ཁྱེད་ཀྱིས་ཀློག་མ་ཐུབ་པའི་སྒྲུང་དེ། ཁྱེད་རང་ཀློག་ཁོམ་མ་ཡོད་པའི་དེབ་དེ།
རྒྱལ་སྲས་ཟ་འོག་ན་ཡོད། འབྲུ་ཚའི་ངག་ན་ཡོད།
བོད་ཀྱི་སྒྲུང་གཏམ་གཙུག་གཡུ་ལས་ཁོལ་བཏོན་དབུས་སྐད་ཐ་སྙད་ཁག་ཅིག་གི་མཆན་བུ་བཞུགས།
དེ་ཡང་བོད་ཀྱི་དེང་རབས་སྒྲུང་གཏམ་ཆེས་ཐོག་མའི་མཚན་སྙན་གདན་ཐོབ་ཅན་གཙུག་གཡུ་ཞེས་བྱ་བ་འདི་བཞིན་རྒན་གླང་མདུན་དཔལ་འབྱོར་མཆོག་ནས་རྩོམ་གནང་མཛད་པའི་སྒྱུ་རྩལ་བརྩམ་བྱ་ཕུལ་དུ་བྱུང་བ་ཞིག་ཡིན་པ་གླེང་མེད་ཐོག། འདི་ཉིད་ཀྱི་ཁྲོད་དུ་ཅ་ལག་ཕལ་ཆེར་གྱི་མིང་ནི་ལྷ་སའི་སྐད་ལྟར་དུ་བཞུགས་པ་རྣམས་མཁས་དབང་མང་ཆེ་བས་མཁྱེན་ཚོད་ལགས་ཀྱང་ངེད་ཀྱི་ཨ་མདོའི་གྲོགས་པོ་ཁ་ཅིག་དབུས་སྐད་མགོ་མ་ཚོས་པའམ་སྐབས་སྐབས་གོ་ལོག་ཏུའང་འགྲོ་བ་བཅས་ད་ལམ་གྲོགས་པོ་འབྲུ་ཚ་རིན་ཆེན་མཁར་ལགས་ནས་ཆེད་མངག་གཙུག་གཡུ་འདི་བཞིན་ཨམ་སྐད་དུ་སྒྲོག་འདོན་བྱེད་རྩིས་ཀྱིས་ངེད་ནས་ཐ་སྙད་ཨམ་སྐད་དུ་མེད་པ་རྣམས་ལ་ཟུར་དུ་མཆན་ཐོ་ཞིག་འབྲི་རྒྱུར་ཁས་ལེན་བྱས་པ་ཡིན་ཀྱང་། སྔོན་ཆད་གཙུག་གཡུ་ཞིབ་ཏུ་ཀློག་མྱོང་མེད་སྟབས་ང་རང་ལའང་གོ་དོན་ཞིབ་ཆ་རྟོགས་རྒྱུར་ཆགས་ཐོགས་ཆེན་པོ་བྱུང་སྟེ། གྲོགས་པོས་བློ་བཀལ་བ་ཆུད་ཟོས་སུ་བཏང་སོང་སྙམ་པའི་འཚེར་སྣང་ཡང་སྐྱེས། ཡིན་ནའང་དེང་སང་དྲ་བའི་སྟོབས་ཤུགས་ལ་བརྟེན་ནས་ཚིག་མཛོད་སྣ་ཚོགས་ལག་པས་ལེན་ཆོག་ཏུ་ཡོད་སྟབས། བོད་རྒྱ་ཚིག་མཛོད་དང་དུང་དཀར་ཚིག་མཛོད་ཆེན་མོ། ལྷ་སའི་ཁ་སྐད་ཚིག་མཛོད་བཅས་ལ་གཞི་བཅོལ་གྱིས་སྒྲུང་གཏམ་གྱི་བྱུང་རིམ་ལྟར་མཆན་བུ་འདི་ཙམ་ཞིག་སྒྲིག་ཐུབ་པ་བྱུང་བ་འདི་སྒྲུང་དེབ་རང་དང་ཤན་སྦྱར་དུ་བལྟས་ན་བདེ་བར་སྙམས་ལ། ཐ་སྙད་དཔྱད་གཞི་མ་རྙེད་པའི་རིགས་ལ་མཆན་གནས་སྟོང་པར་བཞག་ཡོད་སྟབས་བློ་ལྡན་སུ་ཞིག་གིས་ཤེས་ཀྱང་ཁ་སྣོན་གསལ་བཀྲོལ་བཀའ་དྲིན་ཆེ་བ་དང་། འདི་ལ་འགལ་འཛོལ་བྱུང་རིགས་རྣམས་ཡང་དག་པར་ཞུ་བའི་རེ་བ་བཅས།
