སྨད་འཚོང་དང་མགོ་སྐོར་རྐུ་འཕྲོག་སོགས་ཀྱི་གྱོད་དཔེ་ལྔ།

文摘   2024-11-12 19:37   青海  


ཁྲིམས།


མཚོ་སྔོན་སྤྱི་བདེས་བསྟུད་མར་གྱོད་གཞི་མང་པོ་རྩད་ཆོད་པ།

ཉེ་ཆར། གཏེར་ལེན་ཁ་གྲོང་ཁྱེར་སྤྱི་བདེ་ཅུའུ་ཡིས་བསྟུད་མར་ཉེས་དོན་གྱོད་གཞི3དང་སྲིད་འཛིན་གྱོད་གཞི1རྩད་ཆོད་དེ། ཁྲིམས་འགལ་ཉེས་བསགས་མི་སྣ8འཛིན་བཟུང་བྱས་ཤིང་། རིན་ཐང་སྒོར་ཁྲི1.7ལྷག་གི་རྐུ་འཕྲོག་བྱས་པའི་རྒྱུ་དངོས་ཚུར་བླངས་པ་དང་སྒོར་ཁྲི5.6ལག་སོན་བྱུང་།


གྱོད་དཔེ་དང་པོ།

ཟླ10པའི་ཚེས18ཉིན། མངའ་ཁུལ་སྡོད་དམངས་ཀྱི་གྱོད་དོན་སྙན་སེང་འབྱོར་ནས་ཟླ10པའི་ཚེས17ཉིན་གྱི་ཆུ་ཚོད21ཡས་མས་སུ། གནམ་གྲུའི་སྤ་སེ་ཕྱིར་སློག་པའི་ཞབས་ཕྱིའི་དབང་གིས་སྒོར448765ཡི་མགོ་སྐོར་ཐེབས་པས་ཉེན་རྟོག་པ་མངགས་དགོས་པའི་རེ་བ་བཏོན།

གྱོད་དོན་སྙན་སེང་འབྱོར་རྗེས། མི་དམངས་ཉེན་རྟོག་པས་མགོ་སྐོར་བཏང་བའི་ཞིབ་ཕྲའི་གནས་ཚུལ་དང་དངུལ་སྒྱུར་ཟིན་ཐོ་སོགས་ལ་མགྱོགས་མྱུར་ངང་ཞིབ་འཇུག་དང་དབྱེ་ཞིབ་བྱས་པ་བརྒྱུད། ཆ་འཕྲིན་དྲ་རྒྱའི་ཉེས་གསོག་བྱ་སྤྱོད་ལ་རོགས་རམ་བྱས་པའི་ཉེས་བསགས་དོགས་གཞི་ཡོད་པ་ཤེས་རྟོགས་བྱུང་། མྱུལ་ཞིབ་དང་གྲལ་བཤེར་ཞིབ་ཚགས་བྱས་མཐར་ཉེས་བསགས་དོགས་ཡོད་ཉེས་ཅན་ནི་ལི་ཆེ་གེ་མོ་དང་ཤིན་ཆེ་གེ་མོ་གཉིས་ཡིན་པ་གཏན་འཁེལ་བྱས།

ཟླ11པའི་ཚེས3ཉིན། བཀོད་སྒྲིག་ཞིབ་ཚགས་བྱས་པ་བརྒྱུད། ཉེས་བསགས་དོགས་ཡོད་ཉེས་ཅན་ལི་ཆེ་གེ་མོ་དང་ཤིན་ཆེ་གེ་མོ་གཅིག་རྗེས་གཉིས་མཐུད་ངང་འཛིན་བཟུང་བྱས། མིག་སྔར། གྱོད་གཞི་དེར་མུ་མཐུད་དུ་མྱུལ་ཞིབ་བྱེད་བཞིན་ཡོད།
གྱོད་དཔེ་གཉིས་པ།

ཟླ10པའི་ཚེས25ཉིན་གྱི་ཆུ་ཚོད10ཡས་མས་སུ། མངའ་ཁུལ་གྱི་གྲོང་མིས་གྱོད་དོན་སྙན་སེང་ཞུས་ནས་ཅི་ཡིན་འདི་ཡིན་མེད་པའི་གནས་ཚུལ་འོག  སྐད་འཕྲིན་ནང་གི་སྒོར17844.6གར་སོང་ཆ་མེད་དུ་གྱུར་བ་རེད་ཅེས་བཤད་ནས་ཉེན་རྟོག་པར་རེ་ཞུ་བྱས།

གྱོད་དོན་སྙན་སེང་འབྱོར་རྗེས། མི་དམངས་ཉེན་རྟོག་པ་འཕྲལ་མར་ཡུལ་དངོས་སུ་བསྐྱོད་དེ་བརྐུས་ལ་ཤོར་བའི་ཞིབ་ཕྲའི་གནས་ཚུལ་དང་དུས་ཚོད་ལ་དབྱེ་ཞིབ་བྱས་པ་བརྒྱུད། ཉེས་བསགས་དོགས་ཡོད་ཉེས་ཅན་ནི་མཱ་ཆེ་གེ་མོ་དང་ཀྲའོ་ཆེ་གེ་མོ་གཉིས་ཡིན་པ་གཏན་འཁེལ་བྱས།

