ཞོགས་པའི་ཇ་ཡུན་གསར་འགྱུར།

政务   2024-12-30 08:39   青海  
གསར་འགྱུར་གལ་ཆེན།

ཀྲུང་གུང་ཀྲུང་དབྱང་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་ལོ་ཙཱ་བྱས་པའི《ཞི་ཅིན་ཕིང་གི་ཀྲུང་གོ་རྣམ་པའི་དེང་རབས་ཅན་སྐོར་གྱི་རྒྱས་བཤད་གནད་བསྡུས》ཀྱི་ལྗར་པན་གྱི་པར་གཞི་དེ་ཉེ་ཆར་ཀྲུང་དབྱང་རྩོམ་སྒྱུར་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ནས་རྒྱལ་ཁབ་ཕྱི་ནང་དུ་འགྲེམས་སྤེལ་བྱས་པ་རེད། 

ཟླ12པའི་ཚེས29ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧན་གོའི་ཅི་ཀྲོའུ་མཁའ་འགྲུལ་གནམ་གྲུ་ཆག་སྐྱོན་བྱུང་ནས་མི་སྣ་ཤི་རྨས་ཚབས་ཆེན་བྱུང་བར་ཧན་གོའི་ཙུང་ཐུང་ལས་ཚབ་ཚུའེ་ཤང་མུའུ་ལ་འཚམས་འདྲི་གློག་འཕྲིན་བཏང་བ་རེད། 

ཀྲུང་དབྱང་སྒྲིག་ཁྲིམས་ཨུ་ལྷན་གྱིས་བརྡ་ཐོ་པར་འགྲེམས་བྱས་ཏེ། སྒྲིག་ཁྲིམས་ལྟ་ཞིབ་ལས་ཁུངས་རིམ་པ་ཁག་གིས2025ལོའི་སྤྱི་ལོ་གསར་ཚེས་དང་དཔྱིད་གསར་དུས་ཆེན་རིང་། སྤྱོད་ཚུལ་ལེགས་སྒྲིག་དང་སྒྲིག་ཁྲིམས་ནན་སྲུང་གི་ལས་དོན་ཡག་པོ་བསྒྲུབས་ཏེ་ཚུལ་ལྡན་སྒྲིག་སྲུང་གི་དུས་ཆེན་གྱི་རྣམ་པ་བསྐྲུན་དགོས་པའི་བླང་བྱ་བཏོན་ཡོད། 

ཀྲུང་གོའི་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ནས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ1པོ་ནས11པའི་བར། རྒྱལ་ཡོངས་ཀྱི་སྤྱི་ཚོགས་ཟོག་འགྲེམས་སྡོམ་འབོར་སྒོར་དུང་ཕྱུར་ཁྲི320.2ཡིན་པ་དང་། དུས་མཚུངས་ལས5.8%འཕར་ཡོད་པ་རེད། 

རྒྱལ་ཁབ་ནུས་རྒྱུ་ཅུ་ནས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོར་རྒྱལ་ཡོངས་སུ་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུའི་གསར་དུ་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ཆན་ཝ་དུང་ཕྱུར3ལས་བརྒལ་ནས་གསར་དུ་སྒྲིག་སྦྱོར་བྱས་པའི་འཕྲུལ་འཁོར་ཡོངས་ཀྱི85%ཡན་བཟུང་ཡོད། 

ཚེས29ཉིན། CR450མགྱོགས་འཁོར་ཚོགས་ཆུང་གི་མ་དཔེ་པེ་ཅིང་དུ་ཁྱབ་བསྒྲགས་བྱས་པ་རེད། འབྱུང་འགྱུརCR450མགྱོགས་འཁོར་ཚོགས་ཆུང་ཚོང་ལས་འཁོར་སྐྱོད་བྱེད་མགོ་བརྩམས་རྗེས། འཁོར་སྐྱོད་མྱུར་ཚད་སྤྱི་ལེ400ཟིན་ནས་གོ་ལ་ཧྲིལ་པོའི་མྱུར་ཚད་མགྱོགས་ཤོས་ཀྱི་མྱུར་བགྲོད་མེ་འཁོར་དུ་འགྱུར་རྒྱུ་རེད། 

