“རྨ་གཡང་རྟགས་མའི”ལྷུག་རྩོམ་འགྲན་སྡུར།(40-41)

文摘   2024-11-02 11:12   青海  








དུས་ཚོད་དང་ཚེ་སྲོག

(རྨ་ལྷོ) བཀྲ་ཤིས་རྒྱལ།




ན་ནིང་གི་ཟླ་བཅུ་གཅིག་པའི་ནངས་མོ་ཞིག་ལ། ང་རང་ལས་ཚོགས་ལ་ཅུང་ཟད་འཕྱིས་དྲགས་པས། ཁ་ངོ་གཙང་མ་ཞིག་ཀྱང་བཀྲུ་ཁོམ་མ་བྱུང་བར་བྱ་འཕུར་བ་ལྟར་རླངས་འཁོར་བསྐོར་ཏེ་ངེད་ཀྱི་ལས་ཁུངས་འདབས་རོལ་དུ་ཡོད་པའི་རྒྱལ་ལམ་བཞི་མདོར་སླེབས། སྐར་ཆ་ལྔ་ལས་མེད་པའི་གློག་ལྗང་དེས་ང་ལ་ཉེན་བརྡ་གང་ཞིག་སྟོན་བཞིན་མཆིས། ངས་དེ་ལ་ཁ་ཡ་སྤུ་ཙམ་ཡང་མ་བྱས་པར་སྣུམ་སྒོ་ཤུགས་ཀྱིས་མནན་ཏེ་ཤར་མར་བརྒྱུགས་པ་ཡིན། ང་རང་ཕ་གིར་མ་སླེབས་གོང་གློག་དམར་ཤར་འདུག་ལ། གར་ཡོང་ཆ་མི་འཚལ་བའི་མྱུར་སྐྱེལ་བ་ཞིག་གིས་གློག་སྒུལ་འཕྲུལ་རྟ་ཞིག་ཞོན་ཏེ་ངའི་མདུན་སར་གློ་བུར་མངོན། ངེད་གཉིས་ནས་དུས་མཉམ་དུ་འཁོར་སྒག་གློ་བུར་མནན་ཡང་ཡོད་ཚད་འཕྱིས་སོང་། སྐག་སྒྲ་དང་བཅས་འཕྲུལ་རྟ་དེས་ངའི་རླངས་འཁོར་གྱི་མདུན་ལ་བརྒྱབ་ཅིང་མི་ཁོ་རང་ངའི་རླངས་འཁོར་གྱི་སྣ་ཁེབས་བརྒྱུད་ཐང་ལ་བརྡབས། ཨ་ཁ་ཁ། ངའི་ཁ་ནང་དུ་གློ་བུར་སྐད་ངན་འདི་འདྲ་ཞིག་ཕྱུང་ཞིང་དངངས་སྐྲག་དང་སེམས་ཁུར་མཉམ་སྐྱེས་ཀྱིས་མྱུར་དུ་རླངས་འཁོར་ལས་བབས། ངས་རྨས་མ་སྐྱོར་ཏེ་ལམ་འགྲམ་དུ་བཞག་རྗེས། ཇི་འདྲ་འདུག་ཅེས་སེམས་འཚབས་ཀྱིས་དྲིས། མི་དེས“ངའི་པུས་མོ། ངའི་སྒྱིད་པ”ཞེས་ཟུག་རྔུ་རྣར་གཟན་པ་ཞིག་བརྒྱབ་བྱུང་། འགྲིམ་འགྲུལ་ཉེན་རྟོག་པའང་འཕྲལ་མར་ངེད་གཉིས་ཀྱི་གམ་ལ་འབྱོར། མི་སྲོག་ལ་སྐྱོན་མེད་པ་ཤེས་རྗེས། རླངས་འཁོར་གྱི་འདུག་གནས་སོགས་པར་ལེན་བཞིན་མཆིས། རྨས་མ་བསྐྱབ་རྒྱུ་གལ་ཆེ་བས། ངས་གླ་འཁོར་ཞིག་གླས་ཏེ་ཁུལ་སྨན་ཁང་དུ་བསྐྱལ།

