“རྨ་གཡང་རྟགས་མའི”ལྷུག་རྩོམ་འགྲན་སྡུར།(42-43)

文摘   2024-11-09 11:49   青海  








ཚེ་སྲོག་ལག་ཟུང་གིས་བསྐྱོར་བའི་དུས་རབས།

(དཀར་མཛེས) ཞོགས་ཉི།




ཚན་རྩལ་གྱི་རྦ་རླབས་བར་མེད་གཡོ་ཞིང་འཕྲུལ་ཆས་ཀྱིས་གནམ་ས་སྒུལ་བའི་དུས་འདིར། མི་རྣམས་ནི་དུས་རབས་ཀྱི་རླུང་ཁར་ཡན་པའི་འདོད་ཧམ་གྱི་མཇུག་མ་རིང་པོ་འདྲུད་མཁན་དེ་དང་། འཕྲུལ་ཆས་ཀྱི་པང་ན་གང་འདོད་དུ་རྩེན་པའི་བྱིས་པ་ཞིག་དང་མཚུངས་ཨང་།
གདོད་མར་ང་ཚོ་བོད་མི་རིགས་ཀྱི་འགྲིམ་འགྲུལ་ཡོ་བྱད་གཙོ་བོ་སྒོ་ཕྱུགས་ཀྱི་རིགས་ཡིན་ལ། འཚོ་བའི་ཆ་རྐྱེན་དེ་འདྲའི་འཛོམས་པོ་མིན་ནའང་། མི་རྣམས་ཀྱིས་དག་གཙང་གི་ཁོར་ཡུག་ན་ཆོག་ཤེས་ཀྱིས་འཚོ་བཞིན་ཡོད་ལ། འགྲིམ་འགྲུལ་ཡོ་བྱད་དག་ཀྱང་སྲོག་ལྡན་ཡིན་པས་བདེ་འཇགས་ཀྱི་ཚད་ཧ་ཅང་མཐོ།
ད་ལྟ་འཕྲུལ་ཆས་ཀྱིས་ཁ་ལོ་བསྒྱུར་བཞིན་པའི་དུས་རབས་འདིར། མི་རྣམས་ཀྱིས་སྲོག་མེད་ཀྱི་འཕྲུལ་འཁོར་ལ་བརྟེན་ནས་འཚོ་བའི་དགོས་མཁོ་སྐོང་བཞིན་ཡོད་མོད། འཕྲུལ་ཆས་ཀྱིས་བསླངས་པའི་ཆག་སྒོ་དག་གིས་ང་ཚོ་སྡུག་བསྔལ་གྱི་གཡང་ལ་འཕེན་གྱིན་ཡོད།
དེ་ནི་སྟོན་མཇུག་གི་སྡོང་ལོ་འཐོར་བའི་ས་སྲོད་ཅིག་ཡིན་ལ། ང་རང་ཕ་ཡུལ་དང་གྱེས་ནས་རྒྱང་རིང་གི་ལས་གནས་སུ་བསྐྱོད་པའི་ཉིན་གཉིས་པ་ཡིན། དར་རྩེ་མདོ་རུ་འབྱོར་ཞིང་ཐང་ཆེན་ཉེ་འགྲམ་གྱི་ཇ་ཁང་ཞིག་ཏུ་ཇ་ཁེར་འཐུང་བྱས་ནས་སྡོད་སྐབས་ཤིག་ལ། རྣ་ལ་གཟན་པའི་གཏམ་ངན་དེ་རླུང་འཚུབ་ཅིག་དང་འདྲ་བར་ངའི་གློ་སྙིང་མཆིན་གསུམ་བར་མེད་དུ་གཡོས་ལ། གློ་བུར་ང་རང་ཧ་ཅང་ཁེར་རྐྱང་དུ་གྱུར། ཆུང་ནས་འདྲིས་ཤིང་འགྲོགས་པའི་གྲོགས་པོ་ཞིག་གློ་བུར་རླངས་འཁོར་དོན་རྐྱེན་གྱིས་འདས་གྲོངས་སུ་གྱུར་སོང་བ་དེས། འཛོམས་པའི་གཉེན་གྲོགས་ནི་དངོས་གནས་ཚོང་འདུས་མགྲོན་པོ་དང་འདྲ་ཞིང་འཕྲུལ་ཆས་ནི་སྐབས་སྐབས་སུ་འུ་ཅག་གི་ཚེ་སྲོག་གི་གཤེད་མ་ཡིན་པའི་ངེས་ཤེས་རྙེད། དེ་བས། དེང་གི་དུས་ནི་ཚེ་སྲོག་ལག་ཟུང་གིས་བསྐྱོར་བའི་དུས་རབས་ཤིག་སྟེ། རླངས་འཁོར་ནི་འུ་ཅག་ལ་དང་ལུང་པ་བརྒལ་བྱེད་ཀྱི། སྐྱ་མོ་ལམ་དུ་བགྲོད་བྱེད་ཀྱི་མེད་དུ་མི་རུང་བའི་འཚོ་བའི་མཐུན་རྐྱེན་ཡག་པོ་ཞིག་ཏུ་ཆགས་ཡོད། ཡིན་ནའང་། རླངས་འཁོར་ནི་ལག་པ་ཐོགས་ཐོགས་ཀུན་གྱིས་ཁ་ལོ་བསྒྱུར་ཆོག་པ་ཞིག་དང་། རྐང་བ་ཡོད་ཚད་ཀུན་གྱིས་སྣུམ་སྒོ་ཕྱེ་ཆོག་པ་ཞིག་མིན་པར། དེ་ལ་ཚད་ལྡན་གྱི་ལག་རྟགས་དང་བྱང་ཆ་ལྡན་པའི་ལག་རྩལ། བློ་ལ་འབྱམས་པའི་རྒྱུན་ཤེས་སོགས་མེད་ན་ཚེ་སྲོག་ནི་སྐད་ཅིག་གི་མགྲོན་པོ་ཇི་བཞིན་རླངས་འཁོར་གྱི་རྩེད་ཆས་འབའ་ཞིག་ཡིན།
དེང་གི་ཆར། མང་པོ་ཞིག་གི་སྣང་ངོར་རྒྱུ་འབྱོར་བ་ཡོད་ན་རླངས་འཁོར་གང་འདོད་དུ་ཉོས་ཆོག་ལ། ཉོས་ནས་གང་འདོད་དུ་རྒྱུག་པ་དེའང་རྒྱུན་ལྡན་ལྟར་སྣང་། དེ་ལྟ་བུའི་གནས་ཚུལ་གྱི་འོག་ཏུ་མི་ཤི་རྟ་འགྱེལ་དང་མ་བུ་ཁ་བྲལ་གྱི་དོན་རྐྱེན་རྒྱུན་མི་ཆད་པར་བྱུང་གིན་འདུག་པས། འདི་ནི་ང་ཚོར་འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་མེད་པ་དང་གཙོ་ཕལ་གྱི་དབྱེ་བ་འབྱེད་པའི་བློ་མིག་ལྡོངས་སོང་བས་རེད།
ང་ཚོས་རྒྱུན་པར་ཉེན་རྟོག་པ་ཡོད་མེད་ལ་ལྟ་བ་ལས་ཚེ་སྲོག་གི་རིན་ཐང་ལ་བསམ་བློ་མི་གཏོང་བར། ཐ་ན་སྐྱོབ་ཐག་རྒྱག་རྒྱུ་ཙམ་ཡང་ཉེན་རྟོག་པའི་རྣམ་འགྱུར་ལ་ལྟ་བཞིན་པ་འདི་ནི་རང་ཉིད་ཉེན་ཁའི་གཡང་དུ་མཆོང་བཞིན་པ་ལས་ཉེན་རྟོག་པར་གྱོང་གང་ཡང་མེད།
ཨ་རག་གི་བཟི་ཁ་བཙན་པོས་འཕྲུལ་སྣང་གི་གཤོག་པ་སྤྲད་དེ་གཡང་དུ་མཆོངས་སོང་བ་མང་ལ། གཏི་མུག་གི་ཡོལ་བ་ནག་པོས་མིག་ཟུང་གི་སྒེའུ་ཁུང་བསྒྲིབས་ཏེ་འཇིག་རྟེན་ལ་གྱེས་ཕྱག་ཕུལ་བ་ཡང་ཡོད། མྱུར་ཚད་ཀྱི་སྣུམ་སྒོ་ཆེན་པོས་བང་རྩལ་གྱི་གོམ་ཁ་འགྲན་ཏེ་ཚེ་སྲོག་གི་རྫ་བུམ་ཆག་པའང་ཡོད་པས། འདི་དག་ཡོད་ཚད་ཀྱིས་ང་ཚོའི་བདེ་འཇགས་ཀྱི་འདུ་ཤེས་དང་ཚེ་སྲོག་ལ་བཟུང་བའི་རྣམ་འགྱུར་མཚོན་ཐུབ།
ལ་ལ་བྲེལ་འཚུབ་ཀྱིས་ལམ་ལ་ཆས་ནས་ཚེ་ཡི་སྐྱོབ་ཐག་རྒྱག་རྒྱུ་བརྗེད་འགྲོ་ལ། ལ་ལ་ཁ་པར་གྱི་འཆར་ངོས་ལ་ཅེར་ནས་སྲོག་གི་གཤེད་མ་ཐོན་པ་མ་ཚོར། འགའ་ཤས་ཁ་བརྡ་དང་གླེང་མོལ་ལ་མགོ་འཁོར་ནས་ལང་ཚོ་ལ་ཆག་གྲུམ་ཤོར་སོང་བ་མང་བས། མི་ལུས་གཡར་མ་འདི་ཡུན་དུ་བརྟན་ཆེད་གཟབ་ནན་གྱིས་ལམ་ལ་ཆས་ཏེ་བདེ་འཇགས་ཀྱིས་དམིགས་སར་འབྱོར་དགོས།

