“རྨ་གཡང་རྟགས་མའི”ལྷུག་རྩོམ་འགྲན་སྡུར།(44-45)

文摘   2024-11-16 22:54   青海  








བྲང་ལ་བརྡབ་པའི་འཛེར་མ།

—— ཉམ་ཆུང་བུད་མེད་ཅིག་གི་སྡུག་ཡུས་ཁེར་བརྗོད།

(རེབ་གོང) ཁ་དྲག




1
སྙིང་ཉེ། ཁ་པར་ཞིག་བཏང་ཆོག་ན་ཇི་འདྲའི་སྐྱིད་ཨང་།
འཚོ་བ་མུན་པས་བཏུམས་པའི་མོ་སྨན་ང་ལ་མཚོན་ན་འཛུམ་གྱུ་ལེར་འདུ་རར་འགྲོ་བ་ལས། སྡུག་ཀུམ་སེ་རང་ཁྱིམ་དུ་ཁྱེད་ལ་སྒུག་པ་སྐྱིད།
2
ལས་དབང་གི་སྣེ་མོ་ལན་ཆགས་ལ་བཏགས་པའི་འུ་གཉིས་ནི་འཇིག་རྟེན་འདིའི་ཆེས་ཉམ་ཐག་པའི་ཚེ་སྲོག་ཆུང་ཆུང་གཉིས་ཡིན་པས། རེ་བ་དང་ཡིད་ཆེས། སྤོབས་པ་ཁོ་ནས་ད་གཟོད་ངེད་གཉིས་ལ་འོད་སྣང་རེ་སྦྱིན་པ་ལས་བྱམས་ལྡན་སུས་ཀྱང་གཟིགས་སྐྱོང་ཐོབ་མ་མྱོང……
ཚེ་འདུན་མཉམ་འདུག་ལ་ཕ་མའི་བཀའ་ངག་མ་འཁྲོལ་བར་ལོ་ཟླ་ཕྱིན་ཤུལ་དུ་དགའ་འོས་པའི་བཀྲ་ཤིས་གཉེན་སྒྲིག་གི་ཉིན་མོ་དེའི་མཚན་མོའང་སྡུག་ཧུབ་དཀར་ཡོལ་བཀང་ལ་ལྗིབས་དགོས་བྱུང་།
3
མི་ཚོས་བཤད་ན་ཁྱེད་རང་བཀག་ཉར་གྱི་ལོ་ཟླ་དེ་རྒྱུན་ལྡན་དང་བསྡུར་ན་ཡང་ཤོས་སུ་གཏོགས་པས། གོང་ནས་ཀྱང་སྐྱོ་བའི་སེམས་རྩ་གཉོམ་པའི་ང་རང་ལ་སྙིང་རྗེ་ཞིག་བསྒོམ་པ་འདྲ་ཡང་། མི་ཁ་དང་ཁེར་རྐྱང་། འཇིགས་སྣང་ཁྲོད་དུ་ལུས་པའི་ཕྲན་ལ་མཚོན་ན་དེ་ཡང་ཚེ་སྟོད་ཅིག་གི་རིང་ཡིན་པ་འདྲ།
4
ཁྱེད་ལའང་ཅི་ཁག ཕ་མས་གནང་བ་མ་ཐོབ་དེ་ཐོབ་ཀྱིས་མཉམ་འདུག་གི་སྐལ་བ་ཙམ་རེག་པས་དགའ་སྤྲོའི་ཚོད་མ་ཟིན་པར་ཨ་རག་ཅུང་ཙམ་འཐུང་ནས་རླངས་འཁོར་བསྐོར་བས། དེང་སང་གི“ལུག་རྒྱལ་སྐར་མ་སྟོང་ལྡན”དུ་གྲགས་པའི་གཞན་གྱི་མ་ལུག་བཅུ་གཉིས་གསོད་གཅིར་བྱས་རྗེས། གཅིག་ནས་རང་ལ་ཁ་ལོ་བའི་ལག་རྟགས་མེད་པས་འཚབ་སྣང་དང་གཉིས་ནས་ཁྱིམ་གྱི་མགྲོན་གཉེར་ལ་བྲེལ་སྣང་སྐྱེས་པས། བྲོས་བྱོལ་ལྟ་བུ་ཞིག་བྱས་པ་དེས། ཅུང་ཙམ་ནས་རྒྱུ་བདག་གི་སྙིང་རླུང་སྟོད་ལ་འཚངས་ཏེ་གོང་གཏུག་བྱས་པས། ཆག་སྒོ་ཆེན་པོ་ཞིག་དགུན་དར་ཙག་གིས་བཀད་པ་ལྟར་བདག་གི་སྙིང་ཁ་ནས་གས་ཏེ་ཁྱེད་ཀྱི་བྲང་གཞུང་ལ་སླེབས། སྤྱིར་ན་ལུག་འགའ་ཡིན་པས་ཉེས་པ་ཆེ་ཤོས་སུ་མིན་སྣང་འཆར་མོད། ཡིན་ན་ཡང་ཁྲིམས་དང་རྒྱུ་བདག་གི་ངོས་ནས་བཤད་ན་དེ་ཡང་སྤྱི་མཐུན་ལུགས་མཐུན་ཞིག་ཡིན་པས། ཁྱེད་ཀྱིས་ལོ་ཟླ་ཁ་ཤས་མུན་ཁྲོད་དུ་བསྐྱལ་དགོས་བྱུང་།
5
ཁྱེད་རང་མེད་ཤུལ་དུ་ང་རང་བསམ་བློ་གཏང་རྒྱུར་གོམས། བག་ཁང་སོ་མའི་ནང་གི་ཉལ་ཁྲི་འཁྱག་པ་འདིའི་སྟེང་ནས་ཞིབ་འདང་ཞིག་རྒྱབ་ན། ང་ཚོས་ནམ་ཡང་བཤད་རྗེས་དང་འོལ་ཚོད་བྱས་ནས་འདུག་མི་རུང་བར་ངེས་པར་བདེན་ཐུབ་དང་ཚད་ལྡན་ཡིན་པའི་འཚོ་བའི་ཁ་ཕྱོགས་འཚོལ་དགོས་སྙམ་ཞིང་། ཁྱེད་ཀྱི་ནོར་འཁྲུལ་ལྟ་བུ་དེ་ཡང་བསྐྱར་མི་འབྱུང་སླད། ཞོགས་པ་ཁ་ཤས་གྲང་ངར་ཁྲོད་བསྐྱལ་ནས་ལག་རྟགས་ལེན་དུ་སོང་ཞིང་། མཚན་མོ་རེ་ཟུང་ལ་ཡིག་ཆུང་ཐུར་འདེད་བྱས་པས། བཤད་རྒྱུན་དུ་ཤིན་ཏུ་དཀའ་བར་གྲགས་པའི་ཁ་ལོ་བའི་ལག་རྟགས་དེ། ཧ་ཅང་ལས་སླ་མོའི་ངང་ནས་བླངས་ཟིན་པས། སྙིང་ཉེ། ཁྱེད་ཀྱིས་ཀྱང་གཞན་གྱི་བཤད་ཡམས་དེར་མི་ཉན་པར། སྔ་མོ་ནས་ལག་རྟགས་བླངས་ཡོད་ན་དོན་དག་འདི་ག་ལ་འབྱུང་སྲིད། རྒྱུ་མཚན་ནི་ཁ་ལོ་བའི་ཡིག་རྒྱུགས་ནང་ན་ཏག་ཏག་ཁྱེད་ཀྱིས་བཟོས་པའི་ནོར་འཁྲུལ་དེ་ཉེས་པ་ཚབས་ཆེན་ཡིན་ཚུལ་གསལ་པོར་བྲིས་ཡོད་པས། གལ་ཏེ་རིག་པའི་མེ་སྟག་མཆེད་པའི་ཁྱེད་ཀྱིས་ཀྱང་འདི་སྦྱངས་ཡོད་ན་ད་རེས་ཀྱི་ལམ་ལྷུང་འདི་གཏན་ནས་ཐེབས་མི་སྲིད།