གནས་སྐབས་ཟི་ལིང་དུ་འཁྱེར་དགོས་མ་བྱུང་བས། ང་ཚོས་ཁུལ་སྨན་ཁང་ནས་དུས་ཐོག་སྨན་བཅོས་བགྱིས། ཉིན་གུང་ཙམ་ལ། རྨས་མའི་ཁྱིམ་མི་ཐོན་ཏེ་ངུ་འབོད་ལྷ་འབོད་བྱས། ངེད་ཀྱི་ཁྱིམ་མི་འགའ་ཡང་ཐོན་ཏེ་ལེ་བདའ་དང་འཁང་ར་བྱས། ངས་གཞུང་སྒེར་གྱི་འབྲེལ་ཡོད་མིར་རང་སྐྱོན་ངོས་ལེན་བྱས་པར་མ་ཟད། སྐྱིན་ཚབ་འཇལ་བའི་དམ་བཅས། རྨས་མ་སྨན་ཁང་ལས་འབུད་རག་དབར་ངས་གཉོར་སྐྱོང་གང་ལེགས་བྱ་རྒྱུའི་འགན་བླངས།

རྒྱུས་ལོན་བྱུང་བ་ལྟར་ན། རྨས་མ་ཁོ་ནི་ཁུལ་ཐོག་དང་ཁད་ཉེ་བའི་ཧུའེ་རིགས་གྲོང་ཚོ་དེའི་ཡིན་ལ། ཆུང་དུས་ནས་ཕ་མེད་དྭ་ཕྲུག་ཏུ་ལུས་པས་འབྱོར་འཁོས་ཞན་ལ་སྤོ་བོ་དང་སྤོ་མོས་གཉོར་སྐྱོང་བྱས་ཏེ་ནར་སོན་པ་ཞིག་རེད་འདུག ལོ་ན་ཆུང་ཡང་ལས་ལ་བརྩོན་པ་ཞིག་ཏུ་མཐོང་བས་སྙིང་ཉེ་བ་ཞིག་ཀྱང་འདུག དེ་བས།སྨན་ཁང་དུ་སྡོད་ཡུན་རིང་ལ་ངས་རང་གི་ཕུ་ནུ་བཞིན་གཉོར་སྐྱོང་གང་ལེགས་བྱས།

ཟླ་བ་གཉིས་དང་ཉིན་བཅུ་བཞིའི་རྗེས། ཁོ་རང་གཞི་ནས་སངས་དྲག་ཏུ་གྱུར་ཏེ། སྨན་ཁང་ལས་སྒོར་བུད། དེ་དུས། ཁོས་ང་ལ“ཕུ་བོ”ཞེས་འབོད་བཞིན་མཆིས། ཁོའི་ཁྱིམ་མི་དག་གིས་ཀྱང་ངའི་ཁ་ཞེ་གཉིས་མེད་ཀྱི་སྙོར་སྐྱོང་ལ་ཁས་ལེན་གང་ལེགས་བྱས།

སྨན་བཅོས་ཀྱི་འགྲོ་ལུགས་ཡོངས་སུ་བསྒྲུབས་ཚར་རྗེས། ངས་ཁོ་ལ་གློག་སྒུལ་འཕྲུལ་རྟ་གསར་པ་ཞིག་ཀྱང་ཉོས། ཁོ་རང་མྱུར་སྐྱེལ་བ་ཞིག་ཡིན་པས། ཐེངས་འདིའི་རྨས་སྐྱོན་འདི་མྱུར་སྐྱེལ་ཀུང་སིའི་ངོས་ནས་ལས་རྨས་ཀྱི་ཁོངས་སུ་བཞག་སྟེ། ཁོ་ལ་སྐྱིན་ཚབ་གཞལ་ན་འགྲིག་མོད། ཀུང་སིས་ཁོ་རང་གནས་སྐབས་ཀྱི་གླ་སྐྱེལ་བ་ཞིག་ཡིན་ཚུལ་དང་གན་རྒྱ་བཞག་མེད་ཚུལ་ལབ་པས། དེའི་སྐོར་ནས་ཁྲིམས་མཐུན་གྱི་ཁེ་དབང་བརྩོན་ལེན་བྱེད་མ་ཐུབ།

དེ་བས། ཁོའི་ཟླ་གཉིས་ཀྱི་ཡོང་སྒོའི་ཐད་ནས་ཀྱང་འཚོ་བའི་ཁ་གསབ་ལྟ་བུ་ཞིག་སྟེར་དགོས་སྙམ་སྟེ་དེ་ལྟར་བཤད་པར། ཁོ་དང་ཁོའི་ཁྱིམ་མི་ཡོད་དོ་ཅོག་ནས་མི་དགོས་པའི་ཚུལ་ནན་གྱིས་བསྟན། སྨྲ་ར་དུང་ལྟར་དཀར་བའི་སྤོ་བོ་བགྲེས་སོང་དེས་ངའི་ལག་མགོར་ལག་པ་བཞག་ནས། “ཁྱོད་ཀྱིས་ངའི་ཚ་བོ་འདིར་འགན་ཡག་པོ་འཁུར་སོང་། དོན་རྐྱེན་འདིའང་ཁྱོད་གཅིག་པུས་བསླངས་པ་ཞིག་ག་ལ་ཡིན། ཁྱོད་ལ་འོ་བརྒྱལ་ཆེན་པོ་གཏད་སོང་། ད་གསབ་དངུལ་ཞིག་ལེན་སྲོལ་གང་ན་ཡོད། བོད་དང་ཧུའེ་རིགས་གཉིས་ས་འདིའི་ཁྱིམ་མཚེས་ཡིན་ལ། སྤུན་ཟླ་མི་རིགས་ཀྱང་ཡིན། བསམ་གཟས་ནས་འོས་མེད་བཅའ་སྲོལ་ཞིག་གང་ན་ཡོད”ཅེས་ཡང་ཡང་ཟློ་བར་བྱེད།

འགྲིམ་འགྲུལ་དོན་རྐྱེན་ཆུང་ངུ་འདི་བྱུང་ནས་ལོ་གཅིག་འགོར་ནའང་། འདིས་རྟག་ཏུ་ང་ལ་བདེ་སྲུང་གི་གསལ་འདེབས་ཚ་བོ་ཞིག་བྱེད་བཞིན་ཡོད།

མི་ཚེ་ཐུང་ཐུང་ལ་ཚེ་སྲོག་གཅིག་མ་གཏོགས་མེད་པས། ང་ཚོས་འདི་ལ་མི་གཅེས་གང་ལ་གཅེས། ཁ་ལོ་བའི་འཛིན་ཡིག་ནི་ཟླ་བ་གཅིག་གཉིས་ཀྱི་དོན་དག་ཅིག་ཡིན་མོད། རླངས་འཁོར་གྱི་བདེ་འཇགས་ནི་ཚེ་གང་གི་དོན་དག་ཅིག་རེད། དེ་བས། ཁྱོད་རང་འཕྲུལ་འཁོར་གྱི་ཁ་ལོ་བ་ཞིག་བྱས་པ་ནས། འཇིག་རྟེན་གྱི་དོན་དག་ཆེས་ཆེ་ཤོས་འགྲིམ་འགྲུལ་བདེ་འཇགས་ཀྱི་འགན་འཁྲི་དེ་རང་གི་ཕྲག་སྟེང་ལ་དབབ་ཡོད་པ་ཤེས་པར་གྱིས་ཤིག




