【གཙུག་གཡུ།】བརྒྱད་པའི་སྟོད།

文摘   文化   2024-03-31 19:35   青海  

རྒྱལ་སྲས་ཟ་འོག
 སྒྲུང་གི་ཀློང་བརྡོལ་ས།།   
 མཚན་གྱི་ཞེ་ཆགས་ས།།       

ཁྱེད་ཀྱིས་ཀློག་མ་ཐུབ་པའི་སྒྲུང་དེ། ཁྱེད་རང་ཀློག་ཁོམ་མ་ཡོད་པའི་དེབ་དེ།

རྒྱལ་སྲས་ཟ་འོག་ན་ཡོད། འབྲུ་ཚའི་ངག་ན་ཡོད།

བོད་ཀྱི་སྒྲུང་གཏམ་གཙུག་གཡུ་ལས་ཁོལ་བཏོན་དབུས་སྐད་ཐ་སྙད་ཁག་ཅིག་གི་མཆན་བུ་བཞུགས།

དེ་ཡང་བོད་ཀྱི་དེང་རབས་སྒྲུང་གཏམ་ཆེས་ཐོག་མའི་མཚན་སྙན་གདན་ཐོབ་ཅན་གཙུག་གཡུ་ཞེས་བྱ་བ་འདི་བཞིན་རྒན་གླང་མདུན་དཔལ་འབྱོར་མཆོག་ནས་རྩོམ་གནང་མཛད་པའི་སྒྱུ་རྩལ་བརྩམ་བྱ་ཕུལ་དུ་བྱུང་བ་ཞིག་ཡིན་པ་གླེང་མེད་ཐོག། འདི་ཉིད་ཀྱི་ཁྲོད་དུ་ཅ་ལག་ཕལ་ཆེར་གྱི་མིང་ནི་ལྷ་སའི་སྐད་ལྟར་དུ་བཞུགས་པ་རྣམས་མཁས་དབང་མང་ཆེ་བས་མཁྱེན་ཚོད་ལགས་ཀྱང་ངེད་ཀྱི་ཨ་མདོའི་གྲོགས་པོ་ཁ་ཅིག་དབུས་སྐད་མགོ་མ་ཚོས་པའམ་སྐབས་སྐབས་གོ་ལོག་ཏུའང་འགྲོ་བ་བཅས་ད་ལམ་གྲོགས་པོ་འབྲུ་ཚ་རིན་ཆེན་མཁར་ལགས་ནས་ཆེད་མངག་གཙུག་གཡུ་འདི་བཞིན་ཨམ་སྐད་དུ་སྒྲོག་འདོན་བྱེད་རྩིས་ཀྱིས་ངེད་ནས་ཐ་སྙད་ཨམ་སྐད་དུ་མེད་པ་རྣམས་ལ་ཟུར་དུ་མཆན་ཐོ་ཞིག་འབྲི་རྒྱུར་ཁས་ལེན་བྱས་པ་ཡིན་ཀྱང་། སྔོན་ཆད་གཙུག་གཡུ་ཞིབ་ཏུ་ཀློག་མྱོང་མེད་སྟབས་ང་རང་ལའང་གོ་དོན་ཞིབ་ཆ་རྟོགས་རྒྱུར་ཆགས་ཐོགས་ཆེན་པོ་བྱུང་སྟེ། གྲོགས་པོས་བློ་བཀལ་བ་ཆུད་ཟོས་སུ་བཏང་སོང་སྙམ་པའི་འཚེར་སྣང་ཡང་སྐྱེས། ཡིན་ནའང་དེང་སང་དྲ་བའི་སྟོབས་ཤུགས་ལ་བརྟེན་ནས་ཚིག་མཛོད་སྣ་ཚོགས་ལག་པས་ལེན་ཆོག་ཏུ་ཡོད་སྟབས། བོད་རྒྱ་ཚིག་མཛོད་དང་དུང་དཀར་ཚིག་མཛོད་ཆེན་མོ། ལྷ་སའི་ཁ་སྐད་ཚིག་མཛོད་བཅས་ལ་གཞི་བཅོལ་གྱིས་སྒྲུང་གཏམ་གྱི་བྱུང་རིམ་ལྟར་མཆན་བུ་འདི་ཙམ་ཞིག་སྒྲིག་ཐུབ་པ་བྱུང་བ་འདི་སྒྲུང་དེབ་རང་དང་ཤན་སྦྱར་དུ་བལྟས་ན་བདེ་བར་སྙམས་ལ། ཐ་སྙད་དཔྱད་གཞི་མ་རྙེད་པའི་རིགས་ལ་མཆན་གནས་སྟོང་པར་བཞག་ཡོད་སྟབས་བློ་ལྡན་སུ་ཞིག་གིས་ཤེས་ཀྱང་ཁ་སྣོན་གསལ་བཀྲོལ་བཀའ་དྲིན་ཆེ་བ་དང་། འདི་ལ་འགལ་འཛོལ་བྱུང་རིགས་རྣམས་ཡང་དག་པར་ཞུ་བའི་རེ་བ་བཅས།