ཨ་ཤུ་རེ། ད་ལྟ་སྔོན་སོང་ལ་ཕྱིར་ལྟ་བྱས་ནས་མ་འོངས་པར་དྲང་ལམ་འཚོལ་བ་ལས། དུས་ཚོད་ལ་ཕྱིར་བསྣུར་མེད་པ་དེས་ང་ཚོ་ལ་ཀུ་ཡངས་གཏོང་མི་སྲིད།
6
སྙིང་ཉེ། ད་ནི་སྒུག་ཡུན་རིང་ན་རིང་དུ་ཆུགས། བདག་གི་སེམས་ན་རྒུན་ཆང་ལས་མངར་བའི་རེ་སྨོན་ཡོད་པས། འུ་གཉིས་ཀྱི་བརྩེ་དུང་ལ་མ་ཤི་གསོན་བྲལ་ཙམ་གྱིས་ག་ལ་གནོད་སྲིད།
སྙིང་ཉེ། ཁྱེད་ཀྱི་བདག་གི་ཕྱོགས་ལ་སེམས་ཁུར་མ་གནང་། ང་རང་མྱི་ཁར་མི་སྐྲག  གཞན་ལ་མཚོན་ན་མྱི་ཁ་ནི་ཚེར་མའི་རྩུབ་ཡིན་རུང་ང་ལ་མཚོན་ན་བལ་གྱི་འཇམ་ཡིན་པས། བདུད་མོ་དང་སྣ་ནག་མ། འདྲེ་མོ་ཟེར་བ་ཙམ་གྱིས་ངའི་རང་ཚུགས་ལ་ཅི་ཡང་མི་གནོད་པར། བརྩེ་བའི་རྒྱལ་སྲས་ཁྱེད་ཀྱི་སེམས་ན་དོན་གྱི་ལྷ་མོ་ཡིན་པ་དེས་ཆོག་གོ །
7
སྙིང་ཉེ། ད་ནི་ལྷན་འཛོམས་ལ་ཐག་མི་རིང་། དྲུག་པའི་ལྷ་ཟླ་ཤར་ན། ངས་རང་ལུས་པདྨ་འདྲ་བོ་གོས་ཀྱིས་བཏུམས་ཤིང་འཇེབ་འཁོར་ཆུ་ཤེལ་འདྲ་བོར་འོད་ཀྱིས་སྤྲས་ནས་ཁྱེད་རང་བསུ་རུ་ཡོང་ན། ཁྱེད་ཀྱིས་ཞལ་ངོ་དུང་ཟླ་འདྲ་བོར་འཛུམ་གྱིས་བརྒྱན་ནས་སྐད་ངག་མགུར་མ་འདྲ་བོས་ཚིག་ཅིག་ཤོད་དང་། དྲན་པའི་བྲང་ཁར་བརླན་ནས་སྐེ་འཇུ་ཞིག་དང་གདུང་བའི་མཆུ་འདབ་གཡོ་བཞིན་སྦྲང་རྩི་འཐུངས་རྗེས། ལག་ཟུང་དམ་དུ་སྦྲེལ་ནས་འཚོ་བ་གསར་པའི་ལམ་དུ་བསྐྱོད་ཆོག དེ་དུས་ཁྱེད་ནི་འཚོ་བའི་ཁ་ལོ་བ་དང་ང་ནི་རླངས་འཁོར་ཁ་ལོ་བ་བྱས་ཆོག