ས་སྐྱ་མོ་དམར་མོ།

(དྷི་ཚ) གངས་ཤར།






སྐྱ་མོ་དམར་མོ་ནི་ང་ཚོའི་སེམས་ནང་དུ་ཧ་ཅང་ཐག་རིང་ཞིག་དང་། ཡང་ན་ཐག་ཉེ་ཞིག་ཀྱང་ཡིན་ཆོག་ལ། མཚོ་ངོས་ནས་མཐོ་ཚད་སྨི་བཞི་སྟོང་ཡས་མས་སུ་འདུག་པའི་མཚོ་སྔོན་གྱི་མཐོ་སྒང་ཁོངས་སུ་གཏོགས། འདིའི་ས་བབ་ནི་ཤིན་ཏུ་རྩུབ་ས་ཡིན་པས་མི་མེད་དབེན་ས་རུ་གྱུར་བའི་ལོ་ཟླ་ཡང་མང་པོ་ཡོད་ལ། མིའི་འཚོ་གནས་ཀྱི་དཀའ་ཁག་ཤིན་ཏུ་ཆེ་བ་དང་། བདེ་མོ་ལམ་གྱིས་བསྐྱུར་ཞིང་ཡངས་མོ་ཐང་གིས་སྟོང་བའི་ས་ཁ་རིབ་ཁོངས་རིབ་ཅིག་ཡིན་ཞེས་ཀྱང་བཤད་ཆོག་མོད། དོན་ལ་ས་ཐག་རིང་སྐད་ཆ་རྣ། མགོ་ཞྭ་དཀར་གྲིབ་མ་མཐའ། ཟེར་བ་ལྟར་སྐྱ་མོ་དམར་མོ་ནི་རང་ག་བ་ཞིག་དང་མི་མཚུངས་སོ། །
དམངས་ཁྲོད་དུ་སྐྱ་མོ་དམར་མོ་ནི་ཧ་ཅང་སྙན་པའི་ལྷ་སྒྲུང་མང་ས། ཡང་ན་ལོ་རྒྱུས་རབ་རིབ་དང་ངག་སྒྲོས་ཐན་ཐུན་གྱིས་བཞེངས་པའི་འབྲོག་ས་སྣུམ་ཤིག་གེར་ཡོད་པའི་གནས་ཤིག་ཡིན་ལ། ཐག་ཉེ་རིང་གི་རྒན་གཞོན་ཀུན་གྱི་ཁ་ན་རླུང་ལྟར་གྲགས་ཤིང་སེམས་སུ་ཞོ་ལྟར་ཆགས་པའི་མཐོ་སྒང་ཞིག་ཀྱང་ཡིན། ལྷག་པར་གནའ་མིའི་ངག་རྒྱུན་ཁྱད་མཚར་བ་ཞིག་ཡོད་དེ། ས་སྐྱ་མོ་དམར་མོ་ཁ་ལམ་ན། ། སྐྱ་མྱིའི་ཉིན་ལམ་བཅོད་བརྒྱད་ཡོད། ། རྒོད་ཐང་དཀར་ཆད་ཀི་ཐང་དགུ་ཡོད། ། བྱ་ཁྭ་ཏ་ཆད་ཀི་ཐུར་དགུ་ཡོད། ། བྱ་སྐྱ་ཀ་ཆད་ཀི་ལ་དགུ་ཡོད། ། གླག་རེག་མོ་ཆད་ཀི་སིལ་དགུ་ཡོད། ། རྟ་ཆད་པ་འུག་ཚང་རྡོ་མ་རྒྱག ། མི་ཆད་པ་དཔའ་ཡག་ལ་མ་རྒོལ། ། མི་སྐོམ་པོས་ཆུ་སྐྱུར་ཆུ་མ་འཐུང་། ། ཞེས་འདི་འདྲའི་ངག་རྒྱུན་གྱི་གཏམ་སྙན་མོ་ཡོད། གཏམ་རྒྱུད་འདིས་སྐྱ་མོ་དམར་མོ་ནི་ལམ་མི་བཟང་ཞིང་ཧ་ཅང་ཐག་རིང་བ། སོང་ན་ཉེན་ཁ་ཡོད་པ་སོགས་བཤད་དེ་སྐྱ་མོ་དམར་མོ་འགྲོ་མཁན་མང་པོ་ཞིག་གི་གོམ་ཁ་ལྷོད་ཅིང་། སེམས་ཐག་ཆད་ནས་ཕྱིར་ལམ་བསྙེག་དགོས་ཐུག་ཟེར། གང་ལྟར་གཡུང་ལ་འཕབ་མ་ཐུབ་པའི་རི་དྭགས་གཅན་གཟན་ལས་མི་ཟོག་གཤར་སའི་མགྲོན་ལམ་བདེ་ལམ་ཞིག་ཀྱང་མེད་པའི་ས་འདིར་འགྲུལ་བཞུད་ཀྱི་གནས་བབ་ནི་སྐྱོ་བོ་ཡིན་སྟབས་འདིར་ཡུན་རིང་སྡོད་མཁན་མེད་ལ། འདི་ལ་གཞི་བཅའ་མཁན་ཡང་ཧ་ཅང་དཀོན་པོའི་ཚོད་ཡིན།
ལོ་རབས་བརྒྱད་ཅུའི་གཡས་གཡོན་ནས་གནས་འདིར་ཡང་བསྐྱར་འབྲོག་པའི་རུ་སྡེ་གསར་པ་ཞིག་ཆགས་པའི་མགོ་བརྩམས་པ་དང་། དེ་ནི(དམར་མོ་སྡེ་བ)སྐྱ་ར་གོང་མ་ཡིན་ཞིང་། མཐའ་སྲུང་རི་བརྒྱ་སྟོང་གི་རྩེ་མཐོ་ཞིང་། ནང་སྲུང་ལུང་བརྒྱ་སྟོང་གི་ཁོད་ཡངས་པའི་ཕ་ས་ཕ་ཡུལ་དུ་གྱུར།
སྐྱ་མོ་དམར་མོར་མཚོན་ན་ཡང་འབྲོག་པའི་འཚོ་བར་མཁོ་ཆེ་བའི་འགྲོ་ལམ་བདེ་མོ་ཞིག་ཡོད་དགོས་པ་ནི་གལ་ཤིན་ཏུ་ཆེ་མོད། སྐབས་དེ་དུས་སུ་སྐྱ་མོ་དམར་མོ་ལ་རླངས་འཁོར་ཆེ་ཆུང་བརྒྱུག་ཆོག་པའི་ལམ་ཞིག་ལས་རྒྱུ་ནི་ཤིན་ཏུ་ཁག་པོ་འདུག  ལོ་རབས་བརྒྱད་ཅུའི་ནང་རྨ་འབྲོང་ས་ཆར་ཡང་རྒྱལ་ཁབ་རིམ་པའི་གཞུང་ལམ་ཐོན་ན་ཡང་། སྐྱ་མོ་དམར་མོར་རླངས་འཁོར་ཆེ་ཆུང་བཞུད་ཆོག་པའི་གཞུང་ལམ་ཞིག་སུས་ཀྱང་དྲན་པའི་ཡུལ་དུ་མེད་པར་ཆེས་ཉེན་ཁ་ཆེ་བའི་གནས་སུ་བདེ་འཇགས་ཀྱིས་འཚོས། ད་ལྟ་བསམས་ན་དེ་ནི་རྨི་ལམ་ཞིག་རེད་ལ་གནའ་སྒྲུང་ཞིག་ཀྱང་རེད། 
ད་སྐབས་སྐྱ་མོ་དམར་མོ་ནི་སྔོན་ཆད་དང་བསྡུར་ན་མི་འདྲ་བའི་ཆ་ཤིན་ཏུ་མང་སྟེ། རླངས་འཁོར་ཆེ་ཆུང་བརྒྱུག་ཆོག་པའི་གཞུང་ལམ། ལེ་དབར་ཁྲི་ཕྲག་བརྒལ་ཐུབ་པའི་བརྡ་རྟགས་སོགས་ཧ་ཅང་མང་ལ། འདི་ནི་མཁོ་གལ་ཆེ་བ་ཞིག་ཀྱང་ཡིན་ཏེ། སྔོན་ཆད་རླངས་འཁོར་དོན་རྐྱེན་ལས་སྙིང་ཉེ་བའི་ཚེ་སྲོག་མང་པོ་ཞིག་ཡ་ང་བའི་རླུང་ནང་དུ་ཡལ་ཞིང་། ཆེས་མཛེས་པའི་ལང་ཚོ་གྲངས་མེད་ཅིག་ཟློག་དཀའ་བའི་བར་ཆད་ཀྱིས་ཁྱེར་མྱོང་། དེ་དག་ཀྱང་ལམ་གྱི་གནས་བབ་ཧ་ཅང་སྡུག་པོ་ཡིན་པ་འདི་ལ་ཐུག་ཡོད།

