【གཙུག་གཡུ།】བཅུ་པའི་བར།

文摘   文化   2024-04-06 20:02   青海  

རྒྱལ་སྲས་ཟ་འོག
 སྒྲུང་གི་ཀློང་བརྡོལ་ས།།   
 མཚན་གྱི་ཞེ་ཆགས་ས།།       

ཁྱེད་ཀྱིས་ཀློག་མ་ཐུབ་པའི་སྒྲུང་དེ། ཁྱེད་རང་ཀློག་ཁོམ་མ་ཡོད་པའི་དེབ་དེ།

རྒྱལ་སྲས་ཟ་འོག་ན་ཡོད། འབྲུ་ཚའི་ངག་ན་ཡོད།

བོད་ཀྱི་སྒྲུང་གཏམ་གཙུག་གཡུ་ལས་ཁོལ་བཏོན་དབུས་སྐད་ཐ་སྙད་ཁག་ཅིག་གི་མཆན་བུ་བཞུགས།

དེ་ཡང་བོད་ཀྱི་དེང་རབས་སྒྲུང་གཏམ་ཆེས་ཐོག་མའི་མཚན་སྙན་གདན་ཐོབ་ཅན་གཙུག་གཡུ་ཞེས་བྱ་བ་འདི་བཞིན་རྒན་གླང་མདུན་དཔལ་འབྱོར་མཆོག་ནས་རྩོམ་གནང་མཛད་པའི་སྒྱུ་རྩལ་བརྩམ་བྱ་ཕུལ་དུ་བྱུང་བ་ཞིག་ཡིན་པ་གླེང་མེད་ཐོག། འདི་ཉིད་ཀྱི་ཁྲོད་དུ་ཅ་ལག་ཕལ་ཆེར་གྱི་མིང་ནི་ལྷ་སའི་སྐད་ལྟར་དུ་བཞུགས་པ་རྣམས་མཁས་དབང་མང་ཆེ་བས་མཁྱེན་ཚོད་ལགས་ཀྱང་ངེད་ཀྱི་ཨ་མདོའི་གྲོགས་པོ་ཁ་ཅིག་དབུས་སྐད་མགོ་མ་ཚོས་པའམ་སྐབས་སྐབས་གོ་ལོག་ཏུའང་འགྲོ་བ་བཅས་ད་ལམ་གྲོགས་པོ་འབྲུ་ཚ་རིན་ཆེན་མཁར་ལགས་ནས་ཆེད་མངག་གཙུག་གཡུ་འདི་བཞིན་ཨམ་སྐད་དུ་སྒྲོག་འདོན་བྱེད་རྩིས་ཀྱིས་ངེད་ནས་ཐ་སྙད་ཨམ་སྐད་དུ་མེད་པ་རྣམས་ལ་ཟུར་དུ་མཆན་ཐོ་ཞིག་འབྲི་རྒྱུར་ཁས་ལེན་བྱས་པ་ཡིན་ཀྱང་། སྔོན་ཆད་གཙུག་གཡུ་ཞིབ་ཏུ་ཀློག་མྱོང་མེད་སྟབས་ང་རང་ལའང་གོ་དོན་ཞིབ་ཆ་རྟོགས་རྒྱུར་ཆགས་ཐོགས་ཆེན་པོ་བྱུང་སྟེ། གྲོགས་པོས་བློ་བཀལ་བ་ཆུད་ཟོས་སུ་བཏང་སོང་སྙམ་པའི་འཚེར་སྣང་ཡང་སྐྱེས། ཡིན་ནའང་དེང་སང་དྲ་བའི་སྟོབས་ཤུགས་ལ་བརྟེན་ནས་ཚིག་མཛོད་སྣ་ཚོགས་ལག་པས་ལེན་ཆོག་ཏུ་ཡོད་སྟབས། བོད་རྒྱ་ཚིག་མཛོད་དང་དུང་དཀར་ཚིག་མཛོད་ཆེན་མོ། ལྷ་སའི་ཁ་སྐད་ཚིག་མཛོད་བཅས་ལ་གཞི་བཅོལ་གྱིས་སྒྲུང་གཏམ་གྱི་བྱུང་རིམ་ལྟར་མཆན་བུ་འདི་ཙམ་ཞིག་སྒྲིག་ཐུབ་པ་བྱུང་བ་འདི་སྒྲུང་དེབ་རང་དང་ཤན་སྦྱར་དུ་བལྟས་ན་བདེ་བར་སྙམས་ལ། ཐ་སྙད་དཔྱད་གཞི་མ་རྙེད་པའི་རིགས་ལ་མཆན་གནས་སྟོང་པར་བཞག་ཡོད་སྟབས་བློ་ལྡན་སུ་ཞིག་གིས་ཤེས་ཀྱང་ཁ་སྣོན་གསལ་བཀྲོལ་བཀའ་དྲིན་ཆེ་བ་དང་། འདི་ལ་འགལ་འཛོལ་བྱུང་རིགས་རྣམས་ཡང་དག་པར་ཞུ་བའི་རེ་བ་བཅས།