ལམ་ལུང་ཉག་ག

(ཐེམ་ཆེན) བོང་སྟག་ལྷག་ག





ལོ་ན་བརྒྱད་ལ་སོན་པའི་ལོ་དེར། ངས་ལམ་ལུང་ཉག་ག་ནས་རྡོ་རིང་མདོ་ལ་འཐེན་པའི་ལམ་ཕྲན་དེ་མིག་གིས་འཚོས་ཤིང་སེམས་ཀྱིས་ཉན་ནས་བསྡད་པ་ཡིན། ཉག་ལམ་དེ་ནས་རྟ་ཞོན་ཞིག་འབུད་པར་རེ་སྒུག་བྱས་པ་ཡིན། སྐྱ་མི་ཁ་ཤས་ཉག་ལམ་དེ་ནས་འབུད་རྒྱུ་བྱུང་ན། དེ་ནི་སློབ་གྲྭར་དབྱར་གནང་བཏང་ནས་ཡུལ་ལ་ལོག་པའི་ཕུ་བོ་དང་ཨ་ཅེ་རྣམས་ཡིན་པ་གདོན་མི་ཟ། མི་འགྱངས་པར་ང་རང་ཡང་ལམ་ཕྲན་དེ་བརྒྱུད་ནས་སློབ་གྲྭ་ཟེར་བ་དེ་ལ་འགྲོ་དགོས། ཉག་ལམ་དེ་ནི་དོན་དུ་ཁེར་ལམ་ཞིག་ཡིན། ལན་རེར་ཆར་ཞོད་ཆེ་དུས་སྐྱ་མི་ཡང་ཉག་ག་དེ་བརྒྱུད་ནས་འགྲོ་མི་ཐུབ་པས་ལུང་མདོ་བསྐོར་ནས་རྫོང་མཁར་ལ་འགྲོ་བཞིན་འདུག ཡིན་ན་ཡང་། ལམ་ཐག་ལྡབ་འགྱུར་གྱིས་རིང་ཟེར། དེ་བས། ངས་ཉིན་རྒྱུན་ཉག་ལམ་དེ་ལ་སོ་བ་བྱས་ནས་འདུག་དགོས། ཉག་ལམ་དེ་ནི་ང་རང་ལྷ་ཡུལ་ལྟ་བུའི་སློབ་གྲྭ་ལ་འགྲོ་བའི་འོད་ཀྱི་འཇའ་སྐས་ཡིན།
ཕྱི་ལོར། ལམ་ལུང་ཉག་ག་ནས་འཁོར་ལོ་སྤྲད་པའི་བྱ་ཞིག་རྡུལ་འཚུབ་གཅིག་གིས་སྡེ་བའི་ནང་དུ་འཕུར་འོང་། བྱིས་པ་རྣམས་མཚར་སྣང་དང་འུར་སྒྲ་ཡིས་ཁེངས་ནས་གཤོག་པ་མེད་པའི་བྱ་དེ་ལ་བལྟ་རུ་སོང་བ་ཡིན། མ་གཞི་དེ་ནི་མའོ་ཐོ(འཕྲུལ་རྟ)ཟེར་བ་དེ་ཡིན་འདུག ཨ་ཁུ་སྨུག་ཐོ་ནི་ངེད་ཀྱི་སྡེ་བའི་མའོ་ཐོ(འཕྲུལ་རྟ)ལོངས་སུ་སྤྱོད་མཁན་ཐོག་མ་དེ་ཡིན་པར་མ་ཟད། འཕྲུལ་རྟ་ལམ་ལུང་ཉག་ག་ནས་འཕུད་མཁན་ཐོག་མ་དེ་ཡང་ཡིན་འདུག སྡེ་མི་རྣམས་ཀྱིས་ཨ་ཁུ་སྨུག་ཐོའི་ལག་རྩལ་ལ་ཡིད་སྨོན་དང་བསྟོད་བསྔགས་རབ་ཏུ་བྱེད་ཀྱིན་འདུག
རུ་བ་སྟོན་སར་སྤོར་ཁར། ཉིན་སྣེར་ཞག་མཐུད་ཀྱིས་ཆར་བ་འབབ་མཚམས་མ་ཆད། ཨ་མས་བདུན་པའི་སྨུག་གེ་ཞག་བདུན་ཞེས་པ་འདིའོ་སྨྲ། བདུན་པའི་སྨུག་གེ་ཞག་བདུན་མ་དེངས་པའི་བར་ལ་ཨ་ཁུ་སྨུག་ཐོ་དང་ཁོའི་མའོ་ཐོ(འཕྲུལ་རྟ)གཤོག་མེད་འཁོར་བྱ་དེ་ལམ་ལུང་ཉག་གའི་གྲོག་ཆེན་དུ་ལྷུང་སོང་ཟེར། སྡེ་དཔོན་གྱིས། བླ་བསང་པོ་དེས་འཕྲུལ་རྟ་བསྐོར་ནས་ལ་གཟར་མོ་གྲོག་ཆེན་དེ་འདྲ་ཞིག་གི་ཁར་འཕུད་དོན་མེད་ཨང་། ད་ནི་ཤུལ་དུ་ལུས་པའི་མ་སྨད་གསུམ་པོ་སྡུག་པ་ལ་ཟེར།
