བྲག་གདོང་བཀྲས་གླིང་དབང་རྡོར།
བྲག་གདོང་བཀྲས་གླིང་དབང་རྡོར། 1934ལོར་བོད་ལྗོངས་རྒྱལ་རྩེ་ཁུལ་བྲག་གདོང་བཀྲས་གླིང་ཞེས་པའི་ཁྱིམ་དུ་སྐྱེས། 1940ལོ་ནས་རྒྱལ་རྩེ། ལྷ་ས་བཅས་སུ་བོད་ཀྱི་ལུགས་རྙིང་སློབ་གྲྭར་ཞུགས། 1946ལོ་ནས་རྒྱ་གར་རྡོ་རྗེ་གླིང་སེན་འཇོ་སེབ་ཏུ་གྲགས་པའི་དབྱིན་ཇིའི་སློབ་གྲྭར་སློབ་སྦྱོང་མཛད་ཅིང་། 1953ལོར་ཕྱིར་ཕེབས་ནས་ལྷ་ལྡན་ཟས་ཞིང་སློབ་གྲྭ་དང་རྒྱལ་རྩེ་སློབ་ཆུང་དུ་དགེ་མིང་མཛད། 1958-1976ལོར་རྒྱལ་རྩེ་གཞོན་ནུ་སྡེ་ཚོགས་ལས་དོན་ཨུ་ཡོན་ལྷན་ཁང་དང་གཞིས་རྩེ་ས་གནས་ལས་བྱེད་སློབ་གྲྭ། གཞིས་རྩེ་རྟ་ནག་གློག་ཁང་སོགས་སུ་ཕྱག་ལས་མཛད། 1977-1984ལོར་རང་སྐྱོང་ལྗོངས་སློབ་གསོ་ཐིན་དུ་སློབ་གྲྭ་འབྲིང་ཆུང་གི་སློབ་དེབ་རྩོམ་སྒྱུར་མཛད། 1985-1991ལོར་བོད་རང་སྐྱོང་ལྗོངས་ཡུལ་སྐོར་ཅུས་སུ་ཕྱག་ལས་གནང་མྱོང་།བརྩམས་ཆོས་ལ། རང་རྩོམ་དང་སྒྱུར་རྩོམ་གཉིས་སུ་འདུ། «བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད»ཅེས་སྒྲུང་གཏམ་རིང་གྲས་བོད་ཡིག་དང་དབྱིན་ཡིག་གཉིས་སུ་འབྲི་གནང་མཛད་ལ། «བོད་ཡུལ་དང་བོད་མི»ཞེས་པ་རྒྱ་ཡིག་ནས་དབྱིན་ཡིག་ཏུ་བསྒྱུར།«ཡུལ་སྐོར་སྣེ་ཤན་པའི་ཉིན་དེབ»ཅེས་པ་དབྱིན་ཡིག་གིས་བྲིས་པ་མ་ཟད། «བོད་དབྱིན་རྒྱ་གསུམ་ཤན་སྦྱར་ཚིག་མཛོད»ཅེས་པའི་དེབ་ཆུང་ཞིག་ཀྱང་རྩོམ་སྒྲིག་མཛད། དེ་དག་ལས«བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད»ལ1997ལོར་བོད་ཀྱི་རྩོམ་རིག་སྒྱུ་རྩལ་རྩོམ་སྒྲིག་ཁང་གི་རླུང་རྟ་བུམ་པའི་བྱ་དགའ་དང་། 1999ལོར་སྐབས་གཉིས་པའི་བོད་ལྗོངས་དུས་རབས་གསར་པའི་རྩོམ་རིག་བྱ་དགའ་ཐོབ།བཀྲས་ཟུར་ཚང་གི་གསང་བའི་གཏམ་རྒྱུད་ཀྱི་ཐ་སྙད་མཆན་འགྲེལ།
འབྲུ་ཚ་རིན་ཆེན་མཁར།
ལེའུ་བཞི་བ།
སོག་བྱིལ། གཙུག་གཡུའི་མཆན་དུ་བཀོད་ཟིན་པས་དེར་གཟིགས།
སྣམ་སྤུ་ཕྲུག རྒྱུ་ཆ་ཅུང་ཞན་པའི་སྣམ་བུའི་རིགས་ཤིག་སྟེ། ཞུད་འོག་ཟེར་བ་སྣམ་བུ་འབྲིང་ཙམ་ལ་ཟེར་ཞིང་། སྤུ་ཕྲུག་ནི་དེ་ལས་ཞན་པ་ཞིག་ཡིན།
ལྷམ་ཤོལ་ཙེ། རྒྱ་སྐད་དེ靴子ཞེས་པའི་སྒྲ་ཡིན་པ་འདྲ།