གུས་དབྱངས་ཅན་ལྡིང་ཁང་བས།

ལེའུ་བཅུ་པ།

རྫོང་རྒྱབ་ཞར་འཕེན། སྔར་ལྷ་སའི་སྨོན་ལམ་ཆེན་མོའི་གཏོར་རྒྱག་གི་མཇུག་ཏུ་ཧོར་ཟླ་དང་པོའི་ཚེས་ཉེར་དྲུག་ཉིན་རྫོང་རྒྱབ་ཏུ་རྟ་དམག་རྣམས་ནས་དྲག་རྩལ་མདའ་མེ་བཅས་རྟ་རྒྱུག་བྱེད་པའི་དུས་སྟོན་ཞིག་ཡིན།

འཁོས་བབ། དཔལ་འབྱོར་སོགས་སྟོབས་ནུས་ཀྱི་རང་བཞིན་ལ་ཟེར། ཁྱིམ་ཚང་གི་འཁོས་བབ་ལྟ་བུ།

ཀ་ཕིབས། དཀར་ཕིབས་ཞེས་ཀྱང་བྱ། ཕྱོགས་གཅིག་ལ་མ་གཏོགས་རྩིག་པ་མེད་པ་དཀྱིལ་དུ་འགྲོ་ལམ་སྟེང་དུ་ཐོག་བཀབ་པའི་ཁྱམས་རིང་པོ་སྟེ། རྒྱལ་ནང་གི་གླིང་ཁ་དང་བོད་ཀྱི་ནོར་བུ་གླིང་ཁ། དགོན་པ་ཁག་གི་ཤག་སྐོར་བཅས་ལ་ཀ་ཕིབས་བཀབ་ཡོད་པ་ལྟ་བུ་ཡིན། རྒྱ་སྐད་檐下走廊ཞེས་པ ཙམ་ཡིན།

ཨ་ཅོར། སོག་སྐད་ཨར་ཆོལ་གྱི་ཟུར་ཆག་སྟེ། གདོང་འབྱིད་བྱེད་ཀྱི་རས།  ཨ་ཅོར་སྤུ་མ་ལྟ་བུ། ཨམ་སྐད་ལག་ཕྱིས་ཞེས་པ་ཡིན།

ངུད་མོ། སྨྲེ་སྔགས་སམ་ཆོ་ངེ་སྟེ། ངུས་པའི་དོན།

མཉེས་གཤིན། སྤྱིར་ཀུན་ལ་བྱམས་པའམ་མཛའ་བའི་དོན་དང་། འདིར་མཛའ་གྲོགས་སམ་བརྩེ་དུང་བཅངས་སའི་ཡུལ་ལྟ་བུ་ཞིག་ལ་གོ་བར་སྙམ།

ཀུའུ་ཙེ་ལྔ་བརྩེགས། ཀུ་རྩེ་ལྔ་བརྩེགས་ཞེས་ཀྱང་སྟེ། གླིང་ཁ་སོགས་ཀྱི་སྐབས་སུ་ཕྱི་ལ་ཟས་རིགས་འཁྱེར་བའི་སྣོད་སྤྱད་བརྩེགས་རིམ་ལྔ་ཡོད་པ་ཞིག་ལ་ཟེར། རྒྱ་སྐད་提盒、五层提盒ཞེས་པ་ཡིན། གཤམ་གྱི་པར་རིས་ལྟར།

