​ཕོ་བྲང་པོ་ཏ་ལའི་སྐུ་པར་དང་། ལོ་རྒྱུས་རག་བསྡུས།

文摘   2024-10-29 21:09   西藏  

ཕོ་བྲང་ཆེན་པོ་པོ་ཏ་ལ་ནི། རྒྱལ་པོ་སྲོང་བཙན་སྒམ་པོས་ལྷ་ས་དམར་པོ་རིའི་སྟེང་དུ་བཞེངས་པའི་ཕོ་བྲང་གི་མིང་སྟེ། ཕྱི་ལོ་ ༦༣༥ ལོར་མཁར་ལས་ཀྱི་རྨང་བཏིང་ནས་གསར་དུ་བཞེངས། སྔར་ཕོ་བྲང་འདི་ལ་མཁར་ ༩༩༩ དང་། རྩེའི་རྒྱལ་པོའི་དབུ་མཁར་བརྩིས་པས་ ༡༠༠༠ ཡོད་ཅིང་། རྗེས་སུ་དུས་དབང་གིས་རྐྱེན་པས་ཉམས་ཆག་བྱུང་ཡང་འཕགས་པ་ལྷ་ཁང་དང་། ཆོས་རྒྱལ་སྒྲུབ་ཕུག་གི་ནང་རྟེན་ཆོས་རྒྱལ་སྲོང་བཙན་སྒམ་པོ་དང་། བལ་བཟའ་ཁྲི་བཙུན། མོང་བཟའ་ཁྲི་ལྕམ། རྒྱ་བཟའ་ཀོང་ཇོ། སྲས་གུང་རི་གུང་བཙན། བློན་ཆེན་མགར་སྟོང་བཙན། ཐོན་མི་སམྦྷོ་ཊ་སོགས་ཀྱི་སྐུ་བརྙན་བཅས་ལ་ཉམས་ཆག་མེད་པར་རྩེ་ཕོ་བྲང་པོ་ཆེན་པོའི་ནང་དུ་ད་ལྟའང་མཇལ་རྒྱུ་ཡོད། དེའི་ཕྱིས་སྐྱབས་མགོན་ཏཱ་ལའི་བླ་མ་རིན་པོ་ཆེ་དང་། དགའ་ལྡན་ཕོ་བྲང་པའི་སྡེ་སྲིད་མཆོད་ཡོན་དང་། ཞབས་འབྲིང་བཅས་ཞིབ་གྲོས་ཐོག སྔར་བོད་རྗེ་སྲོང་བཙན་སྒམ་པོས་ཕོ་བྲང་དམར་པོའི་བརྩིགས་ཤུལ་དེ་རང་ལ་ཕོ་བྲང་ཞིག་བརྩིག་རྒྱུའི་བཀའ་མོལ་དང་། ས་ཁྲ་བཅས་ལེགས་པར་ཐུགས་མཐུན་བྱུང་སྟེ་ཤིང་བྱ་ཕྱི་ལོ་ ༡༦༤༥ ལོའི་ཟླ་ ༣ ཚེས་ ༢༨ ཉིན་གོང་ས་མཆོད་ཡོན་ཆིབས་བསྒྱུར་ཐོག ཟུར་ཀུན་མཁྱེན་ཆོས་དབྱིངས་རང་གྲོལ་གྱིས་ཕྱག་བསྟར་གྱི་ལྟོ་ཕྱེའི་ཐིག་དང་། དགའ་ལྡན་རྒྱལ་བ་ཙོང་ཁ་པའི་ཆོས་དུང་། ལྷ་གཅིག་དི་བཾ་ཀ་རའི་ཆོས་དུང་། ས་སྐྱའི་ཆོས་དུང་རྣམས་གདན་དྲངས་ཏེ་ཕྱོགས་ཀུན་ཏུ་འབུད་སྒྲ་བསྒྲགས། ཚེར་ ༢༩ ཉིན་ས་འདུལ་གྱི་གར་འཆམ་སོགས་གནང་ཞིང་། ཟླ་བ་ ༤ ཚེས་ ༢༢ ཉིན་རྒྱལ་པོ་སྲོང་བཙན་སྒམ་པོའི་ཐུགས་དམ་གྱི་རྟེན་འཕགས་མཆོག་ལོ་ཀེ་ཤྭ་རའི་སྣང་བརྙན་བར་སྐབས་སྐྱིད་ཤོད་སྡེ་པ་ཨ་དཔལ་གྱིས་ཐུ་མེད་ཆེ་ཆེན་ཐའི་ཇིར་དམག་གི་རྔན་པར་སྤྲད་དེ་སོག་ཡུལ་སོགས་སུ་བཞུགས་པ་སུན་ཅི་རྒྱལ་མོའི་ཐབས་འཕྲུལ་གྱིས་བཞེས་པ་འདི་བཞིན་རྟེན་འབྲེལ་མ་འགྲིགས་ལྷུན་གྲུབ་བྱུང་བ་སེར་སྦྲེང་དང་བཅས་ཕེབས། དབུས་གཙང་གི་རྫོང་གཞིས་ཁག་ནས་འུལ་མི་ལོ་གསུམ་རེས་འཁོར་གྱིས་གླས་ནས་ཕོ་བྲང་བྱིངས་གྲྭ་ཤག་དང་བཅས་བཞེངས་པ་དང་། དེ་རྗེས་སྡེ་སྲིད་སངས་རྒྱས་རྒྱ་མཚོས་ཕོ་བྲང་དམར་པོ་རྟེན་དང་བརྟེན་པ་བཅས་སྔ་རྗེས་ཁྱོན་བསྡོམས་ལོ་འཁོར་བཞི་བཅུ་ཞེ་གསུམ་གྱི་ཁོངས་སུ་ལེགས་པར་གྲུབ་པའི་གྲུ་འཛིན་གཉིས་པའི་གཞལ་མེད་ཁང་ཕོ་བྲང་ཆེན་པོ་པོ་ཏ་ལ་ཞེས་གཙོ་བོ་སངས་རྒྱས་དང་། བྱང་ཆུབ་སེམས་དཔའི་སྣང་བརྙན་རྣམས་བཞུགས་པའི་ལྷ་ཁང་དང་། རྒྱལ་བའི་བཀའ་འགྱུར་རོ་ཅོག་གིས་དབུས་འཕགས་བོད་མཁས་གྲུབ་རྣམས་ཀྱི་གསུང་པོད་ཁྲི་ཕྲག་བརྒལ་བ་བཞུགས་པའི་ཀུན་དགའ་ར་བ། ཏཱ་ལའི་བླ་མ་རིན་པོ་ཆེའི་བཞུགས་ཡུལ་གཟིམ་ཆུང་ཁག་དང་། གསུང་ཆོས་དང་། རྒྱ་ཆེའི་མཛད་སྒོ་ཁག་གནང་ཡུལ་ཚོམས་ཆེན་སྲིད་ཞིའི་ཕུན་ཚོགས། གཞུང་གི་ལས་ཁུངས་ཁག་ཚུགས་ཡུལ། འཛམ་གླིང་གི་དཀོན་ནོར་ཁག་དང་གསེར་དངུལ་གོས་དར་ལ་སོགས་པ་འཇུག་ཡུལ་རྣམ་སྲས་གན་མཛོད། བྲག་ཤུར་རྣམས་སུ་རྩེ་ཇས་གཙོས་སྐུ་ཆས་འཇུག་ཡུལ། ནུབ་ངོས་སུ་ཕན་བདེ་ལེགས་བཤད་གླིང་པའི་དགེ་འདུན་རྣམས་ཀྱི་བཞུགས་ཡུལ་གྲྭ་ཁང་སོགས་ཤིན་ཏུ་རྒྱ་ཁྱོན་ཆེ་ལ་ཕྱིའི་མཛེས་བཟོ། ནང་གི་བཀོད་པ། སྲ་བརྟན་བཙན་ཆ་བཅས་ཕུན་སུམ་ཚོགས་པའི་ཕོ་བྲང་འདི་བཞེངས་པའི་དབུ་འཛུགས་གནང་། ཕོ་བྲང་འདིའི་ནང་རྒྱལ་མཆོག་ལྔ་པ་ཆེན་པོ་ནས། རྒྱལ་དབང་སྐུ་ཕྲེང་བཅུ་གསུམ་པ་ཆེན་པོ་བར་གྱི་སྐུ་གདུང་བཞུགས་པའི་གསེར་གྱི་མཆོད་སྡོང་རྣམས་ཀྱང་ཡོད་པ་རེད།


