་པ་གང་དེས་སྒྲོམ་དབེན་གནས་བྲག་སྐྱིབས་འདབ་མའི་འོག་རོལ་དུ་རང་གིས་རང་ཉིད་ལ་སྨྲས་པའོ། །
---------///-རྩོམ་པ་པོ-མགྲིན་སྤུ་ཅན།