མི་དམངས་ཉེན་རྟོག་པས་ལེ་དབར་སྟོང་གི་སར་རྗེས་འདེད་བྱས་པ་བརྒྱུད། ཟླ11པའི་ཚེས3ཉིན་ཞིང་ཆེན་གཞན་ནས་ཉེས་བསགས་དོགས་ཡོད་ཉེས་ཅན2འཛིན་བཟུང་བྱས་ཤིང་། འདྲི་ཞིབ་བྱས་པ་བརྒྱུད། དོགས་ཡོད་ཉེས་ཅན་གཉིས་པོས་གཞན་གྱི་སྐད་འཕྲིན་ནང་གི་སྒོར་མོ་བརྐུས་པའི་ཉེས་གསོག་དོན་དངོས་ཁས་བླངས། མིག་སྔར། གྱོད་གཞི་དེར་མུ་མཐུད་དུ་མྱུལ་ཞིབ་བྱེད་བཞིན་ཡོད།
གྱོད་དཔེ་གསུམ་པ།

ཟླ11པའི་ཚེས3ཉིན་ཁུངས་སྣེར་གཞིགས་ན། མངའ་ཁུལ་དུ་གནོད་འཚེ་ཕོག་མཁན་ལ་གློག་འཕྲིན་ཐོག་ནས་མགོ་སྐོར་ཐེབས་བཞིན་ཡོད་པར་མ་ཟད། མ་དངུལ་ཁག་ཅིག་ཕྱིར་བསྐུར་གྲབས་བྱེད་བཞིན་པ་མངོན་ཡོད།

ཁུངས་སྣེ་དེ་འབྱོར་རྗེས། མི་དམངས་ཉེན་རྟོག་པས་འཕྲལ་མར་ཁུངས་སྣེ་དེར་རྗེས་སྙེག་པ་དང་། དུས་ཚོད་སྐར་ཆ་ཙམ་ཡང་བརྩོན་ལེན་གྱིས་བྱ་སྤྱོད་སྤེལ་ཏེ་གནོད་འཚེ་ཕོག་མཁན་རྙེད་རྗེས། མི་དམངས་ཉེན་རྟོག་པས་ངང་རྒྱུད་རིང་པོས་གློག་འཕྲིན་དྲ་རྒྱའི་མགོ་སྐོར་གྱི་རྒྱུན་མཐོང་གི་བྱེད་ཐབས་དང་གནོད་འཚེ་གསལ་བཤད་བྱས་པས། གནོད་འཚེ་ཕོག་མཁན་གྱི་གོ་རྟོགས་སད་ནས་རང་ཉིད་མགོ་སྐོར་གྱི་རྒྱ་རྙིའི་ནང་ཚུད་ཡོད་པ་ཤེས་སུ་བཅུག

མཐར་མི་དམངས་ཉེན་རྟོག་པས་འབད་བརྩོན་ལྷོད་མེད་བྱས་པ་བརྒྱུད། སྒོར་ཁྲི5.6བདེ་བླག་ངང་བཀག་སྟེ་གནོད་འཚེ་ཕོག་མཁན་ལ་དཔལ་འབྱོར་གྱི་གྱོང་གུད་ཚབས་ཆེན་མི་ཕོག་པ་བྱས་པ་རེད།

གྱོད་དཔེ་བཞི་པ།

ཟླ11པའི་ཚེས6ཉིན་གྱི་ཆུ་ཚོད23ཡས་མས་སུ། ཤིན་ཁྲེང་མངགས་གཏོང་ཁང་གིས་དམངས་རོགས་ཉེན་རྟོག་པ་རྩ་འཛུགས་བྱས་ཏེ། ཁྲིམས་ལྟར་མངའ་ཁུལ་གྱི་ལུས་འཁྲུད་ཁང་དང་མགྲོན་ཁང་སོགས་ལ་འཕྲལ་རྒོལ་ཞིབ་བཤེར་བྱེད་སྐབས། མགྲོན་ཁང་ག་གེ་མོ་རུ་སྨད་འཚོང་འཆལ་་སྤྱོད་ཀྱི་ཁྲིམས་འགལ་བྱ་སྤྱོད་སྤེལ་བཞིན་པ་ཤེས་རྟོགས་བྱུང་བས། ཉེན་རྟོག་པས་འཕྲལ་མར་མགྲོན་ཁང་དེར་ཕྱོགས་ཡོངས་ནས་གྲལ་བཤེར་བྱས་ཏེ་ཡུལ་དངོས་སུ་འཆལ་སྤྱོད་ཀྱི་ཁྲིམས་འགལ་བྱ་སྤྱོད་སྤེལ་མཁན་དབྱང་ཆེ་གེ་མོ་དང་ལིའུ་ཆེ་གེ་མོ། སྨད་འཚོང་གི་ཁྲིམས་འགལ་བྱ་སྤྱོད་སྤེལ་མཁན་ཝང་ཆེ་གེ་མོ་དང་ཀྲང་ཆེ་གེ་མོ་བཅས་འཛིན་བཟུང་བྱས།