ཚེས29ཉིན། རང་རྒྱལ་གྱིས་རང་བདག་གིས་ཞིབ་འཇུག་དང་བཟོ་སྐྲུན་བྱས་པའི076རིགས་ཀྱི་སྐམ་ས་དང་རྒྱ་མཚོ་གཉིས་ཀྱི་ཕར་རྒོལ་གྲུ་གཟིངས་དང་པོ་སྟེ། སི་ཁྲོན་གྲུ་གཟིངས་དངོས་སུ་ལེགས་འགྲུབ་བྱུང་། 

ཚེས29ཉིན། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ལྷོ་རྒྱུད་དམག་ཁུལ་གྱིས་རྒྱ་མཚོ་དང་མཁའ་དམག་གི་དམག་ཤུགས་སྒྲིག་འཛུགས་བྱས་ནས་ཀྲུང་གོའི་ཧོང་ཡན་གླིང་ཕྲན་གྱི་མངའ་ཁོངས་དང་དེ་བཞིན་མཐའ་འཁོར་ས་ཁོངས་སུ་དམག་འཁྲུག་གྲ་སྒྲིག་ཉེན་རྟོག་སྐོར་ཞིབ་བྱས་པ་རེད། 

ཧན་གོའི་རོགས་སྐྱོབ་སྡེ་ཚན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཚེས29ཉིན་གྱི་དགོང་མོ་བར་ཝུའུ་ཨན་གནམ་ཐང་གི་འགྲུལ་སྐྱེལ་གནམ་གྲུ་ལྷུང་བའི་དོན་རྐྱེན་ནང་མི179རྐྱེན་ལམ་དུ་ཤོར་བ་དང་། འགྲུལ་སྐྱེལ་མི་སྣ་གཉིས་ལས་སྐྱོབ་ཐུབ་མེད་པ་གཏན་འཁེལ་བྱས་པ་རེད། 

སྤྱི་ཚོགས།

ཚེས29ཉིན་གྱི་མཚན་མོ་ནས་ཚེས30ཉིན་གྱི་ཉིན་མོ་བར། ནང་སོག་དབུས་ནུབ་རྒྱུད་དང་། ཧྲན་ཤིས་བྱང་རྒྱུད། ཧོ་པེ་ནུབ་བྱང་རྒྱུད་སོགས་ཀྱི་ས་ཆ་ཁག་གཅིག་ཏུ་བྱེ་རྡུལ་གྱི་གནམ་གཤིས་ཡོད་པ་རེད། 

“ལིའོ་ཉིང་པིན་ཞི་སློབ་གྲྭ་ཞིག་གི་ཟ་ཁང་གིས་སློབ་མར་གད་སྙིགས་ཟོ་སྒམ་གྱི་ཚལ་ལྷག་མ་ཟོས་པའི་དོགས་པ་ཡོད་པའི”དོན་རྐྱེན་ལ་དམིགས་ནས། ཚེས27ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་བཟའ་བཅའ་བདེ་འཇགས་གཞུང་དོན་ཁང་གིས་སློབ་གསོ་པུའུ་དང་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་དང་མཉམ་དུ་ལིའོ་ཉིང་ཞིང་ཆེན་པིན་ཞི་གྲོང་ཁྱེར་མི་དམངས་སྲིད་གཞུང་གི་འགན་འཁུར་བ་གཙོ་བོ་དང་དུས་ཆད་གྲོས་མོལ་བྱས་པ་རེད། 

མི་སྡོད་གཏིང་ཟབ་འཛུལ་བའི“གྲུབ་འབྲས་རེའུ་མིག”གསར་ཤོས་ལས་མངོན་པ་ལྟར་ན། མིག་སྔའི་བར། རང་རྒྱལ་གྱི་མི་སྡོད་ཆུ་འཛུལ་ཡོ་བྱད་ཀྱིས་འཛུལ་ཐེངས་གྲངས་ཐེངས1433སླེབས་པ་རེད། 

