གསེར་མདོག་མཆོག་སྤྲུལ་དྲན་གླུ།
རྩོམ་འབྲི་བ། སྒང་ལུག་རྫི།
ཕ་ཡུལ། གོ་འཇོ།
གསེར་སེར་པོའི་ཉི་གཞོན་འཆར་འདྲ་བོ།།
མགོན་དེ་ནི་གསེར་མདོག་སྤྲུལ་སྐུ་སྟེ།།
ལུགས་གཉིས་ལ་མཁས་པའི་པཎ་ཆེན་རེད།།
ངེད་དབུ་ནག་བོད་པའི་བླ་མ་ཡིན།།
དུང་དཀར་པོའི་ཟླ་བ་ཤར་འདྲ་བ།།
མགོན་དེ་ནི་གསེར་མདོག་སྤྲུལ་སྐུ་སྟེ།།
སྒྲ་སྐད་གསུམ་སྨྲ་བའི་ལོ་ཙྭ་བ།།
ངེད་དབུ་ནག་བོད་པའི་བླ་མ་ཡིན།།
དགུང་སྐར་ཚོགས་རྒྱུ་སྐར་ཤར་འདྲ་བ།།
འཁོར་བཟང་པོ་ཆོལ་གསུམ་འབངས་མི་རེད།།
ལས་དམ་ཚིག་གཅིག་པའི་སློབ་མ་དག།
དུས་རྟག་ཏུ་རྗེས་སུ་འཛིན་པ་ཤོག།