ལོ་དེ་ནས་བཟུང་། ལམ་ལུང་ཉག་ག་ནས་ཕར་ཚུར་ལ་འགྲོ་བའི་སྐྱ་མི་ཇེ་ཉུང་དང་འཕྲུལ་རྟ་ཇེ་མང་རེད། མཚམས་ཤིག་ནས་སྔོན་གྱི་ཁེར་ལམ་དེ་ཟེགས་ལམ་དུ་བསྒྱུར་ཞིང་དེ་ནས་རྡོ་ལམ་དུ་བསྒྱུར། ད་ལྟ་སྣུམ་ལམ་དུ་བསྒྱུར་འདུག དེ་བཞིན་འཕྲུལ་རྟ་ཡང་སྣ་ཚོགས་དར་ཞིང་རིམ་བཞིན་རླངས་འཁོར་མང་པོ་དར་ནས། ད་ལྟ་སྡེ་བའི་ནང་དུ་ཁྱིམ་ཚང་རེ་ལ། མི་གྲངས་དུ་ཡོད་ན་རླངས་འཁོར་དང་འཕྲུལ་རྟ་ཡང་དེ་དང་གྲངས་མཚུངས་པའི་ཚོད་དུ་འདུག
དེ་སྔོན། ལམ་ལུང་ཉག་ག་བརྒྱུད་ནས་འགྲོ་དུས་ངས་ལམ་ཟུར་དུ་སྦྱར་བྱང་མང་པོ་བསླངས་ཡོད་པ་མཐོང་བྱུང་། “ལ་ཐུར་གཟར་བས་དལ་མོ་གྱིས” “ཐུར་ལམ་གུག་དཀྱོགས་མང་བས་གཟབ་གཟབ་བྱོས” “ཆར་བ་འབབ་ཉིན་སྨུག་གློག་བཀར་དགོས” “རླངས་འཁོར་བར་ཐག་གོམ་པ200ཕྱེས་ཤིག” “ཆང་འཐུངས་ནས་རླངས་འཁོར་བསྐོར་མི་ཆོག”སོགས་བསྟུར་མར་མཐོང་།
དེ་ཡང་ལོས་ཡིན། ཨ་ཁུ་སྨུག་ཐོ་བླ་བསང་པོར་འགྲིམ་འགྲུལ་དོན་རྐྱེན་བྱུང་བ་ནས་བཟུང་མི་ལོ་ཉི་ཤུའི་ནང་། ལམ་ལུང་ཉག་ག་ནས་ལོ་རེར་མི་རེ་བརླགས་སོང་ཞེས་སྔོན་ནས་གོ་ཐོས་ཡོད། ཁ་རྒས་དག་གིས་ལམ་ལུང་ཉག་ག་འདི་ས་མི་གཙང་ས་ཞིག་རེད་ཅེས་རྨུ་ཐག་དང་དར་ལྕོག་འཐེན་པ་སོགས་ཀྱི་སྲོལ་བཙུགས། འོན་ཏེ། རྟོག་དཔྱོད་བྱས་པའི་འབྲས་བུར་ལམ་ལུང་ཉག་གའི་འགྲིམ་འགྲུལ་དོན་རྐྱེན་དག་ནི་ཆང་འཐུངས་ནས་རླངས་འཁོར་བསྐོར་བ་དང་། མྱུར་ཚད་མགྱོགས་པས་ཁ་ཤུགས་ལ་མ་འདངས་པ། དུང་བརྡ་མ་བརྒྱབ་པས་མདུན་ངོས་ཀྱི་རླངས་འཁོར་ལ་གདོང་ཐུག་བྱུང་བ་གསུམ་ནི་གཙོ་བོ་རེད་ཟེར།
དུས་རབས་ཀྱི་འགྲོས་མགྱོགས་པོ་འདི་ལ་མི་རྣམས་ཀྱི་འཚོ་བ་དང་འགྲུལ་བཞུད་ཀྱི་འགྲོས་ཀྱང་ཇི་འདྲའི་མགྱོགས་པ་ལ།དེ་བཞིན་ང་ཚོའི་ཚེ་སྲོག་དང་བདེ་སྐྱིད་ཀྱི་འགྲོས་ཀྱང་ཇི་འདྲའི་མགྱོགས་པ་ལ།དེ་བས།ང་རང་མི་ལོ་ཉི་ཤུའི་ཡར་སྔོན་ལ་སླེབས་ན།ངས་སྔར་བཞིན་ལམ་ལུང་ཉག་ག་ནས་འགྲོས་དལ་བའི་སྐྱ་མི་ཞིག་ཨེ་འབུད་ལ་རེ་སྒུག་བྱེད་ངེས་ཡིན།