རང་རྒྱལ་གྱིས་བཟོས་པའི་སྦྲག་སྐྱེལ་གྲུ་གཟིངས་ཆེ་གྲས་དང་པོ“ཨའེ་ཏ·མོ་ཏུའུ་རྟགས་ཅན་གྱི”ཐོག་མར་འགྲུལ་སྐྱོད་བྱས་ནས་ལོ་གཅིག་རིང་། རྒྱལ་ཁོངས་ནས་བུད་པའམ་སླེབས་པའི་འགྲུལ་པ་མི་ཐེངས་ཁྲི60སྐྱེལ་འདྲེན་བྱས་ཡོད་པ་རེད། 

ཚེས29ཉིན། རང་རྒྱལ་གྱི་ཇུས་འགོད་དང་ཤེས་བྱའི་བདག་དབང་ལྡན་པའི་རྒྱང་རིང་མཚོ་ཁོངས་སུ་སྐྱོད་པ་དང་ནུས་པ་མང་བའི་ཚན་རིག་རྟོག་ཞིབ། དེ་བཞིན་རིག་དངོས་གནའ་རྫས་རྟོག་ཞིབ་གྲུ་གཟིངས་ཐོག་མ“འཚོལ་ཞིབ་ཨང་གསུམ་པ”སན་ཡ་ནས་རུ་གྲལ་དུ་ཞུགས་པ་རེད། 

ཚེས28ཉིན། ལྗར་པན་དམག་དཔུང་གི“སེམས་གསོ་མོའི”ལམ་ལུགས་ཀྱི་གནོད་འཚེ་ཕོག་པའི་ཞང་རྨོ་མོ(མིང་ཚབ་མ)ཚེ་ལས་འདས་པ་རེད། དགུང་ལོ95ཡིན། 

ཚེས29ཉིན། ཀོང་ཞིའི་ཆེས་རིང་བའི་མཚོ་བརྒལ་ཟམ་ཆེན་ཏེ། ལུང་མོན་ཟམ་ཆེན་བསྐྲུན་ནས་རླངས་འཁོར་ཤར་གཏོང་བྱས་པ་རེད། 

ཚེས29ཉིན། ཧའེ་ནན་ཚ་རྒྱུད་ས་ཁུལ་གྱི་ནགས་ཚལ་རྒྱལ་ཁབ་སྤྱི་གླིང་གི་གནས་སྐོར་གཞུང་ལམ་དུ་དངོས་སུ་རླངས་འཁོར་ཤར་གཏོང་བྱས་ནས་ལི་མུའུ་རི་བོ་དང་། ཝུའུ་ཀྲི་རི་བོ། ཏའོ་ལུའོ་རི་བོ་སོགས་རང་བྱུང་སྲུང་སྐྱོང་ཁུལ་མང་པོ་འབྲེལ་མཐུད་བྱས་པ་རེད། 

ཨན་ཧུའེ་ཧོའེ་ནན་གྱི་ཡུལ་མི་ཞིག་གི་ཁྱིམ་དུ་མེ་ཤོར་ནས་རྒན་རྒོན་གཉིས་ཁང་པའི་ནང་དུ་ལུས། གཞིས་ཁུལ་གྱི་སྡེ་ལས་བདེ་སྲུང་པ་ཝུའུ་ཧོའེ་ཅུན་མེ་སྐྱོན་ཐོན་ཡུལ་དུ་ཐེངས་གཉིས་འཛུལ་ནས་སྔ་རྗེས་སུ་རྒན་རྒོན་གཉིས་སྐྱོབ་ཐུབ་པ་རེད། 

