ཁྱེད་ཀྱིས་ཀློག་མ་ཐུབ་པའི་སྒྲུང་དེ། ཁྱེད་རང་ཀློག་ཁོམ་མ་ཡོད་པའི་དེབ་དེ།
རྒྱལ་སྲས་ཟ་འོག་ན་ཡོད། འབྲུ་ཚའི་ངག་ན་ཡོད།
བོད་ཀྱི་སྒྲུང་གཏམ་གཙུག་གཡུ་ལས་ཁོལ་བཏོན་དབུས་སྐད་ཐ་སྙད་ཁག་ཅིག་གི་མཆན་བུ་བཞུགས།
དེ་ཡང་བོད་ཀྱི་དེང་རབས་སྒྲུང་གཏམ་ཆེས་ཐོག་མའི་མཚན་སྙན་གདན་ཐོབ་ཅན་གཙུག་གཡུ་ཞེས་བྱ་བ་འདི་བཞིན་རྒན་གླང་མདུན་དཔལ་འབྱོར་མཆོག་ནས་རྩོམ་གནང་མཛད་པའི་སྒྱུ་རྩལ་བརྩམ་བྱ་ཕུལ་དུ་བྱུང་བ་ཞིག་ཡིན་པ་གླེང་མེད་ཐོག། འདི་ཉིད་ཀྱི་ཁྲོད་དུ་ཅ་ལག་ཕལ་ཆེར་གྱི་མིང་ནི་ལྷ་སའི་སྐད་ལྟར་དུ་བཞུགས་པ་རྣམས་མཁས་དབང་མང་ཆེ་བས་མཁྱེན་ཚོད་ལགས་ཀྱང་ངེད་ཀྱི་ཨ་མདོའི་གྲོགས་པོ་ཁ་ཅིག་དབུས་སྐད་མགོ་མ་ཚོས་པའམ་སྐབས་སྐབས་གོ་ལོག་ཏུའང་འགྲོ་བ་བཅས་ད་ལམ་གྲོགས་པོ་འབྲུ་ཚ་རིན་ཆེན་མཁར་ལགས་ནས་ཆེད་མངག་གཙུག་གཡུ་འདི་བཞིན་ཨམ་སྐད་དུ་སྒྲོག་འདོན་བྱེད་རྩིས་ཀྱིས་ངེད་ནས་ཐ་སྙད་ཨམ་སྐད་དུ་མེད་པ་རྣམས་ལ་ཟུར་དུ་མཆན་ཐོ་ཞིག་འབྲི་རྒྱུར་ཁས་ལེན་བྱས་པ་ཡིན་ཀྱང་། སྔོན་ཆད་གཙུག་གཡུ་ཞིབ་ཏུ་ཀློག་མྱོང་མེད་སྟབས་ང་རང་ལའང་གོ་དོན་ཞིབ་ཆ་རྟོགས་རྒྱུར་ཆགས་ཐོགས་ཆེན་པོ་བྱུང་སྟེ། གྲོགས་པོས་བློ་བཀལ་བ་ཆུད་ཟོས་སུ་བཏང་སོང་སྙམ་པའི་འཚེར་སྣང་ཡང་སྐྱེས། ཡིན་ནའང་དེང་སང་དྲ་བའི་སྟོབས་ཤུགས་ལ་བརྟེན་ནས་ཚིག་མཛོད་སྣ་ཚོགས་ལག་པས་ལེན་ཆོག་ཏུ་ཡོད་སྟབས། བོད་རྒྱ་ཚིག་མཛོད་དང་དུང་དཀར་ཚིག་མཛོད་ཆེན་མོ། ལྷ་སའི་ཁ་སྐད་ཚིག་མཛོད་བཅས་ལ་གཞི་བཅོལ་གྱིས་སྒྲུང་གཏམ་གྱི་བྱུང་རིམ་ལྟར་མཆན་བུ་འདི་ཙམ་ཞིག་སྒྲིག་ཐུབ་པ་བྱུང་བ་འདི་སྒྲུང་དེབ་རང་དང་ཤན་སྦྱར་དུ་བལྟས་ན་བདེ་བར་སྙམས་ལ། ཐ་སྙད་དཔྱད་གཞི་མ་རྙེད་པའི་རིགས་ལ་མཆན་གནས་སྟོང་པར་བཞག་ཡོད་སྟབས་བློ་ལྡན་སུ་ཞིག་གིས་ཤེས་ཀྱང་ཁ་སྣོན་གསལ་བཀྲོལ་བཀའ་དྲིན་ཆེ་བ་དང་། འདི་ལ་འགལ་འཛོལ་བྱུང་རིགས་རྣམས་ཡང་དག་པར་ཞུ་བའི་རེ་བ་བཅས།