ཀྱེ། གྲོགས་པོ་ལགས། རྒྱུན་པར་ལམ་ལ་ཆས་མ་ཐག་ཏུ་ཚེ་སྲོག་ལག་པས་བསྐྱོར་ནས་འགྲོ་བཞིན་པའི་ཉེན་ཁ་ཡིད་ལ་དྲན་དགོས།




རླུང་གིས་ཁུར་སོང་བའི་སྡོང་ལོ།

(མཚོ་སྔོན་དགེ་ཐོན་སློབ་ཆེན) བཀྲ་ཤིས་མཚོ།






སྡོང་ལོ་ཁ་བ་བཞིན་འབབ་ཀྱིན་པའི་དུས་དེ་ནི་ཏག་ཏག་དགུན་ཟླ་མ་སླེབས་པའི་སྔ་རོལ་ཙམ་རེད། སྡོང་ལོ་དལ་གྱིས་ཐང་ལ་ལྷུང་བ་ཙམ་གྱིས་ཚེ་སྲོག་གི་བཞུར་རྒྱུན་ཞིག་ག་ལེར་ཆད་པ་འདྲ་ལ། ཡང་རྒྱང་རིང་གི་འགྲུལ་བཞུད་ཅིག་ལ་དབུ་ཁྱུད་བྲིས་པ་དང་འདྲ། གང་ལྟར་སྟོན་ཟླ་ནི་གྱེས་བྲལ་གྱི་དུས་ཤིག་ཡིན་པ་ལོ་མ་གཅིག་ཐང་ལ་ལྷུང་བའི་ལྗིད་ཚད་ཀྱིས་མཚོན་པར་ནུས།
འཚོལ་སྙེག་གི་ཕྱིར་དུ་ཕུགས་བསམ་ལ་ནམ་ཡང་གསེར་འོད་འཕྲོ་སྲིད་ནའང་། ཨ་ཁུའི་ཕྱུག་འགྱུར་གྱི་ལམ་བུ་ནི་ནམ་ཡང་ཀྱག་ཀྱོག་གིས་ཁེངས་འདུག་ལ། ཚེ་སྲོག་གི་རྫོགས་ཚིག་ཀྱང་འགྲུལ་བཞུད་ཀྱི་ལམ་བར་ནས་ཕྱུག་འགྱུར་གྱི་ཆེད་དུ་བཀོད། ཨ་ཁུས་འཚབ་འཚུབ་ཀྱི་གཤིས་ཀ་དེས་མཚན་གྱི་སྨག་རུམ་དང་ཚེ་སྲོག་གི་ཉམ་ཆུང་ལ་ཅོ་འདྲི་བསམས་ཡོད་མོད། བཞི་མདོའི་གློག་དམར་གྱི་རིན་ཐང་ལ་སྣང་ཆུང་བྱས་དྲགས་པས། རླངས་འཁོར་གཉིས་ཕར་སྐྱོད་ཚུར་འོང་གི་གཙུབ་བརྡར་ལས་ཨ་ཁུའི་ཉམ་ཆུང་གི་ཚེ་སྲོག་ལ་རང་དབང་ཅི་ཡང་མེད་པར་རླུང་གིས་ཁུར་བའི་སྡོང་ལོ་བཞིན་ཐང་ལ་ལྷུང་།
ཟླ་བཅུ་པའི་མཐོ་སྒང་གི་གྲང་ངར་དེ་བདུད་རྩི་ནས་ཆང་གིས་གཞོམ་དགོས་པའི་དུས་དེར། ཨ་ཁུ་རྒྱང་རིང་ཞིག་ལ་ལས་ཀར་ཕྱིན་ནས་ཕྱིར་རང་ཡུལ་ལ་ལོག་པའི་འགྲུལ་བཞུད་ལ་སྟ་གོན་བྱེད་བཞིན་ཡོད། ཨ་ཁུས་ལས་ཀ་ཐམས་ཅད་ཚགས་སུ་ཆུད་པར་བཟོས་ནས་དགོང་ཇ་ལ་རོལ་མ་ཐག་གློ་བུར་ཙག་རླུང་གིས་ཁོ་ལ་ཆང་འཐུང་འདོད་ཀྱི་འདུན་པ་དྲག་པོ་ཞིག་བྱིན། ལུས་སེམས་ཀྱི་ངལ་བ་དུ་ཆང་ལ་བཅོལ་བའི་མཚན་མོ་དེ་ནི་ཟླ་བ་མར་ངོའི་དུས་ཤིག་ཡིན་ལ། ཆང་ཕོར་བ་གང་འཐུང་ཚར་ལ་ཉེ་དུས་ཕྱི་རོལ་དུ་ཁ་བ་འབབ་ཀྱིན་འདུག