གུས་དབྱངས་ཅན་ལྡིང་ཁང་བས།

ལེའུ་བརྒྱད་པ།

དཔྱད་པ་ལེགས། འདི་བྱད་པ་ཡིན་པར་སྙམ་སྟེ། གདོང་མཛེས་པོ་ཡོད་པའི་དོན།

འཁྲིལ་ཞིང་ལྡེམ་པ། མཆོར་སྒེག་དང་ལྡན་པའི་ལུས་ཀྱི་ཉམས་འགྱུར།

བཤལ་མ་ཐག་པ། ཆུ་གཏོར་ནས་བཀྲུས་མ་ཐག་པ་ཞེས་པའི་དོན།

བག་མི་ཚ། འཇིགས་སྣང་དང་འཛེམ་དོགས་མེད་པའི་དོན།

སྨོས་འདྲིན།  སྨོན་འདྲིན་ཞེས་ཀྱང་འབྱུང་སྟེ། འདྲིས་ཆེ་བའི་གྲོགས་པོ་ལ་ཟེར།

བག་ལེབ་འབི་སི་ཀུ་རི་ལྕགས་ཀྲིན། འབི་སི་ཀུ་རི་ཞེས་དབྱིན་ཇི་biscuit སྒྲ་སོར་བཞག་སྟེ། དེང་སང་སྐད་གསར་དུ་སྦྲང་གོར་དང་། ཨམ་སྐད་ཀོ་རེ་ཀ་ར་ཟེར། རྒྱ་སྐད་饼干ཞེས་པ་ཡིན། ལྕགས་ཀྲིན་ནི་བཟའ་བཅའ་བཏུམ་སྣོད་ལྕགས་དང་ཧ་ཡང་གིས་བཟོས་པ་ཞིག་སྟེ། དབྱིན་ཇི་ tin ཞེས་པ་ཟུར་ཆག་ཡིན། རྒྱ་སྐད་དུ་听、罐སོགས་ཟེར། དེས་ན། བག་ལེབ་སྦྲང་གོར་ལྕགས་ཀྲིན་ཁ་ཤས་ཞེས་པའི་དོན་ཡིན།

སྒྲིལ་འཐུམ། འབོག་སྒྲིལ་དང་རས་སྒྲིལ་སོགས་དོན་གཅིག་ཡིན་པར་སྙམ།

སྤྲིན་ཟམ། ས་ངོས་ལས་མཐོར་འཕགས་པའི་ཟམ་པའི་རིགས་ལ་ཟེར་རམ་སྙམ་སྟེ། དེང་སང་རྒྱ་སྐད་天桥དང་སྦྱོར་སྲོལ་ཡོད་པར་སྙམ།