ལོ་ཟླ་མང་པོ་ཞིག་སོང་ཚར་རྗེས་སྐྱ་མིས་ཉིན་ལམ་བཅོ་བརྒྱད་ལ་གཅད་དགོས་པའི་སྐྱ་མོ་དམར་མོའི་ཁ་ལམ་རིང་མོ་དེ་མེད་པར་གྱུར་ཏེ། རྐང་ལམ་དེ་དག་ལ་ཞུགས་ནས་མི་ཟོག་མང་པོ་འཚོ་ཐབས་བྱས་པའི་ལོ་རྒྱུས་དེ་རློམ་ཡང་མི་སྲིད་པའི་གནས་སུ་སོང་། དུས་ཚོད་རེ་རེ་ལ་འཕེལ་འགྱུར་རེ་རེ་བྱུང་བའི་དུས་རབས་ནི་དེ་འདྲ་ཞིག་རེད། འདི་ནི་འགྱུར་བ་རེད་ལ། འཕེལ་རྒྱས་ཀྱང་རེད། དེ་བས་མི་ཚང་མས་འགྲིམ་འགྲུལ་བདེ་འཇགས་ཀྱི་འདུ་ཤེས་དེ་སེམས་ཀྱི་དྲོད་དུ་འཛིན་དགོས།




“བརྩམས་ཆོས་སྐུར་ཡུལ”

རྩོམ་སྒྲིག་པའི་སྐད་འཕྲིན་སྦྲེལ་ནས་རྩོམ་ཡིག་བསྐུར་དགོས། བརྩམས་ཆོས་ཀྱི་མཇུག་ཏུ་རུས་མིང་དང་། འབྲེལ་གཏུགས་ཨང་གྲངས། ལས་ཁུངས་སོགས་ཀྱི་མིང་གསལ་པོར་དགོད་དགོས།

འབྲེལ་གཏུག་བྱ་ཡུལ།

སྟོབས་ལྡན་རྒྱལ། 18797366383   

སྐད་འཕྲིན། 610117993

ནམ་མཁའ་ཚེ་རིང་། 18897143623  

སྐད་འཕྲིན། 18897143623



ལག་བསྟར་རྩོམ་སྒྲིག་པ། སངས་བཀྲ།
ལྟ་སྐུལ་བ། སྐལ་བཟང་རྒྱལ།
སྤྱིའི་ལྟ་སྐུལ་བ། ཚེ་དབང་རྡོ་རྗེ།



ཚགས་པར་ཁང་གི་སྡོད་གནས།

མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནུབ་སྲང་ལམ་ཆེན་ཨང79པ།

ཁ་པར།  0971-6312635

སྦྲག་སྲིད།  810008

ཡིག་ཟམ།  qhfzb@aliyun.com


地址:青海省西宁市西关大街79号

电话:0971-6312635

邮编:810008

E_mailqhfzb@aliyun.com

青海藏文法治报
《青海藏文法治报》创刊于1982年,是全国唯一的藏文法制类综合报纸。每周五刊出,以“弘扬法治、关注民生、法眼观象、百姓情怀”为办报理念,分新闻、法治、服务、文学四大板块,内容紧扣涉藏民主法治建设。
 最新文章