ཨ་ཁུས་ཕྱི་ཉིན་གྱི་འགྲུལ་བཞུད་ལ་གནོད་ཨེ་འགྲོར་དོགས་ནས་ལམ་སང་དངོས་པོ་དག་སྣོད་དུ་བཅུག་ནས་ཕ་ཡུལ་ལ་ལོག་པའི་ལམ་ལ་ཆས། ཆང་ཕོར་བ་གང་བོ་དེས་ཨ་ཁུའི་མདུན་སྐྱོད་ཀྱི་གོམ་སྟབས་བསྒྱུར་མ་ཐུབ་པར་ཨ་ཁུའི་མིག་ཟུང་རབ་རིབ་ཏུ་བཏང་ནས་དཀྱོག་འཁོར་གྱི་ཁ་ཕྱོགས་བསྒྱུར་བ་དང་འདྲ་ལ། ཇ་ཡུན་ཙམ་མ་འགོར་བར་ས་དེའི་གྲོང་མཁར་ཞིག་གི་ལམ་གྱི་བཞི་མདོ་ནས་ར་བཟི་བའི་ཕུང་བོ་དེའི་ཟུངས་ཁྲག་ལོ་དེའི་ཁ་བ་དང་ལྷན་དུ་ས་གཞིར་འཐིམས། ཨ་མས་གཏམ་དེ་ཐོས་རྗེས་མོའི་མགོ་རིས་སྔོན་པོ་དེ་མིག་ཆུས་རློན་པར་བཏང་སོང་ལ། རྩེད་ཆས་ཀྱི་རྨི་ལམ་བོར་བའི་ངས་ཀྱང“ཨ་ཁུ”ཞེས་ངུ་འབོད་འགའ་བྱས་པ་ད་དུང་ཡང་ཡིད་ལ་དྲན།
ང་ཚོས་ནམ་ཡང་ཕུགས་བསམ་གྱི་ཆེད་དུ་ཨུ་ཚུགས་བྱས་པས། རྒྱང་རིང་ལས་ཕུགས་བསམ་བོར་འགྲོ་བའི་དུས་ཤིག་ལ་སླེབས་འགྲོ། ཨ་ཁུ་ཡང་དེ་འདྲའི་འགྲུལ་བཞུད་པ་ཞིག་ཡིན། ཁོས་རང་ཉིད་ཀྱི་བདེ་བ་དཀོན་མཆོག་ལ་སྐྱབས་སུ་བཅོལ་ཡོད་ནའང་། མདུན་སྐྱོད་ཀྱི་གོམ་ཁ་རྒྱང་ལ་གཏད་པ་ནས་ཁོས་དབྱར་གྱི་མཛེས་པ་ལ་སྨོན་པ་བྱེད་མ་ཕོད། སེར་ལམ་ལམ་གྱི་སྟོན་མཇུག་དེར་ཨ་ཁུ་བྱ་ཁྲུང་ཁྲུང་བཞིན་ལྷོ་རུ་འཕུར་བ་ནས་བགྲང་བྱ་བཅུ་ཕྲག་འགའི་རིང་ལ་ངེད་ཚང་ན་ཁོ་གླེང་མཁན་ཤིན་ཏུ་ཉུང་། སྐབས་འདིར། ངས་ཀྱང་ཐེངས་དང་པོར་སྦ་གསང་ཅི་ཡང་མེད་པར་ངའི་ཚོར་ཤེས་ཁྲོད་ཀྱི་ཨ་ཁུ་ཁོ་ངོ་སྤྲད་པ་དང་འདྲ། ཨ་ཁུ་སོང་ཤུལ་དུ། ཨ་ཕས་ཚེ་འདིར་ཆང་ཁ་རུ་མི་རེག་པའི་དམ་བཅས་ཤིང་། ཡུན་རིང་ཞིག་ལ་རླངས་འཁོར་ཡང་བསྐོར་མ་བྱུང་། མི་ནི་མ་གཞི་ནས་འདི་འདྲའི་ཨུ་ཚུགས་ཅན་ཞིག་རེད་ཨང་། རྨི་ལམ་ལྟ་བུའི་ཡིད་འོང་མཐའ་དག་བདག་ཏུ་འཛིན་འདོད་པས། རེ་ཞིག་ཡོད་ཚད་ལ་ཨམ་གཙིགས་བསྡམས་སྲིད་ཀྱང་། འབད་པས་སྒྲུབ་པའི་དོན་གང་ཞིག་རང་གི་ཐོག་མའི་བསམ་འདུན་བཞིན་དོན་དང་ལྡན་པར་འགྱུར་རྒྱུ་དེ་ཤིན་ཏུ་དཀའ།