གཙོ་དྲག དགའ་ལྡན་ཕོ་བྲང་གིས་དབང་བསྒྱུར་སྐབས་གཞུང་སྒེར་ཆོས་གསུམ་གྱི་གཞིས་ཀ་ཁག་གི་གཞིས་སྡོད་དང་བརྒྱ་ཚོ་རྒན་པའི་མིང་ཡིན།
འབྱོར་ལྕག གཙུག་གཡུའི་མཆན་དུ་གསལ།
སྒོ་མཆོར། གཙུག་ལག་ཁང་དང་། དགེ་འདུན་འདུ་ཁང་སོགས་ཀྱི་གཞུང་སྒོའི་མདུན་དུ་ཡོད་པའི་ཁྱམས་ཐོག་གཡབ་ཅན། སྒོ་འཁྱོར་དང་སྒོ་འཕྱོར་བྲིས་ཡོད་པའང་ཡོད།
སྐུ་རྫོང་། རྫོན་དཔོན་སྐུ་ངོའི་ཞེ་ས།
གོས་ཐུང་། དོར་མའི་མིང་། ཨམ་སྐད་དུ་རྐང་སྣམ་དང་པུས་འབོལ་སྟེ། བུགས་འབིས་ཞེས་པའི་སྒྲ་ཐོན།
སྐྱེ་དམན། བུད་མེད་ཀྱི་བརྙས་ཚིག
ངད་པ། དྲི་ངད་ལ་གོ
ལྕགས་ཀྲིན། ལྕགས་དཀར་སྲབ་མོས་བཟོས་པའི་སྣོད་ལ་གོ ཀྲིན་ཞེས་པ་ནི་དབྱིན་སྐད་ཀྱི་tin ཞེས་པ་གཡར་བར་འདོད།
ནི་རུ། འདི་རུ་ཞེས་པའི་དོན།རྒྱལ་རྩེའི་ཡུལ་སྐད་ཡིན་ནམ་སྙམ།
གནས་པོ། གནས་ཚང་བདག་པོ། ཁྱིམ་ཚང་བདག་པོ།
རྒྱལ་སྲས་ཟ་འོག་ལ་སྤེལ་བའི་བརྩམས་སྒྲུང་དང་ལྷུག་རྩོམ་གང་ཡིན་ཡང་གུས་པས་རང་གི་དགའ་ཕྱོགས་ལྟར་ཡག་པོར་མཐོང་བ་སྐོར་ཞིག་བདམས་པ་ཡིན་ཞིང་། སྒྲོག་འདོན་དང་འཁྲབ་བཤད་བྱེད་སྐབས་ཨ་མདོའི་འབྲོག་སྐད་ལས་མཚོ་སྔོན་པོའི་ཁ་སྐད་གཙོར་བཟུང་སྟེ་བཏོན་ཡོད་པས་ཁ་སྐད་དང་ཡིག་སྐད་གཉིས་དོ་མི་མཉམ་པ་དང་ཀློག་སྟངས་སོགས་ལ་ཡུལ་སྐད་གཞན་དང་མི་མཐུན་སའང་གང་མང་ཡོད་སྲིད། དེ་མིན་ལྷུག་རྩོམ་རྣམས་ཀློག་པའི་སྐབས་སུ་ཁ་སྐད་རྐྱང་རྐྱང་ངམ་ཚིག་ནག་ལ་ཕབ་དྲགས་ན་རྩོམ་པ་པོ་རྣམས་ཀྱིས་ཚིག་རྩལ་བཏོན་པའི་ཆ་རེ་ཉམས་ཨེ་འགྲོར་དོགས་ནས་ཡིག་སྐད་སོར་བཞག་དང་སྐབས་རེར་ཁ་སྐད་དང་ཡིག་སྐད་མཉམ་བསྲེས་བྱས་ཡོད། གཞན་ཡང་། གུས་པ་སྒྲོག་འདོན་ཞེས་པའི་ལམ་ཁར་ཞུགས་ཙམ་ཡིན་ཞིང་སྒྲོག་འདོན་ཞེས་པའི་ཐ་སྙད་འདིའི་སྦྱོར་སྟངས་སོགས་འགྲིག་མིན་གྱི་ཁ་ཚོན་ཡང་གཅོད་དཀའ་ལ། མང་པོས་ཁྱད་མེད་དུ་སྤྱོད་པའི་ཀློག་འདོན་དང་སྒྲོག་འདོན། སྙན་སྒྲོན། གྱེར་འདོན། ཟུར་བཤད། སེམས་གཏམ། འཁྲབ་བཤད་སོགས་ལའང་ཁྱད་པར་ཅུང་ཙམ་རེ་ཡོད་སྲིད་ནའང་ཁོ་བོས་དེ་དག་རེ་རེའི་མཚན་ཉིད་འདི་ཡིན་དང་ཁྱད་པར་འདི་ལྟར་དབྱེ་དགོས་སོགས་ཀྱི་ཐད་ནས་གང་ཡང་སྨྲ་བར་མི་སྤོབས་སོ།།