སྲིད་ཇུས།

ཧྲང་ཧའེ་ཡིས་རྒན་གསོའི་ལས་གཉེར་མི་སྣར་གཟེངས་བསྟོད་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཆ་རྐྱེན་དང་མཐུན་པའི་རྒན་གསོའི་ལས་གཉེར་མི་སྣས་གྲོང་ཁྱེར་དེའི་ཐེམ་ཐོ་རེ་ཞུ་བྱས་ཆོག་པ་ཁ་གསལ་བཟོས་ཡོད། 

ཐེན་ཅིན་གྱིས་གྲོང་ཁྱེར་དེའི་ཐེམ་ཐོ་ཡོད་ཀྱང་དུར་འཇུག་ཁ་གསབ་ཐོབ་ཐང་ལོངས་སུ་སྤྱོད་རྒྱུ་མེད་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་དུར་འཇུག་ཁ་གསབ་རེ་ཞུ་བྱས་ཆོག་པ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིར་དུར་འཇུག་ཁ་གསབ་ཚད་གཞི་སྒོར1800ཡིན་པ་ཁ་གསལ་བཟོས་ཡོད། 

ལིའོ་ཉིང་གིས་སློབ་གྲྭ་འབྲིང་ཆུང་ཁག་གིས་དགུན་ཁའི་གུང་གསེང་མ་བཏང་གོང་སློབ་མ་དང་སློབ་མའི་གུང་གསེང་གི་བདེ་འཇགས་སློབ་གསོའི་བྱེད་སྒོ་ཉུང་མཐར་ཡང་ཐེངས་གཅིག་སྤེལ་དགོས་པའི་བླང་བྱ་བཏོན་པ་རེད། 

དེ་རིང་གི་གནམ་གཤིས། 

བོད་ལྗོངས་ཤར་རྒྱུད་དང་ལྷོ་རྒྱུད། མཚོ་སྔོན་ཤར་རྒྱུད་དང་ལྷོ་རྒྱུད། སི་ཁྲོན་ནུབ་རྒྱུད་ས་མཐོའི་བྱང་རྒྱུད་དང་། ནང་སོག་ཤར་རྒྱུད་དང་། ཧེ་ལུང་ཅང་། ཅི་ལིན་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆུང་ཆུང་ནས་འབྲིང་ཙམ་མམ་ཡང་ན་ཁངས་ཆར་འདྲེས་མ་འབབ་རྒྱུད་རེད། དེའི་ནང་། བོད་ལྗོངས་བྱང་ཤར་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཁངས་ཆེན་འབབ་རྒྱུ་རེད། བོད་ལྗོངས་ཤར་ལྷོའི་རྒྱུད་དང་། སི་ཁྲོན་གཤོང་སའི་ལྷོ་རྒྱུད། ཀུའེ་ཀྲོའུ་ནུབ་བྱང་རྒྱུད་དང་ཡུན་ནན་བྱང་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་ཆུང་ཆུང་དང་། ས་ཆ་ཁ་ཤས་སུ་ཆར་འབྲིང་ཙམ་འབབ་རྒྱུ་རེད།

ཡོང་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་དྲ་བ།

རྩོམ་སྒྲིག་འགན་ཁུར་བ། དབང་ཆེན་དོན་འགྲུབ།

ལྟ་སྐུལ་བ། གཡང་འབུམ་ཚེ་རིང་།  

责编/项吉当知

监制/杨本才让  

投稿邮箱/3068276991@qq.com


བརྩམས་དབང་རྩོམ་མཁན་ལ་དབང་། དབང་གནོད་ཡོད་ཚེ་འཕྲལ་མར་ང་ཚོར་འབྲེལ་བ་གནང་རོགས།

版权归原作者所有,如有侵权请立即与我们联系

海北祁连山藏文报
འཚོ་བའི་སྣང་བརྙན་རེ་རེ་དང་གསར་བྱུང་ཆ་འཕྲིན་མ་ལུས་ཡོངས་སུ་འདུ་བའི་གངས་ལྗོངས་འཕྲིན་གསར་གྱི་བང་མཛོད།
 最新文章