ཀུན་མཁྱེན་མི་ཕམ་རྒྱ་མཚོའི་སྐུ་ཡི་འཁྲུངས་སྐར་བསུ། བོད་ཟླ་༡༠/༥ཉིན།

文摘   2023-11-18 08:45   四川  


ཀུན་མཁྱེན་བླ་མ་མི་ཕམ་རྒྱ་མཚོའི་རྣམ་

ཐར་མདོ་ཙམ་རྗེས་སུ་དྲན་པ།


                                                                —— གོ་ངུར་སྨྲིག


འོད་གསལ་ཐོག་མའི་གཞི་ལས་འཆར་བའི་ཡེ་ཤེས་ཉི་མ་རང་སྣང་རྟོགས། །

ཁྱད་ཆོས་དྲུག་གིས་མངོན་པར་བྱང་ཆུབ་འཁོར་འདས་ཀུན་ཀྱི་སྤྱི་དཔལ་བཞུགས། །

རྣམ་རྟོག་མཚན་མའི་ཆོས་ལས་འདས་ཀྱང་དུས་གསུམ་འགྱུར་མེད་འགྲོ་ལ་གཟིགས། །

གདོད་མ་དབྱིངས་ནས་འཁྲུལ་གཞི་དབེན་པའི་གདོད་མའི་མགོན་པོ་ཀུན་ཏུ་བཟང་། །


མཚན་མའི་འདུ་བྱེད་སྤྲོས་པ་མེད་ཀྱང་ལྷུན་གྲུབ་གཡོ་བས་དུས་གསུམ་དུ། །

ལོངས་སྤྱོད་རྫོགས་དང་སྤྲུལ་སྐུའི་མཛད་པ་གང་ལ་གང་འདུལ་བསམ་མི་ཁྱབ། །

སྐུ་གསུང་ཐུགས་ཀྱི་སྤྲུལ་བསྒྱུར་རྣམ་རོལ་འགྲོ་ཁམས་རྒྱ་མཚོའི་གནས་རྣམས་སུ། །

ཇི་སྲིད་འཇིག་རྟེན་མ་གཏོང་བར་དུ་མཛད་པའི་རྣམ་གྲངས་རྒྱུན་མི་ཆད། །


སྐུ་གསུམ་སྐུ་ལྔ་སྤྲུལ་པའི་སྐུ་ལས་ཡེ་ཤེས་ཉི་མ་གཅིག་བསྡུས་པའི། །

དུས་གསུམ་རྒྱལ་བའི་ཡབ་ཏུ་གྱུར་ཀྱང་རྒྱལ་སྲས་གཞོན་ནུའི་ལང་ཚོ་འཆང་། །

ངེས་དོན་སངས་རྒྱས་ས་རུ་ཕེབས་ཀྱང་བྱང་སེམས་འཕགས་པའི་ཚུལ་དུ་བཞུགས། །

རྒྱལ་ཀུན་མཁྱེན་པའི་ཡབ་གཅིག་དམ་པ་ཤེས་རབ་ལྷ་མཆོག་འཇམ་པའི་དཔལ། །


རང་དོན་སྤང་རྟོགས་ཕ་མཐར་སོན་ཡང་གཞན་དོན་སྙིང་རྗེའི་ཁུར་ཆེན་བཞེས། །

སེམས་ཅན་ཁམས་དང་མོས་པ་དང་བསྟུན་ཞི་དང་ཁྲོ་བོའི་སྤྲུལ་བསྒྱུར་མཛད། །

འཕགས་པའི་ཡུལ་དང་གངས་རིའི་ལྗོངས་སུ་མཁས་དང་གྲུབ་པའི་སྐྱེས་ཆེན་ཚོགས། །

རྗེ་བཙུན་བརྟན་པའི་འཁོར་ལོ་གང་ཉིད་མི་ཡི་གར་བསྒྱུར་ཡིན་པར་གྲགས། །


སྲིད་པར་འཆིང་བའི་རྒྱུན་ཐག་ཆད་ཀྱང་སྲིད་པའི་འགྲོ་བ་མ་སྟོང་བར། །

སློབ་ལམ་དུས་སུ་སྙིང་རྗེ་ཆེན་པོའི་ཐུགས་བསྐྱེད་སྨོན་ལམ་མཐུ་བཙན་པས། །

ཞིང་འདི་མཛད་པའི་རྣམ་རོལ་མང་ཡང་སྙིང་རྗེ་ཤེས་རབ་ཆེས་ལྷག་པའི། །

ཟུར་ཕུད་ལྔ་པ་མི་ཡི་གར་བསྒྱུར་མི་ཕམ་རྒྱ་མཚོ་ཞེས་སུ་གྲགས། །


མདོ་ཁམས་འབྲི་ཟླ་སྒང་གི་ཆར་གཏོགས་ཡ་ཆུའི་དིང་ཆུང་ས་ཡི་ཆར། །

ཡབ་ནི་གཙང་མ་ལྷ་ལས་ཆད་པའི་འཇུ་རིགས་མགོན་པོ་དར་རྒྱས་དང་། །

ཆོ་འབྲང་སྨུག་པོ་གདོང་གི་རྒྱུད་པ་ཡུམ་མཆོག་མཛངས་མ་སྲིང་ཆུང་མའི། །

རབ་བྱུང་བཅུ་བཞི་མེ་ཕོ་རྟ་ལ་གཟུགས་སྐུ་མཚན་དཔེའི་ཕུང་པོ་བཞད། །


གཟུགས་སྐུའི་པད་མོ་ཞིང་འདིར་འཁྲུངས་མ་ཐག །

ཕལ་པའི་འགྲོ་བ་ཀུན་གྱི་སྣང་ངོ་རུ། །

ངོ་མཚར་རྟེན་འབྲེལ་དགེ་མཚན་དུ་མར་བཅས། །

མཚན་དཔེའི་ལང་ཚོ་བཞད་པ་ཁྱོད་ལ་འདུད། །


ཆུང་ནས་འབྲི་ཀློག་ནས་བཟུང་རིག་གཞུང་ལ། །

སློབ་པ་ཙམ་གྱིས་ངལ་མེད་ཐུགས་སུ་ཆུད། །

འཇུ་དགོན་གསང་སྔགས་བཤད་སྒྲུབ་ཆོས་གླིང་དུ། །

དཀྱུས་མའི་གྲྭ་བཙུན་ཞིག་གི་ཚུལ་དུ་བཞུགས། །


སྐྱེ་ཀུན་ཚོགས་གཉིས་བསགས་པའི་དགེ་བའི་མཐུས། །

ཐེག་ཆེན་བྱང་ཆུབ་སེམས་ཀྱི་རིགས་སད་ནས། །

ཆུང་ངུའི་དུས་ནས་བྱམས་སྙིང་ཤེས་རབ་ལྡན། །

བྱིས་པའི་སྐུ་ལ་དམ་པའི་ངང་ཚུལ་ཅན། །


རིང་ནས་རྣམ་དཔྱོད་ཕ་མཐར་སོན་ན་ཡང་། །

ཀུན་གྱི་གདུལ་བྱའི་སྣང་ངོར་མཛད་ཚུལ་གྱིས། །

ས་དགེ་རིས་མེད་དམ་པ་མང་བསྟེན་ནས། །

དམ་པའི་མཛད་པ་བཟང་པོ་ཁྱེད་ཀྱིས་བསྐྱངས། །


དབུས་གཙང་ཆོས་ཀྱི་ཞིང་དུ་མཇལ་སྐོར་ཕེབས། །

སེར་འབྲས་དགའ་གསུམ་གྲྭ་སྐོར་མཛད་པའི་ཚེ། །

མི་ཚེ་བསྡུས་གྲྭར་ཕྱོགས་པའི་དགེ་བཤེས་ལ། །

ཚར་དང་འཁོར་གསུམ་ལན་མང་སྐོར་བ་གྲགས། །


མཐོང་ན་མི་མཐུན་མེད་པའི་གཟུགས་སྐུ་ལ། །

མགྲིན་པར་ངག་རིགས་འཇོ་བའི་གསུང་སྙན་དང་། །

ཟབ་རྒྱས་ཆོས་ཀུན་འཆད་ལ་བློ་སྤོབས་ཅན། །

འཆད་པའི་ལྗགས་བཟང་མངའ་བའི་མི་ཕམ་པ། །


རྒྱལ་གསུང་དྲི་མེད་རིང་ལུགས་བསྐྱངས་པ་ལ། །

རབ་གསལ་དམ་ཆོས་སོགས་ཀྱིས་བརྒོལ་ན་ཡང་། །

རིག་ལམ་ཡང་དག་ལམ་ནས་བགྲོལ་བའི་ཚེ། །

ཀུན་གྱིས་མི་སྨྲའི་བརྟུལ་ཞུགས་འཛིན་དུ་བཅུག །


བསྟན་པའི་སྙིང་པོ་འདུལ་བ་ལ་དགོངས་ཏེ། །

སྟོན་པའི་རྒྱལ་ཚབ་སོ་སོར་ཐར་པ་ལ། །

མཆན་འགྲེལ་ངེས་ལེགས་ཐེམ་སྐས་བརྩམས་མཛད་ནས། །

འདུལ་ཁྲིམས་དར་བ་མཛད་པ་ཁྱེད་ལ་འདུད། །