འདྲི་རྩད་བྱས་པ་བརྒྱུད། ཁྲིམས་འགལ་བྱ་སྤྱོད་སྤེལ་མཁན་བཞི་པོས་རང་ཉིད་ཀྱི་ཁྲིམས་འགལ་དོན་དངོས་སྦ་གསང་མེད་པར་ཁས་བླངས། མི་དམངས་ཉེན་རྟོག་པས་ཁྲིམས་ལྟར་དབྱང་ཆེ་གེ་མོ་དང་ཝང་ཆེ་གེ་མོ་གཉིས་སྲིད་འཛིན་བཀག་ཉར་བྱས་པ་དང་། ལིའུ་ཆེ་གེ་མོ་དང་ཀྲང་ཆེ་གེ་མོ་སོ་སོར་སྒོར500ཡི་སྲིད་འཛིན་ཆད་པ་བཅད།
གྱོད་དཔེ་ལྔ་པ།

ཟླ11པའི་ཚེས7ཉིན། འབྲེལ་ཡོད་ཁུངས་སྣེ་ཞིག་འབྱོར་ནས་མི་ཞིག་གིས་ཉེན་རྟོག་པར་བརྫུས་ནས་མགོ་སྐོར་གཏོང་བཞིན་ཡོད་ཅེས་བཤད་པས། སྤྱི་བདེ་ཅུའུ་ཡིས་འཕྲལ་མར་ཉེན་རྟོག་པ་རྩ་འཛུགས་བྱས་ཏེ་བརྟག་དཔྱད་དང་གྲལ་བཤེར་ཞིབ་ཚགས་བྱས་ཤིང་། ཉེས་བསགས་དོགས་ཡོད་ཉེས་ཅན་གྱི་བྱ་སྤྱོད་སྤེལ་ཕྱོགས་དང་ཉེས་གསོག་བྱེད་ཐབས་ཕྱོགས་ཡོངས་ནས་ཁོང་དུ་ཆུད་པར་བྱས།

བརྟག་དཔྱད་བྱས་པ་བརྒྱུད། ཉེས་བསགས་དོགས་ཡོད་ཉེས་ཅན་ཀྲང་ཆེ་གེ་མོས་སྤྱི་བདེ་མི་དམངས་ཉེན་རྟོག་པར་བརྫུས་ཏེ། ཆང་འཐུང་ནས་རླངས་འཁོར་སྐོར་མཁན་འགས་ཆད་པ་གཅོད་པར་སྐྲག་སྣང་བྱེད་པ་དང་། རང་ཉིད་ཀྱིས་རོགས་བྱེད་ཐུབ་ཅེས་རྫུན་བཤད་པ་དང་འབྲེལ། གནོད་འཚེ་ཕོག་མཁན་ཝང་ཆེ་གེ་མོའི་ལག་ནས་སྒོར་ཁྲི13ལྷག་བླངས།

ཉིན་དེར། ཉེས་བསགས་དོགས་ཡོད་ཉེས་ཅན་ཀྲང་ཆེ་གེ་མོ་མི་དམངས་ཉེན་རྟོག་པས་གྲུབ་འབྲས་ཐོབ་པའི་ངང་འཛིན་བཟུང་བྱས་ཤིང་ཁྲིམས་ལྟར་ཉེས་དོན་བཙན་ཤེད་ཀྱི་བྱེད་ཐབས་སྤྱད་པ་རེད། མིག་སྔར། གྱོད་གཞི་དེར་མུ་མཐུད་དུ་མྱུལ་ཞིབ་བྱེད་བཞིན་ཡོད།


སངས་བཀྲ་ཡིས་བསྒྱུར།


ལག་བསྟར་རྩོམ་སྒྲིག་པ། སངས་བཀྲ།


ལྟ་སྐུལ་བ། སྐལ་བཟང་རྒྱལ།


སྤྱིའི་ལྟ་སྐུལ་བ། ཚེ་དབང་རྡོ་རྗེ།




ཚགས་པར་ཁང་གི་སྡོད་གནས།

མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནུབ་སྲང་ལམ་ཆེན་ཨང79པ།

ཁ་པར།  0971-6312635

སྦྲག་སྲིད།  810008

ཡིག་ཟམ།  qhfzb@aliyun.com


地址:青海省西宁市西关大街79号

电话:0971-6312635

邮编:810008

E_mailqhfzb@aliyun.com

青海藏文法治报
《青海藏文法治报》创刊于1982年,是全国唯一的藏文法制类综合报纸。每周五刊出,以“弘扬法治、关注民生、法眼观象、百姓情怀”为办报理念,分新闻、法治、服务、文学四大板块,内容紧扣涉藏民主法治建设。
 最新文章