གྲོགས་པོའི་གསོལ་སྟོན་སྟེང་གི་སྐྱོ་གར།

文摘   2024-10-28 16:07   青海  


ཁྲིམས།



གྲོགས་པོའི་གསོལ་སྟོན་སྟེང་གི་སྐྱོ་གར།



ཚའོ་ཆེ་གེ་མོ་དང་ཐང་ཆེ་གེ་མོ་གཉིས་ནི་ལོ་ངོ30ལྷག་གི་གྲོགས་པོ་ཡིན་ལ། ཆང་འཐུང་སྐབས་ཁོ་གཉིས་བར་དུ་ཁ་རྩོད་བྱུང་བས་ཚའོ་ཆེ་གེ་མོས་གྲི་བཟུང་སྟེ་ཐང་ཆེ་གེ་མོར་བསྣུན་པས་ཐང་ཆེ་གེ་མོར་རྨས་སྐྱོན་ཐེབས། ཉེ་ཆར། ཟི་ལིང་གྲོང་ཁྱེར་མཁར་ཤར་ཆུའུ་མི་དམངས་ཞིབ་དཔྱོད་ཁང་གིས་གཞུང་གཏུག་བྱས་པ་བརྒྱུད། ཟི་ལིང་གྲོང་ཁྱེར་མཁར་ཤར་ཆུའུ་མི་དམངས་ཁྲིམས་ཁང་གིས་བསམ་གཟས་ནས་གནོད་འཚེ་བཏང་བའི་ནག་ཉེས་སྟེང་ནས་གཏུག་ཡུལ་ཚའོ་ཆེ་གེ་མོར་དུས་བཀག་བཙོན་འཇུག་ལོ3དང་ཟླ6གི་ཉེས་ཆད་བཅད།
1992ལོར། ཚའོ་ཆེ་གེ་མོ་དང་ཐང་ཆེ་གེ་མོ་གཉིས་ཀྱིས་ཕན་ཚུན་ངོ་ཤེས་ཤིང་། རྗེས་སུ་ཁོ་གཉིས་ཀྱིས་འབྲེལ་བ་རྒྱུན་འཁྱོངས་བྱས་ནས་ལོ་ངོ30ལྷག་གི་གྲོགས་པོར་གྱུར། ཡིན་ཡང་། གྲོགས་པོའི་མཛའ་བརྩེ་དེ་སྤྲོ་ཚོགས་ཤིག་གིས་ཐལ་དུ་བརླགས།
2023ལོའི་ཟླ4པའི་ཉིན་ཞིག་ལ། ཚའོ་ཆེ་གེ་མོས་གྲོགས་པོ་རྙིང་བ་འགའ་ཁྱིམ་དུ་མགྲོན་འབོད་བྱས། གྲོགས་པོ་ཚོ། དོ་ནུབ་ངའི་ཁྱིམ་དུ་ཆང་འཐུང་བར་ཤོག་དང་། ང་ཚོ་སྐྱིད་པོ་ཞིག་རྩེ་ཞེས་ཚའོ་ཆེ་གེ་མོས་གྲོགས་པོ་མང་པོ་ཞིག་ལ་ཁ་པར་བཏང་ནས་ཐང་ཆེ་གེ་མོ་དང་ཡཱང་ཆེ་གེ་མོ། ད་དུང་གྲོགས་པོ་གཞན་འགའ་བཅས་ཁྱིམ་དུ་བོས་ནས་ཆང་འཐུང་ཞོར་རྩེད་ཤོག་རྩེ། དེའི་བར་དུ་ཐང་ཆེ་གེ་མོའི་རྒྱན་ངོ་མི་བཟང་བས་ཐོབ་པ་ཉུང་ཞིང་ཤོར་བ་མང་། ཚའོ་ཆེ་གེ་མོས་ཐང་ཆེ་གེ་མོར་འཕྱ་སྨོད་བྱེད་ཞོར་དུ་ཐང་ཆེ་གེ་མོར་ཆང་མང་ཙམ་འཐུང་དགོས་པའི་རེ་བ་བཏོན་པ་ན། ཐང་ཆེ་གེ་མོས་སེམས་ནས་ཤིན་ཏུ་མི་དགའ་བའི་རྣམ་འགྱུར་བསྟན། ནམ་གུང་གི་དུས་སུ། ཚའོ་ཆེ་གེ་མོས་ཐང་ཆེ་གེ་མོའི་རྐང་བ་དབང་བོ་སྐྱོན་ཅན་ཡིན་པའི་སྐོར་གྱི་སྐད་ཆ་འགའ་བཤད་པ་རྐྱེན་བྱས་ནས་ཁོ་གཉིས་བར་དུ་ཁ་རྩོད་བྱུང་། བདུད་རྩི་ཆང་གི་ངར་ཤུགས་དང་བསྟུན་ནས་ཁོ་གཉིས་བར་གྱི་རྩོད་པ་ཛ་དྲག་ཏུ་གྱུར་ཏེ། ཁ་རྩོད་ནས་རིམ་བཞིན་ལག་འགུལ་མགོ་བརྩམས། 