མ་རྟོགས་ལོག་པར་རྟོག་པའི་གཞན་སྡེ་ཡིས། །

ཐུབ་བསྟན་རྨས་པར་བྱེད་པའི་སྡེ་ཚོགས་ལ། །

ལུང་རིག་གནམ་ལྕགས་ཐོག་འདྲའི་ལན་མེད་པའི། །

རྣམ་འགྲེལ་ལེགས་བཤད་སྣང་གཏེར་ཁྱེད་ཀྱིས་བརྩམས། །


བགྲང་བྱའི་ན་ཚོད་མ་སྨིན་བྱིས་དུས་སུ། །

རྣམ་དཔྱོད་ཤེས་རབ་རྩལ་ཆེན་ཡོངས་རྫོགས་ཏེ། །

རྒྱལ་གསུང་དབུ་མའི་ཟབ་གནད་བཀྲལ་བའི་གཞུང་། །

ངེས་ཤེས་སྒྲོན་མེ་ཐུགས་ཀྱི་མཐིལ་ནས་འཁྲུངས། །


སྔ་འགྱུར་བསྟན་པའི་སྲོག་ཤིང་མདོ་སྒྱུ་སེམས། །

བསྟན་པའི་སྙིང་པོ་ཡིབ་ལ་ཉེ་བའི་དུས། །

ཐུན་མིན་རྒྱུད་སྡེའི་འགྲེལ་བཤད་མང་བརྩམས་ནས། །

བསྟན་པའི་མེ་རོ་བསླངས་བར་མཛད་ལ་བསྟོད། །


ཐུབ་བསྟན་སྤྱི་དང་ཁྱད་པར་སྔ་འགྱུར་བའི། །

བསྟན་པ་ཡོངས་ལ་ལྷག་བསམ་ཆེས་དཀར་བས། །

ཐུན་མོང་ཐུན་མིན་གཞུང་ལུགས་མང་བརྩམས་ནས། །

རྒྱལ་བསྟན་མཛེས་པར་བྱས་པ་ཁྱེད་ལ་འདུད། །


བསྟན་པའི་སྙིང་པོ་ནང་རྒྱུད་སྡེ་གསུལ་ལ། །

སྒོམ་དང་སྒྲུབ་པའི་རྒྱལ་མཚན་བཙུགས་པ་ཡིས། །

ཉམས་དང་རྟོགས་པའི་ཡོན་ཏན་ཡོངས་སུ་རྫོགས། །

གདོད་མའི་མགོན་དང་དབྱེར་མེད་མི་ཕམ་རྗེ། །


འགྲོ་ཀུན་ཕ་མ་ལས་ཀྱང་བྱམས་ན་ཡང་། །

ལོག་སྨོན་བསམ་སྦྱོར་ངན་པས་བརྡོ་བའི་ཚེ། །

གནོད་ལན་བྱམས་པའི་འཛུམ་གྱིས་བསུས་པ་ལས། །

བཟོད་པའི་གོ་ཆ་ནམ་ཡང་ཤོར་བ་མེད། །


གདུལ་བྱ་རྟག་འཛིན་ཅན་གྱི་འགྲོ་བའི་ངོར། །

དམ་པའི་ཐུགས་ལ་ཕལ་པའི་ངང་ཚུལ་བསྟན། །

སྐུ་ཡི་དཀྱིལ་འཁོར་ཞིང་འདིར་མི་བཞུགས་པར། །

ངོ་མཚར་ལྟས་བཅས་གཟུགས་སྐུའི་བཀོད་པ་བསྡུས། །


མགོན་པོ་ཁྱེད་ཀྱི་ཡང་དག་རྡོ་རྗེའི་མཚན། །

འགྲོ་བ་གང་གིས་རྣ་བར་ཐོས་ཙམ་གྱིས། །

ངན་འགྲོའི་འཇིགས་སྐྱོབ་ཐར་པའི་ལམ་ཐོབ་ཅེས། །

བསླུ་མེད་གསུང་གིས་ཡང་ཡང་གདམས་པ་འོ། །


སྐྱེ་དང་སྐྱེ་བའི་ཕྲེང་ཐག་མ་ཆད་བར། །

མགོན་པོ་ཁྱེད་ཀྱི་ཐུགས་རྗེས་རྗེས་བཟུང་ནས། །

དལ་འབྱོར་ལུས་ཐོབ་ཚུལ་ཁྲིམས་རྣམ་དག་ཅིང་། །

འཆད་རྩོད་རྩོམ་པའི་སྤོབས་པ་མཆོག་ཐོབ་ཤོག །


贡法衣藏文平台
མེས་པོའི་ཟུང་ཁྲག་ནས་བཞུར་བའི་བོད་ཕ་སྐད་མ་ཡིག་ཁྲི་ལོ་ནས་ཁྲི་ལོར་བརྟན་པར་ཤོག །
 最新文章