   ད་ལྟའི་ཕོ་བྲང་པོ་ཏ་ལ་འདི་ལ་ཐོག་བརྩེགས་བཅུ་གསུམ་ཡོད་ཅིང་། མཐོ་ཚད་ཧྥི་ཐྲི་ ༡༡༠ ཡོད། རྒྱ་ཁྱོན་ལ་ཧྥི་ཐྲི་གྲུ་བཞི་མ་ཆིག་འབུམ་སུམ་ཁྲི་ ༡༣༠༠༠༠ ལྷག་དང་། དེའི་ཕྱི་ནང་གི་འཛུགས་སྐྲུན་ལ་ཁྱད་ཆོས་ཆེན་པོ་གསུམ་ཡོད་པ་ནི། དང་པོ། ས་འགུལ། དྲག་ཆར། རླུང་ཆེན་པོ་སོགས་རང་བྱུང་གི་གནོད་པས་མི་ཚུགས་པ་སྲ་ཞིང་བརྟན་པ་རྡོ་རྗེ་ཕ་ལམ་ལྟ་བུ་ཞིག་ཡིན། གཉིས་པ། མཐོ་ཞིང་བརྗིད་ཉམས་ཆེ་ལ་ཡིད་དུ་འོང་བ། གསུམ་པ། བོད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་དང་། སྒྱུ་རྩལ་གྱི་ཉམས་དང་ལྡན་པ་བཅས་ཡོད།

རི་བོ་གྲུ་འཛིན་ཏེ། འཕགས་པ་སྤྱན་རས་གཟིགས་ཀྱི་ཞིང་ཁམས།


པར་ལེན་མཁན། ལྷ་ལྡན་གཙུག་ལག་ཁང་གི་རྒན་ཉི་མ་ཚེ་རིང་།

仙唐文学乐园
གསེར་ཐང་རྩོམ་རིག་དགའ་ཚལ་གྱི་འཕྲིན་སྟེགས་སུ་ཕེབས་པར་དགའ་བསུ་ཞུ།
 最新文章