སྡེ་དམངས་ཨུ་ཡོན་ལྷན་ཁང་ལ་ཁག་ཐེག་འགན་འཁྲི་ཡོད་དམ།

文摘   2024-11-15 14:17   青海  



ཁྲིམས།


སྡེ་དམངས་ཨུ་ཡོན་ལྷན་ཁང་ལ་ཁག་ཐེག་འགན་འཁྲི་ཡོད་དམ།

བློ་མཐུན་རྩོམ་སྒྲིག་པ་ལགས།
2020ལོའི་ཟླ4པའི་ཚེས2ཉིན། གཡང་ལུང་སྡེ་བའི་སྡེ་མི་བཀྲ་ཤིས་ཀྱིས་རང་གི་མིང་ཐོག་ནས་ཀུང་སི་ཞིག་ལ་སྒོར་ཁྲི20ཕར་བསྐྱིས་ཤིང་། ཕྱོགས་གཉིས་ཀས《བསྐྱིས་སྒོར་གྲོས་མཐུན་ཡི་གེའི》སྟེང་མིང་རྟགས་བཀོད་དེ་དུས་ཡུན་དང་སྐྱེད་ཀ་སོགས་ལ་ཁ་ཆད་བྱས་པ་དང་སྦྲགས། གསེར་ལུང་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་སྒོར་བསྐྱིས་པར་ཁག་ཐེག་བྱ་རྒྱུའི་ཁས་བླངས། གྲོས་མཐུན་ཁག་ཐེག་པའི་མིང་འགོད་སར་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གྱིས་མིང་རྟགས་བཀོད་པར་མ་ཟད་སྡེ་དམངས་ཨུ་ཡོན་ལྷན་ཁང་གི་གཞུང་ཐམ་ཡང་བརྒྱབ་པ་རེད། གྲོས་མཐུན་བཞག་རྗེས། སྒོར་བདག་བཀྲ་ཤིས་ཀྱིས་གྲོས་མཐུན་ལྟར་ཀུང་སི་དེ་གར་སྒོར་ཁྲི20རྩིས་སྤྲོད་བྱས། ཕྱིས་སུ་བསྐྱིས་སྒོར་དུས་ཡུན་ལོངས་རྗེས། ཀུང་སི་དེ་གས་གྲོས་མཐུན་གྱི་དུས་ཆད་ལྟར་བསྐྱིས་སྒོར་ཕྱིར་སྟེར་མ་ཐུབ་པས། སྒོར་བདག་བཀྲ་ཤིས་ཀྱིས་ཀུང་སི་དེ་ག་དང་བར་འདུག་མཁན་ཏེ་སྡེ་དམངས་ཨུ་ཡོན་ལྷན་ཁང་གཉིས་ཁྲིམས་ཁང་ལ་ཞུ་གཏུག་བྱས་ཏེ། ཀུང་སི་དེ་གས་བསྐྱིས་སྒོར་ཁྲི20དང་དེའི་སྐྱེད་ཀ་ཕྱིར་སྟེར་དགོས་པར་མ་ཟད། ཁག་ཐེག་མཁན་ཏེ་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་བསྐྱིས་སྒོར་ལ་ཁྲིམས་ལྟར་ཁག་ཐེག་འགན་འཁྲི་འཁུར་དགོས་པའི་རེ་བ་བཏོན། འདིར་ཁྱེད་བཅའ་ཁྲིམས་བློ་སྟོན་ཁང་ལ་དྲི་རྒྱུ་ཞིག་ཡོད་པ་ནི་བཀྲ་ཤིས་ཀྱིས་ཁྲིམས་ཁང་ལ་དེ་ལྟར་ཞུ་གཏུག་བྱས་ཆོག་གམ།
ཞེས་འབུམ་སྐྱབས་ཀྱིས།
བློ་མཐུན་འབུམ་སྐྱབས་ལགས།
རང་རྒྱལ་གྱི《སྡེ་དམངས་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་བཅའ་ཁྲིམས》ཀྱི་དོན་ཚན24པའི་ཚན་པ1པོའི་ནང་གསེས་དོན་ཚན7པ་དང8པའི་གཏན་འཁེལ་ལྟར་ན། “སྡེ་དམངས་ཀྱི་ཁེ་ཕན་དང་འབྲེལ་བའི་ས་ཞིང་བསྡུ་ལེན་བྱེད་པའི་ཁ་གསབ་མ་དངུལ་བེད་སྤྱོད་དང་བགོ་བཤའི་ཇུས་གཞི། དེ་བཞིན་སྒོར་བསྐྱི་བ་དང་གཞན་པའི་བྱེད་ཐབས་སྤྱད་དེ་སྡེ་བ་ཐུན་མོང་གི་རྒྱུ་ནོར་ཐག་གཅོད་བྱེད་པའམ་གླ་གཏོང་བྱེད་ན། སྡེ་དམངས་གྲོས་ཚོགས་ཀྱིས་གྲོས་སྡུར་བྱས་ནས་ཐག་གཅོད་བྱེད་པ་དང་སྡེ་དམངས་གྲོས་ཚོགས་ཀྱིས་སྡེ་དམངས་འཐུས་མིའི་གྲོས་ཚོགས་ལ་དབང་ཆ་སྤྲད་དེ་གྲོས་སྡུར་བྱས་ནས་ཐག་བཅད་རྗེས་ད་གཟོད་འགྲོ་ལུགས་བསྒྲུབ་ཆོག