ཨ་མདོ་བརྙན་འཕྲིན་གྱི་ལོ་གསར་སྤྲོ་ཚོགས་ལ་ཁོང་རྣམ་པ་གདན་དྲངས་འདུག

政务   2024-12-29 15:17   青海  

ཨ་མདོ་བརྙན་འཕྲིན་གྱི་བོད་རབ་རྒྱན་ཤིང་མོ་སྦྲུལ་ལོའི་ལོ་སར་རིག་རྩལ་སྤྲོ་ཚོགས་ཆེན་མོ༼ བདེ་སྐྱིད་དཔལ་གྱི་གཞིས་ཁྱིམ༽ཞེས་པ་བརྙན་ཕབ་ལེགས་འགྲུབ་བྱས། 

     ཨ་མདོ་བརྙན་འཕྲིན་གྱི་བོད་རབ་རྒྱན་ཤིང་མོ་སྦྲུལ་ལོའི་ལོ་གསར་རིག་རྩལ་སྤྲོ་ཚོགས་ཆེན་མོ༼ བདེ་སྐྱིད་དཔལ་གྱི་གཞིས་ཁྱིམ ༽ཞེས་པ་དེ་སྤྱི་ཟླ12པའི་ཚེས27ཉིན་གྱི་དགོང་མོར་མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་གི་འཁྲབ་གཏོང་ཚོམས་ཆེན་ནས་གཟབ་རྒྱས་ངང་བརྙན་ཕབ་བྱས་ཤིང་། བོད་འབྲེལ་ས་ཁུལ་ཁག་ནས་ཆེད་ལས་འཁྲབ་སྟོན་པ་དང་དམངས་ཁྲོད་སྒྱུ་རྩལ་པ་བཅས་ཁྱོན་བསྡོམས་འཁྲབ་སྟོན་པ400ལྷག་ཙམ་གདན་དྲངས་ནས་རྒྱལ་ཁབ་ཕྱི་ནང་གི་གཟིགས་མོ་བ་རྣམས་ལ་མི་རིགས་ཀྱི་ཁྱད་ཆོས་མངོན་པར་གསལ་བའི་རིག་གནས་ཀྱི་དགའ་སྟོན་གཟབ་རྒྱས་ཤིག་གྲ་སྒྲིག་བྱས་འདུག

     ཐེངས་འདིའི་སྤྲོ་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གཟེངས་བསྟོད་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་བྱེད་པ་དེ་གཙོ་སྙིང་དུ་བཟུང་བ་དང་། བློ་སེམས་གཅིག་མཐུན་གྱིས་ཁྱིམ་གཞིས་མཉམ་སྐྲུན་བྱེད་ཅེས་པ་དེ་བརྗོད་དོན་གཙོ་བོར་བྱས་ཏེ། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཏང་གི་ཡང་དག་པའི་འགོ་ཁྲིད་འོག་འཆམ་མཐུན་མཉམ་གནས་དང་མཐུན་སྒྲིལ་འབད་འཐབ་ཀྱིས་མཉམ་དུ་ཡར་རྒྱས་གོང་འཕེལ་བརྩོན་ལེན་བྱེད་པའི་དུས་རབས་གསར་པའི་སྣང་ཚུལ་ཉམས་དགའ་བར་བསྟོད་གླུ་བླངས་ཡོད་པ་རེད།

     དུས་ཆེན་གྱི་སྤྲོ་དགའི་རྣམ་པས་རབ་ཏུ་ཕྱུག་པའི་ཞབས་བྲོ༼ ལོ་གསར་བཀྲ་ཤིས་གཡང་ཆགས༽ཞེས་པས་སྤྲོ་ཚོགས་ཀྱི་ཡོལ་བ་ངང་གིས་ཕྱེ་ཞིང་། མཚོ་སྔོན་དང་བོད་ལྗོངས། སི་ཁྲོན་བཅས་ཀྱི་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་ནས་ཡོང་བའི་མདོ་འཛིན་པ་བརྒྱད་ཀྱིས་བོད་རྒྱ་སྐད་གཉིས་ཀྱི་ལམ་ནས་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་དང་བོད་འབྲེལ་ས་ཁུལ་གྱི་སྤུན་ཟླ་ཡོངས་ལ་གནམ་ལོ་གསར་ཚེས་ཀྱི་འཚམས་འདྲི་དང་བཀྲ་ཤིས་ཁ་གཡང་གི་སྨོན་ཚིག་བརྗོད་ནས་སྤྲོ་ཚོགས་ཀྱི་སྒོ་འཕར་ཕྱེ་བ་དང་། འཇམ་དབྱངས་སྒྲོལ་མ་དང་། བཀྲ་ཤིས་ཕུན་ཚོགས།  སྒྲོལ་མ་སྐྱབས། དབྱངས་ཅན་ལྷ་མོ། དམ་པ་ཀླུ་སྒྲུབ། ཚེ་དབང་ལྷ་མོ། ལྷ་སྐྱིད། གོང་པ། གནམ་མཚོ། བསམ་གྲུབ་ཚེ་རིང་། སངས་རྒྱས་ཚེ་རིང་། རྟ་མགྲིན་ཚེ་རིང་། ཐང་དཀར་རོལ་ཚོགས། སམྦྷོཊ་ཚན་སྡེབ། ཀརྨ་བཀྲ་ཤིས་ཆོས་འབྱོར། བློ་ཆོས་སོགས་མཚོ་སྔོན་དང་བོད་ལྗོངས། ཟི་ཁྲོན། ཀན་སུའུ། ཡུན་ནན་བཅས་ནས་ཡོང་བའི་སྒྱུ་རྩལ་པ་དང་གླུ་པ་གླུ་མ་སྔ་ཕྱིར་གར་སྟེགས་སྟེང་ཕེབས་ནས་ཚད་མཐོ་བའི་རིག་གནས་སྒྱུ་རྩལ་གྱི་དགྱེས་སྟོན་ཆེན་པོ་ཞིག་རྒྱལ་ཁབ་ཕྱི་ནང་ཀུན་གྱི་རིགས་སོ་སོའི་གཟིགས་མོ་བ་ཡོངས་ཀྱི་ཁྲ་ཆུང་མིག་གི་དགའ་སྟོན་དང་དར་ལུང་རྣ་བའི་གསོས་སུ་ཕུལ་ཡོད།

