མི་རིགས་སྐད་ཡིག་ལོ་ཙཱའི་རིག་གཞུང་བགྲོ་གླེང་ཚོགས་འདུ་ཐེངས13པ།

文摘   2024-11-15 19:58   青海  





སྤུས་ཚད་མཐོ་བའི་མི་རིགས་སྐད་ཡིག་ལོ་ཙཱའི་ཞབས་ཕྱི་ལ་བརྟེན་ནས་མི་རིགས་ཁག་འགྲོ་འོང་དང་བགྲོ་གླེང་། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས།

--མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག་ལོ་ཙཱའི་རིག་གཞུང་བགྲོ་གླེང་ཚོགས་འདུ་ཐེངས་བཅུ་གསུམ་པ་འཚོགས་པ།

གསར་འགོད་པ།  སངས་བཀྲ།


  ཟླ11པའི་ཚེས15ཉིན། “སྤུས་ཚད་མཐོ་བའི་མི་རིགས་སྐད་ཡིག་ལོ་ཙཱའི་ཞབས་ཕྱི་ལ་བརྟེན་ནས་མི་རིགས་ཁག་འགྲོ་འོང་དང་བགྲོ་གླེང་། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་དགོས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི་མི་རིགས་སྐད་ཡིག་ལོ་ཙཱའི་རིག་གཞུང་བགྲོ་གླེང་ཚོགས་འདུ(གླེང་སྟེགས)ཐེངས་བཅུ་གསུམ་པ་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་རིན་གྲོང་ཁྱེར་དུ་འཚོགས་པ་རེད། ཞིང་ཆེན་ཡོངས་ཀྱི་ཁུལ་དྲུག་དང་གྲོང་ཁྱེར་གཅིག  ཞིང་ཆེན་ཐད་གཏོགས་བཅས་ཀྱི་ལས་ཁུངས་དག་གི་བོད་ཡིག་དང་སོག་ཡིག ཧོར་ཡིག་བཅས་ལོ་ཙཱ་དང་དཔེ་སྐྲུན། གསར་འགྱུར། སློབ་གསོ། ཚན་རིག་ཞིབ་འཇུག་ཐད་ཀྱི་མི་རིགས་སྐད་ཡིག་ལོ་ཙཱའི་ལས་དོན་པའི་འཐུས་མི40ལྷག་རྨ་ལྷོར་འཛོམས་ནས་ཕན་ཚུན་ལ་སློབ་སྦྱོང་དང་བགྲོ་གླེང་། ལོ་ཙཱའི་བྱ་ཐབས་ཞིབ་དཔྱད། ཞིབ་འཇུག་གྲུབ་འབྲས་མཉམ་སྤྱོད། བྱ་གཞག་འཕེལ་རྒྱས་ཐུན་མོང་ཐོག་དོན་གཉེར་བཅས་བྱས་པ་རེད། 

གླེང་སྟེགས་ཀྱི་མགོ་ཚུགས་མཛད་སྒོའི་ཐོག་རྨ་ལྷོ་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་སུན་ཡུང་གིས་ཤིས་ཚིག་ཕུལ་བ་དང་། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཟླ་བ་ཚེ་རིང་ཚོགས་འདུར་ཞུགས་པ་དང་འབྲེལ་གཏམ་བཤད། ཞིང་ཆེན་སྲིད་གཞུང་ལོ་ཙཱ་ཁང་གི་ཀྲུའུ་རེན་གཞོན་པ་དང་ཞིང་ཆེན་མི་རིགས་སྐད་ཡིག་ལོ་ཙཱའི་ལས་དོན་མཐུན་ཚོགས་ཀྱི་དྲུང་ཆེ་འབྲུག་བྱམས་ཚེ་རིང་གིས2024ལོའི་མི་རིགས་སྐད་ཡིག་ལོ་ཙཱའི་རིག་གཞུང་དཔྱད་རྩོམ་གྱི་བྱ་དགའ་ཐོབ་པའི་མིང་ཐོ་སྒྲོག་འདོན་བྱས་ཤིང་། རྨ་ལྷོ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ཀྲུའུ་རེན་སྲས་རྡོ་ཡིས་མགོ་ཚུགས་མཛད་སྒོར་མགོ་འཛིན་བྱས་པ་རེད། 

ཀྲུའུ་རེན་གཞོན་པ་ཟླ་བ་ཚེ་རིང་གིས་མི་རིགས་སྐད་ཡིག་ལོ་ཙཱ་ནི་མི་རིགས་ཁག་དབར་ཤེས་རྟོགས་དང་འབྲེལ་འདྲིས་ཇེ་ཟབ་ཏུ་གཏོང་བའི་སྦྲེལ་ཟམ་ཡིན་པས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་བསྐྱེད་རྒྱུར་ནུས་པ་གལ་ཆེན་ལྡན། ལོ་ཙཱའི་ལས་དོན་པས་ཆེད་ལས་ཀྱི་འཇོན་ཐང་ལ་དེ་བས་དཀའ་སྤྱད་སྡུག་རུས་བྱེད་པ་དང་། རང་ངོས་ཀྱི་ཆུ་ཚད་ཇེ་མཐོར་གཏོང་བ། མི་རིགས་ས་ཁུལ་གྱི“དམིགས་བསལ་གསུམ”གྱི་ལས་བྱེད་པ་ཡག་པོའི་ཚད་གཞི་ལག་ལེན་ཧུར་ཐག་བསྟར་བ། “ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་པོ་བྱེད་པ”བཅས་ཀྱི་བྱ་བའི་བླང་བྱ་དོན་འཁྱོལ་བྱེད་པ། ལོ་ཙཱ་ལ་བརྟེན་ནས་རམ་འདེགས་བྱེད་པ་བཅས་ཀྱི་ཐོག་ནས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་སྲིད་གཞུང་བཅས་ཀྱི་ཐབས་ཇུས་བཀོད་སྒྲིག་མི་རིགས་ས་ཁུལ་དུ་རྩ་བ་ཚུགས་པ་དང་འབྲས་བུ་སྨིན་རྒྱུ་འགན་ལེན་བྱ་དགོས་པ་ནན་གྱིས་བཤད།