“བརྩམས་ཆོས་སྐུར་ཡུལ”

རྩོམ་སྒྲིག་པའི་སྐད་འཕྲིན་སྦྲེལ་ནས་རྩོམ་ཡིག་བསྐུར་དགོས། བརྩམས་ཆོས་ཀྱི་མཇུག་ཏུ་རུས་མིང་དང་། འབྲེལ་གཏུགས་ཨང་གྲངས། ལས་ཁུངས་སོགས་ཀྱི་མིང་གསལ་པོར་དགོད་དགོས།

འབྲེལ་གཏུག་བྱ་ཡུལ།

སྟོབས་ལྡན་རྒྱལ། 18797366383   

སྐད་འཕྲིན། 610117993

ནམ་མཁའ་ཚེ་རིང་། 18897143623  

སྐད་འཕྲིན། 18897143623



ལག་བསྟར་རྩོམ་སྒྲིག་པ། སངས་བཀྲ།
ལྟ་སྐུལ་བ། སྐལ་བཟང་རྒྱལ།
སྤྱིའི་ལྟ་སྐུལ་བ། ཚེ་དབང་རྡོ་རྗེ།



ཚགས་པར་ཁང་གི་སྡོད་གནས།

མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནུབ་སྲང་ལམ་ཆེན་ཨང79པ།

ཁ་པར།  0971-6312635

སྦྲག་སྲིད།  810008

ཡིག་ཟམ།  qhfzb@aliyun.com


地址:青海省西宁市西关大街79号

电话:0971-6312635

邮编:810008

E_mailqhfzb@aliyun.com

青海藏文法治报
《青海藏文法治报》创刊于1982年,是全国唯一的藏文法制类综合报纸。每周五刊出,以“弘扬法治、关注民生、法眼观象、百姓情怀”为办报理念,分新闻、法治、服务、文学四大板块,内容紧扣涉藏民主法治建设。
 最新文章