གུས་དབྱངས་ཅན་ལྡིང་ཁང་བས།
ལེའུ་དགུ་པ།
ཕྱག་འདྲེན། ལག་འདྲེན་ཏེ། འདིར་བགྲེས་པོ་སོགས་འགྲོ་སྐྱོད་དཀའ་བ་རྣམས་ལག་པ་ནས་བསྐྱོར་ཏེ་འགྲོ་རོགས་བྱས་པའི་ཞེ་ས་ཡིན་པར་སྙམ། དཔེ་ཆ་གཞན་དུ་ལག་པ་ནས་འཐེན་རོགས་བྱས་པའི་དོན་དུའང་འཇུག་པར་སྙམ། ཀ་ལ་དབང་པོ། ཀཱ་ལ་དབང་པོ་སྟེ། འདི་བོད་ཀྱི་ཟློས་གར་མཁའ་འགྲོ་འགྲོ་བ་བཟང་མོའི་རྣམ་ཐར་དུ་གསལ་བའི་ཡུལ་མཎྜལ་སྒང་གི་རྒྱལ་པོ་ཀཱ་ལ་དབང་པོ་ཞེས་པ་དེ་ཡིན། ཡ་གིའི་རྒྱ་དང་མོན་གྱི་ས་མཚམས་ན། འདི་ནི་རྒྱལ་པོ་ཀཱ་ལ་དབང་པོས་ཁྱི་ར་རྒྱག་དུས་རང་གི་ཁྱི་མོ་ལྕགས་ཕྲ་འབ་ཤེས་དེ་གར་སོང་ཆ་མེད་དུ་གྱུར་ནས་བློན་པོ་ཏྲི་ན་འཛིན་གྱིས་ཕྱོགས་ཐམས་ཅད་བཙལ་མཐར་ནགས་གསེབ་ནས་ཁང་ཆུང་བཀོད་ལེགས་ཤིག་འདུག་པ་དེ་ན་ཁྱི་མོ་ཡོད་འདྲ་སྙམ་ནས་རྒྱལ་པོར་སྙན་སེང་ཞུས་པའི་འཁྲབ་ཚན་ཞིག་ཡིན། འདིའི་འཁྲབ་ཚིག་ཆ་ཚང་འདི་ལྟར། ཁོ་བོས་མ་ཕྱིན་ཁོ་བོས་ཕྱིན།། ཁོ་བོས་རྒྱ་གར་རི་ཀླུང་ཀུན་ལ་ཕྱིན།། ཡ་གིའི་རྒྱ་དང་མོན་གྱི་ས་མཚམས་ན།། ཁང་ཆུང་དཀར་ལ་དུ་བའི་གཡང་ཞགས་འཁྱིལ།། དེ་འདྲའི་གནས་སུ་ཁྱི་མོ་མེད་ལས་སམ།། རྒྱལ་པོ་མ་བཞུགས་ཁྱི་མོ་འཚོལ་དུ་ཕེབས།། ཞེས་པ་ཡིན། འཁྲབ་ཚིག་འདི་བཞིན་རྣམ་ཐར་དུ་མི་གསལ་ཅིང་སྒྱུ་རྩལ་པའི་ངག་ལས་བཏང་བ་ཡིན་སྟབས་ཡིག་འབྲུ་རེ་ཟུང་ལ་རང་རང་བརྗོད་ལུགས་ལྟར་ཧེ་བག་ཅུང་ཙམ་ཡོད་པར་སྙམ།ཕྱིར་ཤིག ཁ་མདུན་དུ་བལྟས་ནས་གོམ་པ་རྒྱབ་ཏུ་སྤོས་པའི་དོན། ཨམ་སྐད་དུ་ཕྱིར་བཀྱེད་སྟེག་ཅེས་པ་ཡིན།མི་དཔོན། སྔར་ལྷ་སའི་གྲོང་ཁུལ་དུ་བདེ་འཇགས་དོ་དམ་གྱི་ལས་འགན་གཙོ་བོར་བྱེད་མཁན་སྣང་རྩེ་ཤག་ལས་ཁུངས་ཀྱི་འགོ་འཛིན་ཏེ། མི་སྐྱའི་ཁྲིམས་བདག་ཡིན།ཟེར་རིང་དུ། ཟེར་བའི་ཡུན་དུའམ་སྐབས་སུ་ཞེས་པའི་དོན། སྐྱབས་རྟེན། མགོ་འདྲེན་བྱེད་རོགས་ཞུ་བའི་འབུལ་རྟེན། རྒྱ་ཚོང་། ཉོ་ཚོང་གི་ཞེ་སའི་མིང་། རྒྱ་ཚོང་སྐྱོན/གནང་ཞེས་པ་ལྟ་བུ།སྐོར་བྱ་བ། སྔར་སྣང་རྩེ་ཤག་ལས་ཁུངས་འོག་ས་ཆ་ཁག་བགོས་ཀྱིས་རང་རང་ས་ཁོངས་སུ་བདེ་འཇགས་གནས་ཚུལ་ལ་སྐོར་གཡེང་བྱེད་མཁན་སྟེ། དེང་སང་ལྟར་ན་རྒྱ་སྐད་片警ཞེས་པ་དང་འདྲ་ཙམ་ཡོད་པར་སྣང་། སྐོར་བྱ་བ་དང་པུ་ལི་སི་གཉིས་གཞི་རྒྱ་ཆེ་ཆུང་སོགས་ཀྱི་ཐད་ནས་མི་འདྲ་བ་ཡིན།ཞར་བྱུང་དཔོན་གནས་ཀྱི་རིམ་པ། དེ་སྔར་ཏཱ་ལའི་བླ་མ་ཕུད་པའི་དཔོན་རིགས་རིམ་པ་དང་པོ་རྒྱལ་པོ་དང་བློན་ཆེན། རིམ་པ་གཉིས་པ་གུང་དང་བཀའ་བློན། རིམ་པ་གསུམ་པ་ཛ་སག་དང་ཐའི་ཇི། རིམ་པ་བཞི་པ་ཕོགས་མདའ་རྩིས་སྲས་ཞེས་ཕོགས་དཔོན། མདའ་དཔོན། རྩིས་དཔོན། སྲས་རྣམ་པ་ལ་སོགས་ཡིན། རིམ་པ་ལྔ་པ་ལས་ཚན་པ་ཞེས་རྩེ་དྲུང་ཤོད་དྲུང་དང་མི་དཔོན་སོགས་ཡིན། རིམ་པ་དྲུག་བདུན་སོགས་དབྱེ་བ་ཡོད་མེད་གང་ལྟར་ཡང་གནས་སྐབས་དཔྱད་གཞི་མ་རྙེད།ཞུ་ངོ། ཞུས་ངོ་ཞེས་ཀྱང་སྣང་སྟེ། དོན་དག་ཞུ་བ་ལ་ངོ་ཆེན་གྱི་གྲོགས་བྱེད་པའི་དོན། ཨམ་སྐད་ངོ་རེ་ཞེས་པ་ཡིན་སྙམ། རྒྱ་སྐད་情面、托人情ཞེས་པ་ཡིན་པར་སྙམ།ཞུ་ཡུས། ཞུ་བྱའི་དོན་གྱི་བདེན་ལུགས་ཞེས་པའི་དོན། འབུལ་ལམ་ཞུ། འབུལ་རྒྱུ་ཡིན་ཞེས་པའི་དོན་སྟེ། འདི་འདྲ་སྔར་སྡེ་པ་གཞུང་གི་སྐབས་སུ་ཞེ་སའི་བྱ་ཚིག་སྦྱོར་བདེ་བའི་ཆེད་དུ་ཐ་སྙད་མང་པོ་ཞིག་ཚིག་གྲོགས་ཡི་གེ་གཉིས་སུ་ལོངས་པར་བྱས་ཐོག་མཇུག་ཏུ་ཞེ་སའི་བྱ་ཚིག་སྤྱོད་སྲོལ་གྱི་ཚིག་སྦྱོར་འགྲོ་སྟངས་ཤིག་ཡིན་པར་སྙམ་པ་བརྟག།འཕེར་ཤ། སྤྱིར་འཕེར་ནི་གོ་ཆོད་པ་དང་ཐུབ་པ་ནུས་པ་སོགས་ཀྱི་དོན་དང་། ལྷ་སའི་ཡུལ་སྐད་ནང་འཕེར་ཤ་ཞེས་འཇོན་མདོག་གི་ཚུལ་ལ་ཟེར། འདི་ལ་འཕེར་ཤ་ཚ་པོ། ཕེར་ཤ་ཚ་པོ། དཔའ་སྐྱེད་ཚ་པོ། བི་ཆུར་ཚ་པོ་སོགས་ཟེར།ཐུགས་རྗེའི་གྲིབ་མ། ཐུགས་རྗེའི་གྲིབ་བསིལ་ཡང་སྟེ། ཆབ་སྲིད་གཟིགས་སྐྱོང་དང་བླ་དཔོན་སོགས་ཀྱི་ཐུགས་རྗེ་སོགས་ཚ་གདུང་སེལ་བའི་བསིལ་གྲིབ་ལ་དཔེ་འགོད་སྟངས་ཤིག་ཡིན། ལེ་ཐོགས། ལེ་ཁག་དང་ཁག་ངན། ལན་རྩའམ་ནོར་འཁྲུལ་གྱི་རྐྱེན་རྩ། ལེ་ལན་སོགས་དོན་གཅིགནག་ཅན། ཉེས་པ་ཡོད་མཁན་ཏེ། ནག་ཅན་གཏེ་པོ་ལྟ་བུ།ངན་རེངས། སེམས་ངན་ཞིང་རྒྱུད་གྱོང་བ། དྲུང་དཀྱུས། སྔར་བོད་ཀྱི་རྒྱལ་ཚབ་དང་བཀའ་བློན་བཅས་ཀྱི་འཁོར་གཏོགས་དྲུང་འཁོར་སྐྱ་བོ་དཀྱུས་མའི་རིགས་ཏེ། རྒྱ་སྐད་随从俗官ཞེས་པ་ཙམ་ཡིན།ཆག་ཡང་། འཁྲི་ཆའི་གྲངས་འབོར་ཉུང་དུ་གཏོང་བའི་མིང་སྟེ། སྐྱེད་ཁ་ཆག་ཡང་གཏོང་བ། ཁྲལ་འབབ་ཆག་ཡང་གཏོང་བ། ཉེས་ཆད་ཆག་ཡང་གཏོང་བ་ལྟ་བུ།སྒོས་གཞིས། སྒེར་གཞིས་ཞེས་ཀྱང་འབྱུང་སྟེ། སྔར་དཔོན་རིགས་སོ་སོའི་སྒེར་གྱི་ཕ་གཞིས་སམ་ཐབ་རྟེན་དུ་བྱུང་བའི་གཞིས་ཀ་ལ་ཟེར། རྒྱ་སྐད་私有庄园ལྟ་བུ་ཞིག་ཡིན།གཏམ་ཆེན། སྐད་ཆ་རྫིག་པོ་ཞེས་པའི་དོན། གསུག ལྐོག་རྔན་གྱི་མིང་། རྒྱ་སྐད་贿赂品ཞེས་པ་ཡིན།ཐུགས་ཕན་གསོས། ཐུགས་ཕན་ནི་ཁེ་ཕན་གྱི་ཞེ་སའི་མིང་དང་། ཐུགས་ཕན་གསོ་ཞེས་ཁེ་ཕན་རེག་པའི་ཞེ་སའི་ཚིག་ཡིན། སྒྲིལ་སྒྲིལ། ཐུམ་གྱིས་བཏུམས་པའི་རིལ་རིལ། སི་ཤན། དར་སྐུད་ཀྱི་མིང་སྟེ། རྒྱ་སྐད་丝线ཞེས་པའི་སྒྲ་སོར་བཞག་ཡིན།ཨ་ལོག ཨ་སློག་ཀྱང་སྟེ། མི་སོགས་འགྲེ་ལྡོག་བྱས་པའམ་ཡང་ན་དངོས་པོའི་རིགས་ཁ་གཏིང་བརྗེ་སྒྱུར་བྱས་པའི་དོན། སྔ་འགྱོད་ཕྱི་འདོམས། སྔ་འགྱོད་ཕྱི་སྡོམ་སྟེ། སྔོན་ཉེས་ལ་འགྱོད་སེམས་དང་ཕྱིན་ཆད་སྤོངས་སེམས། ཐུགས་ཉམས་ཆོད། ཉམས་ཆོད་པོ་སྟེ། ཅ་ལག་སོགས་ཀྱི་ལེགས་ཉེས་ལྟ་མཁས་པོ་ཡོད་པའི་དོན། ལོད། ལྷ་སའི་ཡུལ་སྐད་ནང་ཚད་སྟོན་པའི་ཕྲད་ཅིག་སྟེ། ཆེ་ལོད། མང་ལོད། ལྟ་བུ་དང་། ཚད་ཀྱི་དྲི་ཚིག་ལའང་སྟེ། མང་ལོད་འདུག་ཅེས་མང་བའི་ཚད་དྲི་བའི་དོན་ཡིན་པ་ལྟ་བུའོ།།ཐོས་རེས། ཐོས་རེ་ཡིས་ཞེས་ཐོས་པར་རེ་བ་ཞེས་པའི་དོན་མིན་ནམ་སྙམ།མཇིང་སྐོར། བརྩེ་དུང་སྟོན་ཕྱིར་མཇིང་པ་ལག་པས་འཁྱུད་པ་སྟེ། ཨམ་སྐད་སྐེ་འཇུས་ཟེར་རམ་སྙམ། རྒྱ་སྐད་搂脖子拥抱ཞེས་པ་ཡིན་པ་འདྲ། སང་ཕོད། སང་ལོ། དུས་སང་སྟེ། ད་ལོའི་ལོ་ཕྱི་མའི་མིང་། རྒྱ་སྐད་明年ཞེས་པ་ཡིན།བཟོ་ཏན། བཟོ་རྒྱུ་གཏན་འཁེལ་ལམ་བཟོ་རྒྱུ་ཏན་ཏན་ཡིན་ཞེས་པའི་སྐད་ཆ་བསྡུས་པ།རྒྱལ་སྲས་ཟ་འོག་ལ་སྤེལ་བའི་བརྩམས་སྒྲུང་དང་ལྷུག་རྩོམ་གང་ཡིན་ཡང་གུས་པས་རང་གི་དགའ་ཕྱོགས་ལྟར་ཡག་པོར་མཐོང་བ་སྐོར་ཞིག་བདམས་པ་ཡིན་ཞིང་། སྒྲོག་འདོན་དང་འཁྲབ་བཤད་བྱེད་སྐབས་ཨ་མདོའི་འབྲོག་སྐད་ལས་མཚོ་སྔོན་པོའི་ཁ་སྐད་གཙོར་བཟུང་སྟེ་བཏོན་ཡོད་པས་ཁ་སྐད་དང་ཡིག་སྐད་གཉིས་དོ་མི་མཉམ་པ་དང་ཀློག་སྟངས་སོགས་ལ་ཡུལ་སྐད་གཞན་དང་མི་མཐུན་སའང་གང་མང་ཡོད་སྲིད། དེ་མིན་ལྷུག་རྩོམ་རྣམས་ཀློག་པའི་སྐབས་སུ་ཁ་སྐད་རྐྱང་རྐྱང་ངམ་ཚིག་ནག་ལ་ཕབ་དྲགས་ན་རྩོམ་པ་པོ་རྣམས་ཀྱིས་ཚིག་རྩལ་བཏོན་པའི་ཆ་རེ་ཉམས་ཨེ་འགྲོར་དོགས་ནས་ཡིག་སྐད་སོར་བཞག་དང་སྐབས་རེར་ཁ་སྐད་དང་ཡིག་སྐད་མཉམ་བསྲེས་བྱས་ཡོད། གཞན་ཡང་། གུས་པ་སྒྲོག་འདོན་ཞེས་པའི་ལམ་ཁར་ཞུགས་ཙམ་ཡིན་ཞིང་སྒྲོག་འདོན་ཞེས་པའི་ཐ་སྙད་འདིའི་སྦྱོར་སྟངས་སོགས་འགྲིག་མིན་གྱི་ཁ་ཚོན་ཡང་གཅོད་དཀའ་ལ། མང་པོས་ཁྱད་མེད་དུ་སྤྱོད་པའི་ཀློག་འདོན་དང་སྒྲོག་འདོན། སྙན་སྒྲོན། གྱེར་འདོན། ཟུར་བཤད། སེམས་གཏམ། འཁྲབ་བཤད་སོགས་ལའང་ཁྱད་པར་ཅུང་ཙམ་རེ་ཡོད་སྲིད་ནའང་ཁོ་བོས་དེ་དག་རེ་རེའི་མཚན་ཉིད་འདི་ཡིན་དང་ཁྱད་པར་འདི་ལྟར་དབྱེ་དགོས་སོགས་ཀྱི་ཐད་ནས་གང་ཡང་སྨྲ་བར་མི་སྤོབས་སོ།།