ཡ་སོར། ཡཱ་སོར་ཞེས་ཀྱང་སྣང་སྟེ། ཕལ་ཆེར་རྟ་དམག་གམ་རྟ་པའི་མིང་ཞིག་ཨེ་ཡིན་སྙམ་པ་བརྟག

འཁྱེངས། འཁེང་བའི་འདས་པ་སྟེ། གྲང་ངད་ཀྱིས་འཁྱག་པར་གྱུར་པའི་དོན།

བྱེ་རགས། བྱེ་མའི་ཆུ་རགས།

ཐབ་གཡོག སྤྱིར་ཐབ་ཁང་གི་ལག་གཡོག་ལ་ཟེར་ཡང་། འདིར་སྔར་དཔོན་པོ་ཕྱོགས་འགྲུལ་གནང་སྐབས་ཐབ་ཁང་གཡོག་མཁན་ནམ་བཟོ་མཁན།

གསང་རས། སེང་རས་ཏེ རས་སྲབ་སྲབ་ཅིག་གི་མིང། རྒྱ་སྐད་纱布ཞེས་པ་ཡིན།

གདན་ལྕོག གདན་དང་ཅོག་ཙེའི་བསྡུས་མིང་།
སྒོ་སྣམ། འགོ་སྣམ་སྟེ། བལ་གྱིས་བཏགས་པའི་སྣམ་བུའི་རིགས་ཤིག

ཁྱི་སྣ། གུར་དང་དངོས་པོ་སོགས་ཀྱི་སྟེང་དུ་འབྲི་སྲོལ་ཡོད་པའི་དཔེ་རིས་ཤིག་གི་མིང་།

སྦབ་ལེ། བབ་ལེ་དང་སྦ་ལེ་ཞེས་ཀྱང་སྣང་སྟེ། རས་ཀྱི་ཡོལ་བ་སོགས་ཀྱི་གྲུ་ལ་པ་ཏྲ་ལྟ་བུ་འཚེམ་འདྲུབ་བྱས་པའི་རི་མོ་ལ་ཟེར་རམ་སྙམ་པ་བརྟག རྒྱ་སྐད་角花ཞེས་པ་ཡིན་ནམ་སྙམ། གཤམ་གསལ་རི་མོ་འདི་འདྲ་ཨེ་ཡིན་སྙམ།
དབུ་གུར། གུར་གྱི་ཞེ་ས།

ཞྭ་མོ་ཝ་གིར། འདི་མོང་གོལ་དཔོན་རིགས་ཀྱི་ཆས་སུ་གཏོགས་པའི་ཞྭ་མོ་ཞིག་ཡིན་པ་དུང་དཀར་ཚིག་མཛོད་དུ་གསལ། ཞིབ་ཕྲའི་དབྱིབས་མདོག་པར་རིས་མ་རྙེད།

སྟག་ཤུན། ཧོར་གོས་སྟག་ཤུན་ཞེས་གསལ་བས་སོག་ཆས་ཤིག་ཨེ་ཡིན་སྙམ།
མོད་མི་དམའ་བ། དཔངས་མཐོ་བ་དང་ཕྲ་མོ་མ་ཡིན་པ་བཅས་ཀྱི་དོན་འཇུག་ཀྱང་། འདིར་གྱོན་གོས་སོགས་ས་དབང་དང་བསྡུར་ཀྱང་ཁྱད་པར་ཆེན་པོ་མེད་པའི་དོན་ཡིན་ནམ་སྙམ།
ཛ་སག མཉྫུའི་རྒྱལ་རབས་ཀྱི་གོ་གནས་ཆེ་གྲས་ཤིག་སྟེ་བོད་སྐད་དུ་སྤྱི་དཔོན་ཟེར། གོ་གནས་འདི་ནི་སྔར་བོད་ས་གནས་སྲིད་གཞུང་གི་རིམ་པ་གསུམ་པ་ཡིན།

ཐའི་ཇི། དེ་སྔ་བོད་ས་གནས་སྲིད་གཞུང་སྐབས་ཐའི་ཇི་ཟེར་བར་སྐྱ་བོ་མ་གཏོགས་སེར་མོ་བ་གཏན་ནསམེད། གོ་གནས་རིམ་པ་གསུམ་པ་ཡིན་ཡང་ཛ་སག་གི་འོག་ཏུ་ཡིན། 

སློང་ཁྲ། གོ་བབ་གདན་ཐོབ་ལྟར་སྐུ་དྲག་མཐོ་གྲས་བཞུགས་སའི་གདན་གྱི་རིགས་ཤིག་ཡིན་པར་སྙམ།

འབོལ་གདན། འཇམ་ཞིང་གཉེན་པའི་སྟན།

སྐྱོང་གདན། རྐྱོང་གདན་སྟེ། གོས་ཆེན་དང་སྣམ་བུ་སོགས་ལས་བཟོས་པའི་གདན་རིང་པོ་མི་སུམ་ཅུ་བཞི་བཅུ་ཤོང་བ་ཞིག