གུས་དབྱངས་ཅན་ལྡིང་ཁང་བས།
ལེའུ་བཅུ་གསུམ་པ།
བཞའ་ཚན། རླན་བཤེར་གྱི་མིང་།འཕྱིངས། སྐྲ་སོགས་འཛིང་ཞིང་འབྱར་བ་ཤད་དུ་མི་བཏུབ་པ་ལ་ཟེར། འདག་གོང་། ཆུ་མང་དྲགས་ནས་ཅུང་ཟད་འདག་འདག་ཏུ་སོང་བའི་སྤགས་གོང་ལ་ཟེར། སྐམ་སོག སྐམ་པོ་གསོག་གསོག་སྟེ། འབྲུ་ཆུ་ལ་མ་བརྒྱབ་པར་བརྔོས་ཏེ་བཏགས་པའི་རྩམ་པ་སྤུས་ཞན་གྱི་མིང་། འདི་སྐམ་སོབ་ཀྱང་ཟེར་བར་སྣང་།
གྲ་ཕུབ། གྲ་མ་དང་ཕུབ་མའི་བསྡུས་མིང་སྟེ། གྲ་མ་ཞེས་འབྲུ་རིགས་ཀྱི་ཤུན་པའི་རྩེ་མོ་རྣོ་ཞིང་རིང་བ་དེའི་མིང་དང་ཨམ་སྐད་གྱ་མའམ་གྱེ་མ་ཟེར། ཕུབ་མའམ་སྦུན་པའམ་སྤུན་པའམ་སྦུན་མ་ནི་འབྲུ་རིགས་ཀྱི་ཕྱིའི་ཤུན་པའི་མིང་། འགོ་བར་བསྐྱལ། འདིར་འགོའི་བར་དུ་བསྐྱལ་ཞེས་པའི་དོན།རྩིག་འཁྱུད། འདིར་རྐང་ལག་མི་བདེ་བ་སོགས་རྩིག་པ་ལ་ལག་པ་བསྙེས་ནས་འགྲོ་བ།ལྟར་ཆགས། སྟར་ཆགས་ཏེ། ཕྲེང་ལྟར་བསྒྲིགས་ཏེ་གནས་པ། སྒབ་གཤམ། འགབ་གཤམ་ཞེས་ཀྱང་སྣང་སྟེ། ཕྱུ་པ་སོགས་ཀྱི་སྨད་ཆའམ་གཤམ་ལ་ཟེར། ཨམ་སྐད་འདབས་ཁ་ཟེར། རྒྱ་སྐད་下摆ཞེས་པ་ཡིན་པར་སྙམ།འཛིར་འཛིར། འཛིར་བ་སྟེ། གཤེར་ཁུའི་རིགས་ཁུང་བུའམ་སྲུབས་ནས་འཛག་པའི་དོན། ཨམ་སྐད་འཛིམ་ཟེར་བ་ཡིན།འབྲེང་བུ། འབྲེང་པའང་ཟེར་ཏེ། ཀོ་ཐག་རྒྱུན་བུ་ལ་ཟེར།གྲིབ་བཟོ། གྲིབ་སོ་ཞེས་པ་སྟེ་གྲིབ་མའི་མིང་།ཚ་ཞག ཉིན་མོའི་ཚ་ཕོག་དང་མཚན་མོའི་ཞག་ས་ཞེས་པ་སྟེ། ལམ་བར་ཚ་ཞག་གར་བབས་སུ་བསྡད་ལྟ་བུ། ཚ་ཕོག་ཞེས་ལམ་བར་དུ་ངལ་གསོའི་ཕྱིར་བཟའ་བཏུང་བྱེད་པའི་མིང་ལ་ཚ་ཕོག་རྒྱག་ཟེར། ཞག་ས་ཞེས་ཞག་པོར་སྡོད་ས་སྟེ་གྲོང་འདབས་སུ་ཞག་ས་བྱེད་པ་ལྟ་བུ།སྐྲ་གཞུག སྐྲ་ལྷས་མའི་རྩེ་མོར་གདགས་བྱའི་ཕོད་འཛར་རམ་སྣེ་འཛར་ལ་ཟེར།གློ་གསུད། གློ་རྒྱུན་མི་འཆད་པར་རྒྱག་སྟངས་ཤིག ཨམ་སྐད་ལུ་རྒྱ་ཟེར། རྐང་བཀྱག འདིར་གློ་བུར་དངངས་སྐྲག་གི་དབང་གིས་རྐང་པ་ཡར་བཀྱག་པའི་དོན་ཡིན་པར་སྙམ།རྒྱལ་སྲས་ཟ་འོག་ལ་སྤེལ་བའི་བརྩམས་སྒྲུང་དང་ལྷུག་རྩོམ་གང་ཡིན་ཡང་གུས་པས་རང་གི་དགའ་ཕྱོགས་ལྟར་ཡག་པོར་མཐོང་བ་སྐོར་ཞིག་བདམས་པ་ཡིན་ཞིང་། སྒྲོག་འདོན་དང་འཁྲབ་བཤད་བྱེད་སྐབས་ཨ་མདོའི་འབྲོག་སྐད་ལས་མཚོ་སྔོན་པོའི་ཁ་སྐད་གཙོར་བཟུང་སྟེ་བཏོན་ཡོད་པས་ཁ་སྐད་དང་ཡིག་སྐད་གཉིས་དོ་མི་མཉམ་པ་དང་ཀློག་སྟངས་སོགས་ལ་ཡུལ་སྐད་གཞན་དང་མི་མཐུན་སའང་གང་མང་ཡོད་སྲིད། དེ་མིན་ལྷུག་རྩོམ་རྣམས་ཀློག་པའི་སྐབས་སུ་ཁ་སྐད་རྐྱང་རྐྱང་ངམ་ཚིག་ནག་ལ་ཕབ་དྲགས་ན་རྩོམ་པ་པོ་རྣམས་ཀྱིས་ཚིག་རྩལ་བཏོན་པའི་ཆ་རེ་ཉམས་ཨེ་འགྲོར་དོགས་ནས་ཡིག་སྐད་སོར་བཞག་དང་སྐབས་རེར་ཁ་སྐད་དང་ཡིག་སྐད་མཉམ་བསྲེས་བྱས་ཡོད། གཞན་ཡང་། གུས་པ་སྒྲོག་འདོན་ཞེས་པའི་ལམ་ཁར་ཞུགས་ཙམ་ཡིན་ཞིང་སྒྲོག་འདོན་ཞེས་པའི་ཐ་སྙད་འདིའི་སྦྱོར་སྟངས་སོགས་འགྲིག་མིན་གྱི་ཁ་ཚོན་ཡང་གཅོད་དཀའ་ལ། མང་པོས་ཁྱད་མེད་དུ་སྤྱོད་པའི་ཀློག་འདོན་དང་སྒྲོག་འདོན། སྙན་སྒྲོན། གྱེར་འདོན། ཟུར་བཤད། སེམས་གཏམ། འཁྲབ་བཤད་སོགས་ལའང་ཁྱད་པར་ཅུང་ཙམ་རེ་ཡོད་སྲིད་ནའང་ཁོ་བོས་དེ་དག་རེ་རེའི་མཚན་ཉིད་འདི་ཡིན་དང་ཁྱད་པར་འདི་ལྟར་དབྱེ་དགོས་སོགས་ཀྱི་ཐད་ནས་གང་ཡང་སྨྲ་བར་མི་སྤོབས་སོ།།