སྟོན་ཟླ་མ་སླེབས་པའི་ཡར་སྔོན་དུ། རིགས་མི་འདྲ་བའི་སེམས་ཅན་གྲངས་མེད་ཅིག་གིས་གནས་འདིར་རྒྱལ་ཕམ་དང་ཐོབ་ཤོར་གྱི་གཏམ་རྒྱུད་མང་པོ་ཞིག་ལ་དབུ་ཁྱུད་འབྲི་ཞིང་། སྟོན་རླུང་དལ་གྱིས་རྒྱུ་བ་དང་ལྷན་དུ་ཡང་སྐོར་ཞིག་གིས་འདུ་འཛོམས་དང་གྱེས་བྲལ་གྱི་འདས་དོན་མང་པོ་ཞིག་ལ་རྫོགས་ཚིག་བཀོད་འགྲོ།ཨ་ཁུ་ཡང་དེ་འདྲ་ཞིག་ཡིན་པར་ངེས་ཏེ། ཁོས་སྟོན་ཀ་དང་ཁ་ཐག་རིང་བའི་རྒྱང་རིང་ཞིག་ནས་ཡང་བསྐྱར་གཏམ་རྒྱུད་གཞན་ཞིག་ལ་དབུ་ཁྱུད་འབྲི་ཡང་སྲིད།




“བརྩམས་ཆོས་སྐུར་ཡུལ”

རྩོམ་སྒྲིག་པའི་སྐད་འཕྲིན་སྦྲེལ་ནས་རྩོམ་ཡིག་བསྐུར་དགོས། བརྩམས་ཆོས་ཀྱི་མཇུག་ཏུ་རུས་མིང་དང་། འབྲེལ་གཏུགས་ཨང་གྲངས། ལས་ཁུངས་སོགས་ཀྱི་མིང་གསལ་པོར་དགོད་དགོས།

འབྲེལ་གཏུག་བྱ་ཡུལ།

སྟོབས་ལྡན་རྒྱལ། 18797366383   

སྐད་འཕྲིན། 610117993

ནམ་མཁའ་ཚེ་རིང་། 18897143623  

སྐད་འཕྲིན། 18897143623



ལག་བསྟར་རྩོམ་སྒྲིག་པ། སངས་བཀྲ།
ལྟ་སྐུལ་བ། སྐལ་བཟང་རྒྱལ།
སྤྱིའི་ལྟ་སྐུལ་བ། ཚེ་དབང་རྡོ་རྗེ།



ཚགས་པར་ཁང་གི་སྡོད་གནས།

མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནུབ་སྲང་ལམ་ཆེན་ཨང79པ།

ཁ་པར།  0971-6312635

སྦྲག་སྲིད།  810008

ཡིག་ཟམ།  qhfzb@aliyun.com


地址:青海省西宁市西关大街79号

电话:0971-6312635

邮编:810008

E_mailqhfzb@aliyun.com

青海藏文法治报
《青海藏文法治报》创刊于1982年,是全国唯一的藏文法制类综合报纸。每周五刊出,以“弘扬法治、关注民生、法眼观象、百姓情怀”为办报理念,分新闻、法治、服务、文学四大板块,内容紧扣涉藏民主法治建设。
 最新文章