གྱོད་དོན་འདིའི་ཁྲོད་དུ། བཀྲ་ཤིས་ཀྱིས་མི་སྒེར་གྱི་མ་དངུལ་ཀུང་སི་དེ་གར་བསྐྱིས་པར་མ་ཟད། མ་དངུལ་དངོས་སུ་ཀུང་སི་དེ་གར་རྩིས་སྤྲོད་ཀྱང་བྱས་ཡོད་པས། ཕྱོགས་གཉིས་བར་གྱི་བསྐྱིས་སྒོར་གན་རྒྱ་ཁྲིམས་ལྟར་གྲུབ་ཡོད་པའི་ཁར་ནུས་ལྡན་ཡང་ཡིན་སྟབས། ཁྲིམས་ཁང་གིས་བཀྲ་ཤིས་ཀྱིས་བཏོན་པའི་ཀུང་སི་དེ་གས་ཕྱིར་བསྐྱིས་སྒོར་དང་སྐྱེད་ཀ་སྤྲད་དགོས་པའི་ཞུ་གཏུག་རེ་འདུན་ལ་རྒྱབ་སྐྱོར་བྱེད་པ་ཡིན། སྡེ་དམངས་ཨུ་ཡོན་ལྷན་ཁང་གི་ཁག་ཐེག་འགན་འཁྲི་འཁུར་དགོས་མིན་སྐོར་ལ། སྡེ་དམངས་ཐུན་མོང་གི་རྒྱུ་ནོར་སྤྱད་དེ་ཁག་ཐེག་བྱས་པ་ནི་ཐུན་མོང་གི་རྒྱུ་ནོར་ཐག་གཅོད་བྱས་པའི་བྱ་སྤྱོད་ཅིག་ཡིན་སྟབས། སྡེ་དམངས་ཨུ་ཡོན་ལྷན་ཁང་དང་དེའི་འགན་འཁུར་མཁན་རྐྱང་རྐྱང་གིས་ཐག་གཅོད་ཐུབ་པ་ཞིག་གཏན་ནས་མིན་པ་དང་། ཁྲིམས་ལྟར་སྡེ་དམངས་གྲོས་ཚོགས་དང་སྡེ་དམངས་གྲོས་ཚོགས་ཀྱིས་དབང་སྤྲད་པའི་སྡེ་དམངས་འཐུས་མིའི་གྲོས་ཚོགས་ཀྱིས་གྲོས་སྡུར་བྱས་ཏེ་ཐག་གཅད་དགོས། གྱོད་དོན་འདིའི་ནང་གི་ཁག་ཐེག་མཁན་ཏེ་གསེར་ལུང་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་ཐུན་མོང་གི་རྒྱུ་ནོར་སྤྱད་དེ་ཀུང་སིའི་བུ་ལོན་ལ་ཁག་ཐེག་བྱས་པའི་གྲོས་ཆོད་ནི། སྡེ་བ་དེ་གའི་སྡེ་དམངས་གྲོས་ཚོགས་ཀྱིས་གྲོས་སྡུར་བྱས་ནས་ཐག་བཅད་མེད་ལ། སྡེ་དམངས་གྲོས་ཚོགས་ཀྱིས་དབང་ཆ་སྤྲད་པའི་སྡེ་དམངས་འཐུས་མིའི་གྲོས་ཚོགས་ཀྱིས་ཀྱང་གྲོས་སྡུར་བྱས་མེད་པས། མི་དམངས་ཁྲིམས་ཁང་གིས་བསྐྱིས་སྒོར་གྲོས་མཐུན་ཡི་གེ་ཁྲོད་ཀྱི་ཁག་ཐེག་དོན་ཚན་ལ་ཁྲིམས་ནུས་མེད་པར་ངོས་འཛིན་བྱས་པ་དང་། བསྐྱིས་སྒོར་འདིའི་ཁག་ཐེག་གི་འགན་འཁྲི་གྲུབ་མི་སྲིད་ཅིང་། བཀྲ་ཤིས་ཀྱིས་གསེར་ལུང་སྡེ་བའི་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་ཁག་ཐེག་འགན་འཁྲི་འཁུར་དགོས་པའི་ཞུ་གཏུག་རེ་བར་ཁྲིམས་ཁང་གིས་རྒྱབ་སྐྱོར་འཐོབ་མི་སྲིད།
ཅེས་འདི་གའི་བཅའ་ཁྲིམས་བློ་སྟོན་ཁང་གིས།




ལག་བསྟར་རྩོམ་སྒྲིག་པ། མདོ་སྡེ་རྒྱལ།


ལྟ་སྐུལ་བ། སྐལ་བཟང་རྒྱལ།


སྤྱིའི་ལྟ་སྐུལ་བ། ཚེ་དབང་རྡོ་རྗེ།



ཚགས་པར་ཁང་གི་སྡོད་གནས།

མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནུབ་སྲང་ལམ་ཆེན་ཨང79པ།

ཁ་པར།  0971-6312635

སྦྲག་སྲིད།  810008

ཡིག་ཟམ།  qhfzb@aliyun.com


地址:青海省西宁市西关大街79号

电话:0971-6312635

邮编:810008

E_mailqhfzb@aliyun.com

青海藏文法治报
《青海藏文法治报》创刊于1982年,是全国唯一的藏文法制类综合报纸。每周五刊出,以“弘扬法治、关注民生、法眼观象、百姓情怀”为办报理念,分新闻、法治、服务、文学四大板块,内容紧扣涉藏民主法治建设。
 最新文章