གྲོགས་པོ་གཞན་དག་གིས་གྲོགས་པོའི་མགྲོན་འབོད་གསོལ་སྟོན་སྟེང་ནས་འདི་འདྲ་བྱས་ན་འོས་མེད་རེད་ཅེས་ཇི་ལྟར་བར་འདུམ་བྱས་ཀྱང་འབྲས་མེད་དུ་གྱུར། ཚའོ་ཆེ་གེ་མོ་ཉལ་ཁང་དུ་འཛུལ་རྗེས་ཐང་ཆེ་གེ་མོས་ཁོའི་རྗེས་དེད་ནས་ཉལ་ཁང་དུ་སོང་སྟེ་ཡང་བསྐྱར་ཁོ་གཉིས་ཀྱིས་རྒྱག་རེས་བྱས། ཆང་གིས་ཅུང་ཙམ་བཟི་ཡོད་པས་ཚའོ་ཆེ་གེ་མོས་རང་ཉིད་ལ་ཚོད་འཛིན་བྱེད་དཀའ་བར་གྱུར་ཏེ། ཁོ་རང་ཁ་ཕྱིར་འཁོར་ནས་མལ་ཁྲིའི་སྔས་མགོར་བཞག་ཡོད་པའི་བཟོ་རྩལ་གྲི་དེ་ལག་ཏུ་བཟུང་། མ་བསམས་སར་ཁོས་དུས་རྒྱུན་ཁང་བར་རྒྱན་སྤྲོས་བྱེད་ཀྱི་དངོས་པོ་ཆུང་ཆུང་དེ་མི་རྨས་བྱེད་ཀྱི་ལག་ཆ་རྣོན་པོ་ཞིག་ཏུ་གྱུར། 
ཚུར་མ་ཡོང་། ངས་གྲི་ཡིས་བསྣུན་ངེས་ཡིན། 
ཚའོ་ཆེ་གེ་མོས་བཟོ་རྩལ་གྲི་དེ་གཡུག་ཞོར་ལ་དེ་ལྟར་ཐ་ཚིག་བསྒྲགས། ཐང་ཆེ་གེ་མོ་ཕྱིར་མ་ནུར་བར་ལག་ཏུ་གྲི་བཟུང་ཡོད་པའི་ཚའོ་ཆེ་གེ་མོའི་མདུན་དུ་སོང་སྟེ་འཕྲོག་རྩིས་བྱས། སྟབས་མ་ལེགས་པ་ཞིག་ལ་ཚའོ་ཆེ་གེ་མོས་བཟོ་རྩལ་གྲི་དེ་ཐང་ཆེ་གེ་མོའི་ཕོ་བར་བསྣུན། ཁྲག་གིས་བརྫུས་པའི་ཡུལ་དངོས་དེ་ཀུན་གྱི་མཐོང་ལམ་དུ་མངོན་པ་ན། ཚང་མ་ཧ་ལས་ཤིང་ཧང་སངས་པར་གྱུར། དངོས་སུ་མཐོང་མཁན་ཡཱང་ཆེ་གེ་མོས་ཕྱིར་དྲན་བྱས་ཏེ་བཤད་རྒྱུར། སྐབས་དེར་ཐང་ཆེ་གེ་མོ་ས་རུ་འགྱེལ་ནས་ངོ་མདོག་སྐྱ་བོར་གྱུར་འདུག་ལ། ཁོས་ང་ལ་ཧ་ཅང་སྙིང་རྗེ་བའི་ཉམས་ཀྱིས་སྲོག་སྐྱོབ་རོགས་ཞེས་རེ་བ་ཞུས་པ་ན། ངས་མྱུར་དུ་ཉེན་རྟོག་པར་གྱོད་དོན་སྙན་སེང་ཞུས་པ་ཡིན་ཟེར།
ཚའོ་ཆེ་གེ་མོས་སྤོ་ཐུང་ཐུང་གིས་མི་བརླག་པ་སེམས་ཀྱིས་ཚོར་ཞིང་། དོན་དག་ཧ་ཅང་ཚབས་ཆེན་དུ་གྱུར་འདུག་པ་ཤེས་འཕྲལ་མྱུར་དུ་ཁ་པར་བླངས་ནས་སྨན་ཁང་གི་མྱུར་སྐྱོབ་ལ་ཁ་པར་བཏང་། 
མྱུར་སྐྱོབ་བྱས་པ་བརྒྱུད་ཐང་ཆེ་གེ་མོ་སྲོག་ཉེན་ལས་ཐར། རྗེས་སུ་འབྲེལ་ཡོད་ཁྲིམས་འཛིན་སྡེ་ཁག་གིས་གསལ་འབྱེད་བྱས་པ་བརྒྱུད། ཐང་ཆེ་གེ་མོའི་རྨས་སྐྱོན་དེ་རིམ་པ་གཉིས་པའི་རྨས་སྐྱོན་དུ་གཏན་འཁེལ་བྱས།
ཚའོ་ཆེ་གེ་མོ་ནི་ཐེངས་དང་པོར་ཁྲིམས་དང་འགལ་བ་མིན་ཏེ། 1993ལོར། ཁོས་རྐུ་འཕྲོག་གི་ནག་ཉེས་བསགས་པས་ཟི་ལིང་གྲོང་ཁྱེར་མཁར་ཤར་ཆུའུ་མི་དམངས་ཁྲིམས་ཁང་གིས་དུས་བཀག་བཙོན་འཇུག་ལོ6གི་ཁྲིམས་ཐག་བཅད་པ་དང་། 2006ལོར། ཁོས་བསམ་གསས་ནས་གནོད་འཚེ་བཏང་བའི་ནག་ཉེས་བསགས་པས་ལོ8ལ་ཉེས་ཆད་བཅད་མྱོང་། 