གདན་ཐོབ། སྔར་གོ་གནས་ཀྱི་རིམ་པ་ལྟར་ཚོགས་གྲལ་སོགས་སུ་བཞུགས་སྐབས་སྟན་རྩེག་སྲབ་མཐུག་དང་ཁྲི་མཐོ་དམན་མི་འདྲ་བར་གཞིགས་ནས་ཐོབ་ཐང་གི་རིམ་པ་མཚོན་པ་ཞིག་སྟེ། གུང་གི་གདན་ཐོབ་དང་། ཧོ་ཐོག་ཐུའི་གདན་ཐོབ་ལྟ་བུ། ཡང་དེང་སང་སྐད་གསར་གྱི་ནང་དུ། ཨིན་ཇི་སོགས་ཕྱི་གླིང་བའི་ཆབ་སྲིད་ལམ་ལུགས་ཁྲོད་གྲོས་ཚོགས་ཀྱི་འཐུས་མིའི་ཟིན་ཚད་བཞུགས་གནས་ལ་གདན་ཐོབ་ཟེར་བ་རྒྱ་སྐད་议席、议会席位ཞེས་པ་ཡིན།

སྣ་བརྡབས་པ།   རེ་དོན་མ་གྲུབ་པར་ཁ་སྐྱེངས་བའི་དཔེ། 

སེམས་ཚ་འཁོལ་བ། སེམས་རྩ་འཁོལ་པོ་སྟེ། མགྲོན་བསུ་སོགས་ལས་དོན་གང་རུང་ལ་སྤྲོ་སེམས་ཆེན་པོ་དང་ཁུར་བརྩོན་ཆེན་པོ་སྟེ་དོ་ཁུར་ཆེན་པོ་དང་བརྩོན་པ་ཆེན་པོ་ཡོད་པའི་དོན།

དམ་ཚིག་ཡོད་པ། སྤྱིར་དམ་ཚིག་ནི་གཡར་དམ་གཉན་པོར་ཁས་བླངས་པའི་དོན་དུ་བྱེད་ཀྱང་། ལྷ་སའི་ཡུལ་སྐད་ནང་ཤ་ཞེན་དང་མཛའ་བརྩེ་དམ་འཛིན་ནམ་སྲུང་སེམས་ཡོད་པ་ལ་ཟེར།  

བུལ་བ། དལ་བའི་དོན།

གཟུགས་སྣང་། གཟུགས་སུ་སྣང་བ་སྟེ། གཟུགས་བརྙན་དུ་ཤར་བའམ་གཟུགས་མཐོང་བ་ལྟ་བུ་ཞིག་ཡིན་ནམ་སྙམ་པ་བརྟག

ཚིག་མཚོན། ཚིག་གི་མཚོན་ཆ་སྟེ། ཚིག་རྩུབ་ཀྱི་མིང་།

ཕན་ཆ། ཕན་ཐོགས་དང་འདྲ།

བླ་མ་དཀོན་ཅོག བླ་མ་དཀོན་མཆོག་སྟེ། སྤྱིར་ན་སྐྱབས་གནས་ཡོངས་རྫོགས་འདུས་པ་ལ་བྱེད་ཀྱང་། ལྷ་སའི་ཡུལ་སྐད་ནང་ངང་རྒྱུད་རིང་པོ་དང་དྲང་པོའི་དོན་སྟེ། གཡོ་སྒྱུ་མེད་པའི་མི་བླ་མ་དཀོན་མཆོག་ཅེས་དང་། ལས་ཀ་བླ་མ་དཀོན་མཆོག་བྱེད་པ། སྐད་ཆ་བླ་མ་དཀོན་མཆོག་ཤོད་པ། ཚོང་བླ་མ་དཀོན་མཆོག་རྒྱག་པ་ལྟ་བུ་ཟེར་སྲོལ་ཡོད།