ལས་ཞྭ་ལས་གོས། སྔར་བོད་ས་གནས་སྲིད་གཞུང་སྐབས་ལས་ཁུངས་ལ་འགྲོ་སྐབས་གྱོན་རྒྱུའི་ཞྭ་གོས།

མིང་གཞུང་། མིང་བཀོད་པའི་ཐོ་ཡིག

ཞོལ་པའི་གཉེར་མགྲོན། སྔར་རྩེ་ཞོལ་ལས་ཁུངས་ཀྱི་འགོ་བྱེད་ཞོལ་གཉེར་ཞེས་པ་མིན་ནམ་སྙམ།

ཐུ་ཆི་འོ་ཆི། སོག་སྐད་ཅིག་མིན་ནམ་སྙམ་ཡང་གོ་དོན་མ་རྙེད།

ཨང་གསར། བྱས་ཆོག་ཆོག་གི་གྲ་སྒྲིག་སྟེ། ཨང་གསར་སྦེ་ལེན་ཡང་ཟེར། ཨམ་སྐད་པེ་ལེན་ནམ་བེ་ལེན་ཟེར་བ་ཡིན། འདི་ལ་ཨང་བསར་ཞེས་འབྲི་བའང་ཡོད།

གསོལ་འགོ

སྟོང་རྒྱུག སྤྱིར་ན་རེ་དོན་མ་འགྲུབ་པའི་ལས་ཀ་ལྷག་མ་ལ་བྱེད་ཀྱང་། འདིར་རྟ་སོགས་འགྲན་སྡུར་གྱི་དམིགས་ཡུལ་མ་ཡིན་པར་རང་དགར་རྒྱུག་ཤར་གློད་པའི་དོན་ཡིན་པར་སྙམ།

ཚོན་ཚོགས། ཚོན་མདོག་སྣ་ཚོགས་ཞེས་པ།

མཇུག་མཆིང། མཇུག་འཆིང་སྟེ། རྟ་སོགས་ཀྱི་མཇུག་མ་སྡོམ་བྱེད་སྐུད་པ་ལྟ་བུ།

འཁྱེར་བཟོ། འཁྱེར་སོ་སྟེ། ལུས་ཀྱི་རྣམ་འགྱུར་ལ་ཟེར།

སྦོ། དབོ་ཡང་སྟེ མི་ཕྱུགས་ཀྱི་ལྟོ་བའི་སྨད་ཀྱི་མིང་།

འཁོར་གསུམ། མདའ་གྲི་མདུང་གསུམ་ལ་ཟེར།

གསེར་ཚགས། གསེར་ཚག་ཅེས་ཀྱང་བྱ་སྟེ། གསེར་གྱི་ཚག་རིས་བརྒྱབས་པའི་དོན། ཚག་རིས་ནི་དངུལ་སོགས་ལ་རྐོས་བརྒྱབས་པའི་རི་མོའི་མིང་།

བོད་མདའ་རུ་ཅན། བོད་མདའ་སོགས་བརྟན་པོར་རྒྱག་ཕྱིར་ས་ལ་འཛུགས་བྱེད་ར་ཅོ་ལྟ་བུ་ཞིག་ཡོད་པ་དེ་མིན་ནམ་སྙམ། ཨམ་སྐད་བོའུ་ར་ཟེར་རམ་སྙམ།

རྫས་བརྫོང་། མེ་མདའི་ནང་དུ་སྨན་རྫས་བླུགས་པའམ་བརྫངས་པའི་དོན་ཡིན་པར་སྙམ།
སག་ཐག གཞུའི་ཤུབས་ལ་ཟེར།

མདའ་དོང། མདའ་སྣོད་དེ་མདའི་འཇོག་ས།

རིམ་བཞི། རིམ་པ་བཞི་པའི་དཔོན་གནས་ཏེ། ཕོགས་མདའ་རྩིས་སྲས་སོགས།

གསེར་རིལ་སྨྱུག་ཁྲོག སྔར་བོད་ས་གནས་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་དང་། རྩིས་ཕྲུག་པ་སོགས་ཀྱིས་འདོགས་རྒྱུའི་སྣག་བུམ་དང་སྨྱུ་གུའི་ཤུབས་ཀྱི་མིང་།