ཚའོ་ཆེ་གེ་མོས་བཅའ་ཁྲིམས་ལ་གདོང་གཏད་སྐབས་འགྱོད་གདུང་དྲག་པོ་སྐྱེས་ཏེ། ཉིན་དེའི་དགོང་མོར་ངས་ཆང་གི་ངར་ཤུགས་ལ་ཚོད་འཛིན་བྱེད་མ་ཐུབ་པར་ཁོང་ཁྲོ་ལངས་པ་ཡིན་ལ། བསམ་ཡུལ་ལས་འདས་པ་ཞིག་ལ་བདུད་རྩིའི་ཉིང་བཅུད་ཀྱིས་འདི་འདྲའི་ཆག་སྒོ་ཆེན་པོ་བྱུང་བ་རེད་ཟེར།

ནམ་མཁས་བསྒྱུར།



ལག་བསྟར་རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།


ལྟ་སྐུལ་བ། སྐལ་བཟང་རྒྱལ།


སྤྱིའི་ལྟ་སྐུལ་བ། ཚེ་དབང་རྡོ་རྗེ།




ཚགས་པར་ཁང་གི་སྡོད་གནས།

མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ནུབ་སྲང་ལམ་ཆེན་ཨང79པ།

ཁ་པར།  0971-6312635

སྦྲག་སྲིད།  810008

ཡིག་ཟམ།  qhfzb@aliyun.com


地址:青海省西宁市西关大街79号

电话:0971-6312635

邮编:810008

E_mailqhfzb@aliyun.com



青海藏文法治报
《青海藏文法治报》创刊于1982年,是全国唯一的藏文法制类综合报纸。每周五刊出,以“弘扬法治、关注民生、法眼观象、百姓情怀”为办报理念,分新闻、法治、服务、文学四大板块,内容紧扣涉藏民主法治建设。
 最新文章