རྨ་ཆུའི་སྲུང་སྐྱོང་བཅའ་ཁྲིམས།【ཁག་ཉེར་གཉིས་པ】

文摘   2024-11-22 20:59   青海  




ཁྲིམས།


2022ལོའི་ཟླ10པའི་ཚེས30ཉིན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཐེངས་སོ་བདུན་པའི་གྲོས་ཚོགས་སྟེང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྨ་ཆུའི་སྲུང་སྐྱོང་བཅའ་ཁྲིམས》ལ་གྲོས་འཆམ་བྱུང་། 2023ལོའི་ཟླ4པའི་ཚེས1ཉིན་ལག་ཏུ་བསྟར་རྒྱུ།

ལེའུ་ལྔ་པ། ཆུའི་བྱེ་མ་སྙོམས་སྒྲིག་དང་ཆུ་ལོག་འགོག་བྱའི་བདེ་འཇགས་སྐོར།


དོན་ཚན་རེ་དྲུག་པ། རྨ་ཆུའི་འབབ་རྒྱུད་དོ་དམ་སྒྲིག་གཞི་ཡིས་རྨ་ཆུའི་འབབ་རྒྱུད་ཀྱི་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་དང་མཉམ་དུ། རྨ་ཆུའི་འབབ་རྒྱུད་ཀྱི་ཆུ་ལོག་འགོག་པའི་འཆར་འགོད་གཞིར་བཟུང་ནས་རྨ་ཆུའི་འགྲམ་ངོགས་ཀྱི་མིང་ཐོ་བཟོས་ཏེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆུའི་སྲིད་འཛིན་གཙོ་སྐྱོང་སྡེ་ཁག་ལ་ཆོག་མཆན་ཞུ་དགོས། རྨ་ཆུའི་འབབ་རྒྱུད་ཀྱི་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གིས་གྲམ་ཐང་ཁུལ་གྱི་ཡུལ་མི་གོ་རིམ་ལྡན་པའི་སྒོ་ནས་གནས་སྤོ་འཛུགས་སྐྲུན་བྱ་རྒྱུ་བཀོད་སྒྲིག་བྱ་དགོས་པ་དང་། གྲམ་ཐང་ཁུལ་དུ་རྒྱུན་སྡོད་མི་འབོར་གྱི་གནས་སྤོའི་ཚོད་འཛིན་ནན་མོ་བྱས་ཏེ་གྲམ་ཐང་ཁུལ་ཕྱོགས་བསྡུས་བཅོས་སྐྱོང་གི་ལས་གྲྭ་ལག་བསྟར་བྱ་དགོས།

རྨ་ཆུའི་གྲམ་ཐང་ཁུལ་གྱི་ས་ཞིང་བེད་སྤྱོད་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ་བཅས་བྱེད་སྐབས་ཆུ་ལམ་དུ་ཆུ་ལོག་རྒྱུག་རྒྱུའི་དགོས་མཁོ་བསྐང་དགོས་པ་དང་། གྲམ་ཐང་ཁུལ་དུ་ཆུ་ལོག་དང་བྱེ་མ་ནུབ་པའི་ནུས་པ་འདོན་སྤེལ་བྱ་དགོས།

རྨ་ཆུའི་གྲམ་ཐང་ཁུལ་དུ་གྲོང་ཁྱེར་དང་གྲོང་རྡལ་གྱི་འཛུགས་སྐྲུན་ལ་མཁོ་བའི་ས་ཆ་དང་། གྲོང་ཚོ་དང་གྲོང་རྡལ་གསར་པ་འཛུགས་རྒྱུའི་འཆར་གཞི་འགོད་མི་ཆོག འཆར་འགོད་བྱས་ཟིན་པ་དང་བཙུགས་ཟིན་པ་ཡིན་ན། ཁྱབ་ཁོངས་རྒྱ་བསྐྱེད་བཏང་མི་ཆོག ཡུན་གཏན་གྱི་གཞི་རྩའི་ཞིང་ཁ་རུ་དབྱེ་འབྱེད་གཏན་འཁེག་བྱས་ཏེ། ཆུ་ལོག་འགོག་བྱའི་བདེ་འཇགས་ལ་གནོད་སྐྱོན་བཟོས་རིགས་རིམ་བཞིན་ཕྱིར་འཐེན་བྱ་དགོས། ས་རྒོད་གསར་སྦོལ་དང་ཐོན་སྐྱེད་ཆུ་རགས་གསར་སྐྲུན་བྱས་མི་ཆོག་པ་དང་། ཐོན་སྐྱེད་ཆུ་རགས་རྒྱབ་སྟེ་ཆུ་ལོག་འགོག་བྱའི་བདེ་འཇགས་ལ་གནོད་པའི་རིགས་དུས་ཐོག་ཏུ་བཤིག་དགོས་པ་དང་། དེ་མིན་གྱི་ཐོན་སྐྱེད་ཆུ་རགས་རིམ་བཞིན་བཤིག་དགོས།