ཁ་དབྲལ། བུ་ག་ཕུག་པའམ་ཁ་སོགས་རལ་དུ་བཅུག་པའི་དོན་སྟེ། དབྲལ་ཞེས་པ་འདི་ལྷ་ས་བས་རལ་ཞེས་ཀློག། ཨ་མདོ་བས་པྲལ་ཞེས་ཀློག་ཅིང་ཨམ་སྐད་དུ་པྲའ་ཟེར་བ་ཡིན།


རྒྱལ་སྲས་ཟ་འོག་ལ་སྤེལ་བའི་བརྩམས་སྒྲུང་དང་ལྷུག་རྩོམ་གང་ཡིན་ཡང་གུས་པས་རང་གི་དགའ་ཕྱོགས་ལྟར་ཡག་པོར་མཐོང་བ་སྐོར་ཞིག་བདམས་པ་ཡིན་ཞིང་། སྒྲོག་འདོན་དང་འཁྲབ་བཤད་བྱེད་སྐབས་ཨ་མདོའི་འབྲོག་སྐད་ལས་མཚོ་སྔོན་པོའི་ཁ་སྐད་གཙོར་བཟུང་སྟེ་བཏོན་ཡོད་པས་ཁ་སྐད་དང་ཡིག་སྐད་གཉིས་དོ་མི་མཉམ་པ་དང་ཀློག་སྟངས་སོགས་ལ་ཡུལ་སྐད་གཞན་དང་མི་མཐུན་སའང་གང་མང་ཡོད་སྲིད། དེ་མིན་ལྷུག་རྩོམ་རྣམས་ཀློག་པའི་སྐབས་སུ་ཁ་སྐད་རྐྱང་རྐྱང་ངམ་ཚིག་ནག་ལ་ཕབ་དྲགས་ན་རྩོམ་པ་པོ་རྣམས་ཀྱིས་ཚིག་རྩལ་བཏོན་པའི་ཆ་རེ་ཉམས་ཨེ་འགྲོར་དོགས་ནས་ཡིག་སྐད་སོར་བཞག་དང་སྐབས་རེར་ཁ་སྐད་དང་ཡིག་སྐད་མཉམ་བསྲེས་བྱས་ཡོད། གཞན་ཡང་། གུས་པ་སྒྲོག་འདོན་ཞེས་པའི་ལམ་ཁར་ཞུགས་ཙམ་ཡིན་ཞིང་སྒྲོག་འདོན་ཞེས་པའི་ཐ་སྙད་འདིའི་སྦྱོར་སྟངས་སོགས་འགྲིག་མིན་གྱི་ཁ་ཚོན་ཡང་གཅོད་དཀའ་ལ། མང་པོས་ཁྱད་མེད་དུ་སྤྱོད་པའི་ཀློག་འདོན་དང་སྒྲོག་འདོན། སྙན་སྒྲོན། གྱེར་འདོན། ཟུར་བཤད། སེམས་གཏམ། འཁྲབ་བཤད་སོགས་ལའང་ཁྱད་པར་ཅུང་ཙམ་རེ་ཡོད་སྲིད་ནའང་ཁོ་བོས་དེ་དག་རེ་རེའི་མཚན་ཉིད་འདི་ཡིན་དང་ཁྱད་པར་འདི་ལྟར་དབྱེ་དགོས་སོགས་ཀྱི་ཐད་ནས་གང་ཡང་སྨྲ་བར་མི་སྤོབས་སོ།།
འབྲུ་ཚ་རིན་ཆེན་མཁར་ནས།

耳根有声
ལུས་ཀྱི་སྟངས་སྟབས་གདོང་གི་ཉམས་འགྱུར་དང་།།ངག་གི་དྲག་ཞན་ཁ་ཡི་འགུལ་སྟངས་སོགས།། མིག་གིས་ཟིན་ཟིན་སྐད་ཀྱིས་མཚོན་པར་བྱེད།།
 最新文章