བཀའ་དྲུང། བཀའ་ཤག་དྲུང་ཡིག་ཅེས་པའི་བསྡུས་མིང་སྟེ། དེ་སྔའི་བོད་ས་གནས་སྲིད་གཞུང་གི་སྲིད་འཛིན་ལས་ཁུངས་མཐོ་ཤོས་བཀའ་ཤག་ནང་གི་ལས་དོན་ཆེ་ཆུང་ཇི་ཡོད་ཀྱི་ཡིག་འབྲིའི་བྱེད་སྒོ་ཁག་བཀའ་བློན་གྱིས་བཀོད་མངགས་གང་བྱས་པ་རྣམས་འབྲི་དགོས་པ་དང་། བཀའ་ཤག་གི་བཀའ་རྒྱ་སོགས་ལ་རྟགས་ཐམ་ཕབ་རྒྱུ། ཐམ་ཀ་བདག་གཉེར་བྱ་རྒྱུ་བཅས་ཀྱི་འགན་ཁུར་མཁན་ཡིན།

མེ་ཞར་ཕོག་གྲས། རྟ་ཐོག་ནས་མེ་མདའ་འབེན་ལ་ཕོག་མཁན་རྣམས་ཞེས་པའི་དོན།

མདའ་ཞར་ཕོག་གྲས། རྟ་ཐོག་ནས་མདའ་མོ་འབེན་ལ་ཕོག་མཁན་རྣམས་ཞེས་པའི་དོན།

ཚ་ཁ། མེ་མདའ་སོགས་འབེན་ལ་ཕོག་མི་ཕོག་ལག་རྩལ་ཆེ་ཆུང་གི་མིང་། ཚ་ཁ་ལོན་པ། མེ་མདའི་ཚ་ཁ་ལྟ་བ། རྒྱ་སྐད་命中率ཞེས་པ་ཡིན།

ཚ་དར། མེ་མདའི་ཚ་ཁ་ལོན་མཁན་ལ་ཐོབ་པའི་ཁ་བཏགས།

ཟུབ་ཤེ། ཟུབ་ཕྱི་ཞེས་ཀྱང་བྱ་སྟེ། ཁ་བཏགས་རིམ་པ་དམའ་གྲས་ཤིག་ཡིན།
གསང་ཡོལ། སེང་རས་ཀྱི་ཡོལ་བ།
གཉིད་ར། གཉིད་མ་དྭངས་པའི་རྣམ་པ། གཉིད་ར་དྭངས་ཞེས་པ་ལྟ་བུ།

སྤོང་འཇུག སྤངས་བླང་དམ་འཇུག་ལྡོག་གི་དོན་ཡིན་པར་སྙམ།
དད་དམ། དད་པ་དམ་ཚིག་ཅེས་པའི་ཚིག་སྡུད་དེ། དད་དམ་འཕོ་མེད་ཀྱི་འདུན་པ་ལྟ་བུ།
གནས་མ་ཡིན། འོས་མ་ཡིན་ཞེས་པའི་དོན།
བཟོ་ལྟ་སྤྲོད་པ། སེམས་ལ་མ་སོང་བའམ་འཁོན་ལན་སོགས་ཀྱི་ཕྱིར་དུ་མི་ལ་དཀའ་ངལ་སྤྲད་པའི་དོན།

འབོ། བྲུ་རིགས་ཚད་འཇལ་བྱེད་ཤིང་བཟོས་ལྕགས་ཤན་ཅན་ཞིག་སྟེ། འདིའི་ཚད་གཞི་གཏན་ཚིགས་མཁར་རུའི་ཁལ་ལམ་རུའི་ཁལ་ཞེས་པ་ཡིན།  ལྔ་འབོ། བཅུ་འབོ། བཅོ་ལྔ་འབོ། ཉི་ཤུ་འབོ་ལྟ་བུ།

འཁར་རྔ་གདོང་། དེང་སང་པོ་ཏ་ལའི་ཟུར་དུ་ཡོད་པའི་ལམ་ཞིག་གི་མིང་། རྒྱ་སྐད་康昂东ཞེས་པ་ཡིན།

མི་ལྟད། མི་ཚོགས་ཀྱི་ལྟད་མོ།

རྒྱན་བཟང་མ། རྒྱན་གོས་གཟབ་པར་སྤུད་པའི་ཁྲུང་ཞུ་མ་ལ་ཟེར།

ཆུ་ར་མ། ལྕགས་ཟངས་རྫ་སོགས་ལས་བཟོས་པའི་ཆུ་གསོག་སྣོད། ལྷ་སའི་སྐད་དུ། ཆུ་རུམ་མ་ཞེས་ཀྱང་ཟེར་བར་སྣང་།