རྨ་ཆུའི་གྲམ་ཐང་ཁུལ་དུ་རང་བྱུང་ཆུ་ལོག་རྒྱུག་ཁུལ་དང་། འཁྱིལ་བར་གྱུར་བའི་ཆུ་ལོག་སོགས་ཀྱི་རྐྱེན་པས་ཆུས་བསྣུབས་ནས་གྱོང་གུད་བཟོས་པར་རྒྱལ་ཁབ་ཀྱི་འབྲེལ་ཡོད་གཏན་འཁེལ་ལྟར་སྐྱིན་ཚབ་སྤྲད་དགོས།

དོན་ཚན་རེ་བདུན་པ། རྒྱལ་ཁབ་ཀྱིས་རྨ་ཆུ་འབབ་རྒྱུད་ཀྱི་ཆུ་ལམ་དང་མཚེའུ་དོ་དམ་དང་སྲུང་སྐྱོང་བྱེད་ཤུགས་ཆེ་རུ་གཏང་རྒྱུ། ཆུ་ལམ་དང་མཚེའུ་དོ་དམ་བྱེད་ཁོངས་སུ་ཆུ་ལོག་རྒྱུག་བྱར་གནོད་སྐྱོན་གཏོང་བའི་རྩིག་བཟོས་དང་བཟོ་བཀོད་དངོས་བོ་དང་དེ་བཞིན་ཆུ་བབ་བརྟན་གནས་ཡོང་བར་གནོད་སྐྱོན་གཏོང་བ་དང་། ཆུ་ངོགས་ཀྱི་ཆུ་རགས་ཀྱི་བདེ་འཇགས་ལ་གནོད་འཚེ་བཟོ་བ། ཆུ་ལམ་དུ་ཆུ་ལོག་རྒྱུག་བྱར་འགོག་རྐྱེན་བཟོ་བའི་བྱེད་སྒོ་གཞན་དག་སྤེལ་བ་བཅས་བྱས་མི་ཆོག ཁྲིམས་འགལ་གྱིས་ཆུ་ལམ་དང་མཚེའུ་ཡི་ཆུ་ཁུངས། མཚོ་རྒྱུད་བཅས་བེད་སྤྱོད་དང་བཟང་སྤྱོད་བྱེད་རིགས་གཏན་འགོག་བྱ་རྒྱུ། ཆུ་ལམ་དང་མཚེའུ་དོ་དམ་བྱེད་ཁུངས་ནི་རྨ་ཆུའི་འབབ་རྒྱུད་དོ་དམ་སྒྲིག་གཞི་དང་འབྲེལ་ཡོད་རྫོང་རིམ་པ་ཡན་གྱི་ས་གནས་མི་དམངས་སྲིད་གཞུང་གིས་ཁྲིམས་ལྟར་ཚན་རིག་དང་མཐུན་པར་དབྱེ་འབྱེད་གཏན་འཁེལ་བྱེད་པ་དང་འབྲེལ་ཁྱབ་བསྒྲགས་བྱ་རྒྱུ།

ཆུ་ལས་སྒྲོལ་བ་དང་ཆུ་བོ་བརྒྱུད་པ། ཆུ་རགས་བརྒྱུད་པ། ཆུ་དང་ཉེ་བ་བཅས་ཀྱི་ལས་གྲྭའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་པར་ཆུ་ལོག་འགོག་བྱེད་ཚད་གཞི་སོགས་ཀྱི་བླང་བྱ་དང་མཐུན་དགོས། ཆུ་རགས་ཀྱི་བདེ་འཇགས་ལ་འཇིགས་སྐུལ་དང་ཆུ་བབ་བརྟན་ནས་ཡོང་བར་གནོད་པ། ཆུ་ཁོངས་དང་ཆུ་འགྲམ་གྱི་སྤྱོད་སྒོ་རང་མཚམས་ཀྱིས་བསྒྱུར་བ། ཆུ་ལོག་རྒྱུག་པ་དང་ཆུ་གསོག་ནུས་བ་ཆུང་དུ་གཏོང་བ། ཆུ་ཁོངས་ཀྱི་རྒྱ་ཁྱོན་ཆུང་དུ་གཏོང་བ་བཅས་བྱས་མི་ཆོག ཆུ་ལོག་དང་ཆུ་གསོག་ནུས་བ་ཆུང་དུ་གཏང་རྒྱུ་དང་། ཆུ་ཁོངས་ཀྱི་རྒྱ་ཁྱོན་ཆུང་དུ་གཏང་རྒྱུ་ལས་གཡོལ་ཐབས་གཏན་ནས་མེད་པ་ཡིན་ན། ནུས་མཚུངས་ཚབ་བྱེད་བཟོ་སྐྲུན་གསར་སྐྲུན་འཛུགས་སྐྲུན་བྱེད་པའམ་ནུས་པ་གསབ་ཐབས་གཞན་དག་སྤྱད་དགོས།