     ད་ལོའི་ལོ་གསར་སྤྲོ་ཚོགས་ཀྱི་འཁྲབ་སྟོན་དེ་དམངས་གླུ་དང་རྡུང་ལེན། གླུ་གཞས། ཞབས་བྲོ། ཟློས་གར། ཡུལ་སྣང་ཟློས་གར་སོགས་འཁྲབ་ཚན་ཉེར་ལྔ་ཡིས་གྲུབ་ཅིང་། འཁྲབ་སྟོན་ཧྲིལ་པོའི་བརྩམས་ཆོས་བརྒྱ་ཆ་བརྒྱད་བཅུ་ཙམ་ནི་བརྩམས་ཆོས་གསར་པ་དང་ལོ་སར་སྤྲོ་ཚོགས་ལ་ཆེད་དུ་གསར་རྩོམ་གནང་བ་འབའ་ཞིག་ཡིན་འདུག་ལ། དེ་དག་ཁྲོད་མཚོ་སྔོན་དང་བོད་ལྗོངས་ཀྱི་ཆེད་ལས་འཁྲབ་སྟོན་པས་མཉམ་ལེན་བྱས་པའི༼ མི་བརྗེད་གཏན་གྱི་འདུན་མ ༽དང་། དམངས་གླུ༼ སྒེར་རྩེའི་འབྲོག་མོ།༽ རྡུང་ལེན༼ ཁུ་བྱུག་ལ་གསུང་པའི་མགུར།༽ འབའ་གཞས༼ ཕ་རིའི་སྤང་གི་སྟེང་ན།༽ ཞབས་བྲོ༼ སྒ་ཡུལ་སྐྱིད་པའི་འཛོམས་བྲོ།༽ རྣམ་ཐར་ཟློས་གར༼ རྒྱལ་བློན་རྒྱས་པའི་དགའ་སྟོན༽སོགས་ཀྱིས་གཟིགས་མོ་བའི་ཡིད་དབང་རབ་ཏུ་བཀུག་ཅིང་སྤྲོ་ཚོགས་ཧྲིལ་པོ་བཀྲ་ཤིས་པའི་ཡོ་ལང་རྣམ་པར་རྒྱས་པའི་ཁྲོད་ནས་མཇུག་འགྲིལ་ཡོད།

     ལོ་རེར་ཐེངས་རེ་འཚོགས་བཞིན་པའི་ཨ་མདོ་བརྙན་འཕྲིན་གྱི་ལོ་གསར་རིག་རྩལ་སྤྲོ་ཚོགས་ཆེན་མོ་ནི་སྤྱི་ལོ1989ལོར་ཐོག་མར་སྒྲུབ་མགོ་བརྩམས་པ་དང་། ད་ལྟའི་བར་དུ་ལོ་ངོ་སོ་ལྔ་ལྷག་གི་རིང་ལ་ཏང་དང་རྒྱལ་ཁབ་ཀྱི་ཡང་དག་པའི་ལམ་ཕྱོགས་དང་མི་རིགས་སྲིད་ཇུས་དྲིལ་སྒྲོག་གི་ཐད་དང་། མི་རིགས་ཀྱི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུད་འཛིན་དར་སྤེལ་སོགས་ཀྱི་ཐད་ལ་ནུས་པ་བླ་ལྷག་ཐོན་ཡོད་པའི་རིག་རྩལ་སྤྲོ་ཚོགས་གལ་ཆེན་ཞིག་ཡིན།

     ཐེངས་འདིའི་ལོ་སར་རིག་རྩལ་སྤྲོ་ཚོགས་ཆེན་མོ་དེ་ད་ལོའི་དཔྱིད་གསར་དུས་ཆེན་སྐབས་སུ་ཨ་མདོ་བརྙན་འཕྲིན་སྲུང་སྐར་འཕྲིན་ལམ་དང་ཨ་མདོ་བརྙན་འཕྲིན་གངས་ལྗོངས་མེ་ལོང་དྲ་བ་བརྒྱུད་ནས་གཟིགས་འབུལ་བྱ་རྒྱུ་ཡིན་ལ། ཨ་མདོ་བརྙན་འཕྲིན་གྱི་སྐད་འཕྲིན་སྤྱི་སྟེགས་དང་འཁྱུག་དབྱིངས་འཕྲིན་སྟེགས། ཉིན་རེའི་གངས་ལྗོངས་སྐད་འཕྲིན་སྤྱི་སྟེགས་སོགས་སྨྱན་བྱད་གསར་པའི་སྟེགས་བུ་ཁག་བརྒྱུད་ནས་གཟིགས་མོ་བར་སྤྱན་འབུལ་ཞུ་རྒྱུ་རེད། 

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།
རྩོམ་སྒྲིག་འགན་ཁུར་བ། ཕག་མོ་ཚེ་བརྟན།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  

责编/彭毛才旦

监制/杨本才让  

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章