རྒྱ་ཐུག གྲོ་ཞིབ་ཀྱི་ཟན་འཇིམ་དྲིལ་ནས་བཟོས་པའི་ཐུག་པ་ཕྲ་ལ་རིང་བ་ཞིག རྒྱ་སྐད་面条ཞེས་པ་ཡིན།  འདི་མདོ་སྨད་བླ་བྲང་གི་རྒྱ་ཐུག་དེ་འདྲ་མ་ཡིན།

བསྟན་བཤིག བཞད་གད་སློང་བ་སྟེ། བསྟན་བཤིག་ཚ་པོ་ཞེས་གད་མོ་ཤ་སྟག་སློང་མཁན་ལ་ཟེར།


རྒྱལ་སྲས་ཟ་འོག་ལ་སྤེལ་བའི་བརྩམས་སྒྲུང་དང་ལྷུག་རྩོམ་གང་ཡིན་ཡང་གུས་པས་རང་གི་དགའ་ཕྱོགས་ལྟར་ཡག་པོར་མཐོང་བ་སྐོར་ཞིག་བདམས་པ་ཡིན་ཞིང་། སྒྲོག་འདོན་དང་འཁྲབ་བཤད་བྱེད་སྐབས་ཨ་མདོའི་འབྲོག་སྐད་ལས་མཚོ་སྔོན་པོའི་ཁ་སྐད་གཙོར་བཟུང་སྟེ་བཏོན་ཡོད་པས་ཁ་སྐད་དང་ཡིག་སྐད་གཉིས་དོ་མི་མཉམ་པ་དང་ཀློག་སྟངས་སོགས་ལ་ཡུལ་སྐད་གཞན་དང་མི་མཐུན་སའང་གང་མང་ཡོད་སྲིད། དེ་མིན་ལྷུག་རྩོམ་རྣམས་ཀློག་པའི་སྐབས་སུ་ཁ་སྐད་རྐྱང་རྐྱང་ངམ་ཚིག་ནག་ལ་ཕབ་དྲགས་ན་རྩོམ་པ་པོ་རྣམས་ཀྱིས་ཚིག་རྩལ་བཏོན་པའི་ཆ་རེ་ཉམས་ཨེ་འགྲོར་དོགས་ནས་ཡིག་སྐད་སོར་བཞག་དང་སྐབས་རེར་ཁ་སྐད་དང་ཡིག་སྐད་མཉམ་བསྲེས་བྱས་ཡོད། གཞན་ཡང་། གུས་པ་སྒྲོག་འདོན་ཞེས་པའི་ལམ་ཁར་ཞུགས་ཙམ་ཡིན་ཞིང་སྒྲོག་འདོན་ཞེས་པའི་ཐ་སྙད་འདིའི་སྦྱོར་སྟངས་སོགས་འགྲིག་མིན་གྱི་ཁ་ཚོན་ཡང་གཅོད་དཀའ་ལ། མང་པོས་ཁྱད་མེད་དུ་སྤྱོད་པའི་ཀློག་འདོན་དང་སྒྲོག་འདོན། སྙན་སྒྲོན། གྱེར་འདོན། ཟུར་བཤད། སེམས་གཏམ། འཁྲབ་བཤད་སོགས་ལའང་ཁྱད་པར་ཅུང་ཙམ་རེ་ཡོད་སྲིད་ནའང་ཁོ་བོས་དེ་དག་རེ་རེའི་མཚན་ཉིད་འདི་ཡིན་དང་ཁྱད་པར་འདི་ལྟར་དབྱེ་དགོས་སོགས་ཀྱི་ཐད་ནས་གང་ཡང་སྨྲ་བར་མི་སྤོབས་སོ།།
འབྲུ་ཚ་རིན་ཆེན་མཁར་ནས།

耳根有声
ལུས་ཀྱི་སྟངས་སྟབས་གདོང་གི་ཉམས་འགྱུར་དང་།།ངག་གི་དྲག་ཞན་ཁ་ཡི་འགུལ་སྟངས་སོགས།། མིག་གིས་ཟིན་ཟིན་སྐད་ཀྱིས་མཚོན་པར་བྱེད།།
 最新文章