གླེང་སྟེགས་སྐབས་སུ། གཙོ་སྒྲུབ་ཕྱོགས་ཀྱིས་སྔ་རྗེས་སུ་བོད་ཡིག་དང་སོག་ཡིག་གི་རིགས་མི་འདྲ་བའི་མི་རིགས་སྐད་ཡིག་ལོ་ཙཱའི་ཕུལ་བྱུང་དཔྱད་རྩོམ་ལ་སློབ་སྦྱོང་དང་བགྲོ་གླེང་ཚོགས་འདུ་བཀོད་སྒྲིག་བྱས་ཏེ། རྨ་ལྷོ་ཁུལ་གྱི་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྱེད་པའི་ཉམས་ལེན་ཁང་དུ་ཡུལ་དངོས་སུ་སློབ་ཁྲིད་བྱེད་སྒོ་སྤེལ་བ་དང་རེབ་གོང་རིག་འབྱུང་གླིང་ལ་ལྟ་སྦྱོང་བྱས་པ་རེད། ཚོགས་ཞུགས་འཐུས་མི་ཚོས་ད་ཐེངས་ཀྱི་གླེང་སྟེགས་བརྒྱུད་ནས་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་བསྐྱེད་རྒྱུའི་ལོ་རྒྱུས་ཀྱི་བཟློག་མེད་རང་བཞིན་དང་། འགངས་ཆེན་རང་བཞིན། དངོས་ཡོད་ཀྱི་དམིགས་སའི་རང་བཞིན་བཅས་ལ་ངོས་འཛིན་གཏིང་ཟབ་ཐུབ་པ་རེད། སླད་ཕྱིན་གྱི་ལས་དོན་དངོས་སྒྲུབ་རིང་མི་རིགས་ཁག་འགྲོ་འོང་དང་བགྲོ་གླེང་། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཀྱི་མི་རིགས་སྐད་ཡིག་ལོ་ཙཱའི་ལས་དོན་གྱི་སྦྲེལ་ཟམ་གྱི་ནུས་པ་འདོན་སྤེལ་ཧུར་ཐག་བྱས་ཏེ། ནུས་ཤུགས་ཡོད་རྒུས་ཀྲུང་ཧྭ་མི་རིགས་ཐུན་མོང་གི་བསམ་པའི་ཁྱིམ་གཞིས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་རྩོམ་ཆེད་མི་རིགས་སྐད་ཡིག་ལོ་ཙཱའི་སྟོབས་ཤུགས་ལེགས་སྐྱེས་སུ་དབུལ་དགོས་ཞེས་བཤད།

ཐེངས་འདིའི་ཞིང་ཆེན་ཡོངས་ཀྱི་མི་རིགས་སྐད་ཡིག་ལོ་ཙཱའི་རིག་གཞུང་བགྲོ་གླེང་ཚོགས་འདུ(གླེང་སྟེགས)ནི་མཚོ་སྔོན་ཞིང་ཆེན་མི་རིགས་སྐད་ཡིག་ལོ་ཙཱའི་ལས་དོན་པའི་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་ཤིང་། རྨ་ལྷོ་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས་ཀྱིས་གཞོགས་འདེགས་བྱས་ནས་བསྒྲུབས་པ་རེད།


ལག་བསྟར་རྩོམ་སྒྲིག་པ། སངས་བཀྲ།
ལྟ་སྐུལ་བ། སྐལ་བཟང་རྒྱལ།
སྤྱིའི་ལྟ་སྐུལ་བ། ཚེ་དབང་རྡོ་རྗེ།



ཚགས་པར་ཁང་གི་སྡོད་གནས།

མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནུབ་སྲང་ལམ་ཆེན་ཨང79པ།

ཁ་པར།  0971-6312635

སྦྲག་སྲིད།  810008

ཡིག་ཟམ།  qhfzb@aliyun.com


地址:青海省西宁市西关大街79号

电话:0971-6312635

邮编:810008

E_mailqhfzb@aliyun.com

青海藏文法治报
《青海藏文法治报》创刊于1982年,是全国唯一的藏文法制类综合报纸。每周五刊出,以“弘扬法治、关注民生、法眼观象、百姓情怀”为办报理念,分新闻、法治、服务、文学四大板块,内容紧扣涉藏民主法治建设。
 最新文章