དོན་ཚན་རེ་བརྒྱད་པ། རྨ་ཆུའི་འབབ་རྒྱུད་ཀྱི་ཆུ་ལམ་བཅོས་སྐྱོང་བྱེད་པར་ས་བབ་དང་བསྟུན་ནས་ཆུ་ལམ་གཙང་གཤོང་དང་། ཆུ་འགྲམ་གཙང་བཟོ། ཆུ་རགས་བརྟན་གཏོང་། ཆུ་ཁུངས་གསོ་སྐྱོང་དང་ས་ཆུ་སྲུང་འཛིན། ཆུ་བོ་དང་མཚེའུ་བདག་སྐྱོང་ལ་སོགས་པའི་བཅོས་སྐྱོང་བྱེད་ཐབས་སྤྱད་དགོས་པ་དང་། འཕྱོ་ཡོངས་དང་འཁྱམས་གཡེང་རང་བཞིན་གྱི་ཆུ་ལམ་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏང་དགོས་ཤིང་། ཆུ་ལམ་དང་མཚེའུ། ཆུ་མཛོད་བཅས་ཀྱི་ཆུ་ལོག་སྔོན་འགོག་བྱེད་ནུས་ཆེ་རུ་གཏང་དགོས།

རྨ་ཆུའི་འབབ་རྒྱུད་ཀྱི་འབྲེལ་ཡོད་ས་གནས་མི་དམངས་སྲིད་གཞུང་གིས་ཆུ་བབ་བརྟན་འཇགས་དང། བཞུར་རྒྱུན་ཚད་ལྡན་དུ་གཏོང་བ། ཆུ་ལོག་རྒྱུག་བྱར་འགན་སྲུང་བཅས་བྱེད་པའི་ནུས་པ་སྔོན་འགྲོའི་ཆ་རྐྱེན་དུ་འཛིན་པ་དང་། ཆུ་ལམ་འགྲམ་རྒྱུད་སྲུང་སྐྱོང་དང་ཉམས་གསོ་བྱེད་པར་གཅིག་གྱུར་གྱིས་འཆར་འགོད་བྱེད་པ་དང་། ཞིང་དོར་བརླན་གསོ་བཅས་བྱས་ཏེ། ཆུ་ལོག་སྔོན་འགོག་དང་སྐྱེ་ཁམས་སྲུང་སྐྱོང་སོགས་ཀྱི་ནུས་པ་གཅིག་ཏུ་འདུས་པའི་ལྗང་མདོག་སྐྱེ་ཁམས་ཁྱམས་རིང་འཛུགས་སྐྲུན་བྱེད་པར་རྒྱལ་ཁབ་ཀྱིས་རྒྱབ་སྐྱོར་བྱ་རྒྱུ།

(མུ་འགོད)



ལག་བསྟར་རྩོམ་སྒྲིག་པ། མདོ་སྡེ་རྒྱལ།


ལྟ་སྐུལ་བ། སྐལ་བཟང་རྒྱལ།


སྤྱིའི་ལྟ་སྐུལ་བ། ཚེ་དབང་རྡོ་རྗེ།


ཚགས་པར་ཁང་གི་སྡོད་གནས།

མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནུབ་སྲང་ལམ་ཆེན་ཨང79པ།

ཁ་པར།  0971-6312635

སྦྲག་སྲིད།  810008

ཡིག་ཟམ།  qhfzb@aliyun.com


地址:青海省西宁市西关大街79号

电话:0971-6312635

邮编:810008

E_mailqhfzb@aliyun.com

青海藏文法治报
《青海藏文法治报》创刊于1982年,是全国唯一的藏文法制类综合报纸。每周五刊出,以“弘扬法治、关注民生、法眼观象、百姓情怀”为办报理念,分新闻、法治、服务、文学四大板块,内容紧扣涉藏民主法治建设。
 最新文章