༈ ཞང་པོ་བསོད་ནམས་ཉི་མ་ལ་སྤྲིངས་པའི་རླུང་རྟ་ལྷ་བཞིའི་མགུར་མ།

文摘   2025-01-21 17:38   西藏  



༈ ཞང་པོ་བསོད་ནམས་ཉི་མ་ལ་སྤྲིངས་པའི་རླུང་རྟ་ལྷ་བཞིའི་

མགུར་མ་དངོས་འཛིན་ཞེན་པ་གཅོད་པའི་དོ་ཧ།

རྩོམ་པ་པོ-མགྲིན་སྤུ་ཅན། 

ན་མོ་བྷུདྡྷ་དྷརྨ་སངྒ་ཡེ།

སྟ༵ག་དམར་ཡག་ང་ལ་ཤིང་བརྐོས་ཁང་མཛེས་ནི་མི་དགོས།། ལྷོ་ཙན་དན་ནགས་མ་དམར་ཡག་སྟག་མོ་ངའི་ཁང་པ།། དཔའ་ངར་སྐད་སྒྲོག་ནས་སྡེར་བཞི་གང་དགའ་རུ་བགྲད་བཞིན།། ལུས་འཛུམ་དྲུག་རྒྱས་ཕྱིར་ཙན་དན་ནགས་དཀྱིལ་དུ་འགྲོ་དགོས།།

སེ༵ང་དར་མ་ང་ལ་མཁར་བརྩིགས་ཕོ་བྲང་ནི་མི་དགོས།། གངས་དཀར་ཡག་བདག་མེད་དར་སེང་དཀར་མོ་ངའི་ཕོ་བྲང་།། མགོ་གཡུ་རལ་གསིག་བཞིན་སྡེར་བཞི་ཅི་དགའ་རུ་ངོམ་བཞིན།། ལུས་རྩལ་དྲུག་རྫོགས་ཕྱིར་གངས་རིའི་དབུ་རྩེ་ལ་འགྲོ་དགོས།།

ཁྱུ༵ང་དར་མ་ང་ལ་ཕ་མཁར་བཙན་རྫོང་ནི་མི་དགོས།། བྲག་དཀར་ཡག་གང་མཐོ་བྱ་རྒྱལ་རྒོད་པོ་ངའི་བཙན་རྫོང་།། སྟོང་མཁར་ལམ་ཡངས་པོར་འདབ་གཤོག་ཅི་དགའ་རུ་བརྐྱངས་བཞིན།། ལུས་གཤོག་རྩལ་རྫོགས་ཕྱིར་བྱ་ལམ་གོང་མའི་ཐོག་འགྲོ་དགོས།།

འབྲུ༵ག་ཕོ་ཐང་ང་ལ་གསེར་དངུལ་མཁར་གཞིས་ནི་མི་དགོས།། མཐོ་བར་སྣང་ལྷོ་སྤྲིན་གཡུ་འབྲུག་སྔོན་མོ་ངའི་མཁར་གཞིས།། ལག་ནོར་གཞོང་ཐོག་ནས་སྒྲ་སྐད་ཅི་དགའ་རུ་སྒྲོག་བཞིན།། ལུས་འཁྱུག་རྩལ་རྫོགས་ཕྱིར་ཆུ་འཛིན་བར་གསེང་དུ་འགྲོ་དགོས།།

བྱ་ཁུ་བྱུག་ང་ལ་འབབ་སྟེགས་གསས་མཁར་བརྩིགས་མི་དགོས།། གཡུ་འདབ་ལོ་རྒྱས་ཚད་ཁུ་བྱུག་སྔོན་མོ་ངའི་འབབ་སྟེགས།། སྐད་དྲུག་འགྱུར་སྙན་མོ་ལ་ལུང་ཕྱོགས་ཀུན་ཏུ་སྒྲོག་བཞིན།། དབྱར་དུས་བཟང་བསུ་ཕྱིར་སཱ་ལའི་སྨན་ལྗོངས་རྩེར་འགྲོ་དགོས།།

བུ་རྣལ་འབྱོར་ང་ལ་ཆགས་སྡང་དགོན་གཞིས་ནི་མི་དགོས།། གནས་གར་དགའ་གང་སྐྱིད་རྒྱལ་ཁམས་རྣལ་འབྱོར་ངའི་དགོན་གཞིས།། ཆོས་ཐོས་བསམ་མཐར་ཕྱིན་འཆད་རྩོམ་ཅི་དགའ་རུ་བྱེད་བཞིན།། ཉམས་རྟོགས་པ་རྒྱས་ཕྱིར་དབེན་པའི་རི་ཁྲོད་དུ་འགྲོ་དགོས།།

ང་དབེན་ཁྲོད་ནང་དུ་ཆགས་སྡང་རོགས་པ་ནི་མི་དགོས།། གྲོགས་བྱ་བྱེ་འུ་རི་དྭགས་ཉམས་ཆུང་ཚོ་ངའི་རོགས་པ།། ཆོས་ཐོས་བསམ་བསྐྱེད་རྫོགས་སྒོམ་སྒྲུབ་ཉམས་ལེན་ལ་བརྩོན་བཞིན།། ཚེ་འདིའི་ཐོག་ཐར་བའི་ལམ་སྣ་ཟིན་པར་ཞིག་བྱ་དགོས།།

ཞང་ཁྱོད་ཀྱང་བློ་རྩེ་བླ་མ་དཀོན་མཆོག་ལ་གཏོད་ཅིག། ལས་དགེ་སྡིག་རྒྱུ་འབྲས་མིག་འབྲས་གཡས་གཡོན་བཞིན་སྲུང་ནས།། བློ་རིམ་བཞིན་རིམ་བཞིན་དཀར་པོ་དགེ་བའི་ཕྱོགས་འཁོར་ཏེ།། རྟེན་དལ་འབྱོར་མི་ལུས་དོན་ཡོད་དོན་ལྡན་རེ་མཛོད་ཅིག། 

     ཞེས་པ་འདི་ཀོ་*ཀུན་བཟང་ཕྱོགས་ལས་རྣམ་རྒྱལ་*དུ་འབོད་པ་གང་དེས་འཇིག་རྟེན་གྱི་ཐོག་ནས་དྲིན་དུ་ཆེ་བ་ཞང་པོ་བསོད་ནམས་ཉི་མ་ལ་ཟླ་ཚེས་དགེ་བའི་ཉིན་བྲིས་ཏེ་ཕུལ།  








贡法衣藏文平台
མེས་པོའི་ཟུང་ཁྲག་ནས་བཞུར་བའི་བོད་ཕ་སྐད་མ་ཡིག་ཁྲི་ལོ་ནས་ཁྲི་ལོར་བརྟན་པར་ཤོག །
 最新文章