དགེ་བའི་བཤེས་གཉེན་ཆེན་མོ་ཀརྨ་ལས་སྒྲུབ་ཀྱི་རྣམ་ཐར།

文摘   2024-01-05 18:47   西藏  
ཚ་སྒང་འཕྲིན་སྟེགས་སུ་ཕེབས་པར་བསུ།




༄༅། །དགེ་བའི་བཤེས་གཉེན་ཆེན་མོ་ཀརྨ་ལས་སྒྲུབ་ཀྱི་རྣམ་ཐར་དྲང་སྲོང་

               འཛུམ་པའི་མེ་ཏོག་ཅེས་བྱ་བ་བཞུགས་སོ།།



ཕུལ་བྱུང་བྱིན་རླབས་བདུད་རྩིའི་ཆར་གྱིས་དམིགས་མེད་བརྩེ་བ་དལ་གྱིས་བཞད།།
འཇོ་སྒེག་ལང་ཚོའི་དཔལ་ཡོན་དར་བ་བློ་གསལ་མཚར་སྡུག་རྣམ་པ་བཀྲ།།
ཆགས་སྡང་ང་རོ་གདོད་ནས་དག་ཅིང་ཤེས་བརྩོན་རྐང་དྲུག་དྲི་ཞིམ་འཇོ།།
འགྲན་བྲལ་བཤེས་གཉེན་ཆུ་ཡི་ལང་ཚོ་གསེར་ལྡན་འཛིན་མའི་རྒྱན་དུ་མཛེས།།



ཞེས་མཆོད་པའི་ཚིགས་སུ་བཅད་པའི་མེ་ཏོག་སིལ་མ་སྔོན་དུ་བཀྲམ་སྟེ། གང་ཞིག་བརྗོད་པར་བྱ་བ་ནི། སྒོ་གསུམ་དགེ་ལ་རྣམ་པར་སྦྱོར་བའི་ཚ་བ་སྒང་གི་མཁན་པོ་ཀརྨ་ལས་གྲུབ་མཆོག་གི་རྣམ་པར་ཐར་པ་འདི་ཉིད་དམ་པ་གང་གི་ཞལ་ནས་ཐོས་པ་རྣམས་ལ་གཞི་བཅོལ་ནས་ཅུང་ཙམ་བརྗོད་པ་ལགས་ན།
དེ་ཡང་མཁན་པོ་ཀརྨ་ལས་སྒྲུབ་མཆོག་ནི། ས་ཆེན་པོ་འདིའི་སྟེང་དུ་སྐྱེ་འགྲོ་རྣམས་ལ་གནས་སྐབས་དང་མཐར་ཐུག་གི་ཕན་བདེའི་ལོངས་སྤྱོད་འཛད་མེད་དུ་སྦྱིན་མཁན་ཆོས་ལུགས་འདྲ་མིན་ནམ་མཁའི་སྐར་མ་ལྟར་མོད་པའི་དུས་ཚིགས་སུ། སྔོན་བསགས་ལས་སྨོན་རྣམ་པ་དག་པའི་མཐུས། ཆོས་ལུགས་དེ་དག་གི་ནང་ནས་ཆེས་མཆོག་ཏུ་གྱུར་པའི་སྟོན་པ་མཉམ་མེད་བུ་རམ་ཤིང་པའི་ལུང་རྟོགས་ཀྱི་བསྟན་པ་དེ་ཉིད་གྲྭ་མ་ཆགས་ཤིང་ཟུར་མ་ཉམས་པར་གནས་པའི་བོད་ཁ་བ་གངས་ཅན་ལྗོངས་ཞེས་སྐྱེ་འགྲོ་ཀུན་གྱི་སྒྲ་འཛིན་གྱི་བུ་གར་རྒྱུན་པར་ཐོས་བཞིན་པའི་གནས་མཆོག་ཁྱད་པར་ཅན་གྱི་ཞིང་དེ་ལའང་སྟོད་ན་མངའ་རིས་བསྐོར་གསུམ། བར་ན་དབུས་གཙང་རུ་བཞི། སྨད་ན་མདོ་ཁམས་སྒང་དྲུག་ཅེས་ཡོངས་སུ་གྲགས་པའི་སྒང་དྲུག་གི་ཡ་གྱལ་དངུལ་ཟླ་ཚ་བ་སྒང་གི་ཁོངས་གཏོགས། ལྟོ་ཆེན་གྲོང་དུ་ཡབ་ཚེ་རིང་དབང་རྒྱལ་ལམ་ཚེ་རྒྱལ་དང་། ཡུམ་བདེ་ཆེན་བུ་ཁྲིད་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་པའི་ཆུ་གླང་སྤྱི་ལོ་1973ལོའི་བོད་ཟླ་བཞི་པའི་ཚེས་བཅུ་ཡི་ཉིན་སྐུ་འཁྲུངས།
མཚན་ལ་ཀརྨ་ལས་སྒྲུབ་ཅེས་གསོལ་ནས་ལེགས་པར་བསྐྱེད་བསྲིངས། དགུང་ལོ་དྲུག་པ་སྟེ་རབ་བྱུང་བཅུ་དྲུག་པའི་སྤྱི་ལོ་1979ལོ་ཡབ་ཀྱི་དྲུང་ནས་དཀའ་བ་ཆེར་སྤྱད་ཀྱི་སྒོ་ནས་འབྲི་ཀློག་བསླབས་པས་ལེགས་པར་མཁྱེན།
སྤྱི་ལོ་1987ཡས་མས་ཤིག་གི་ལོར་ཡེ་ཆེན་དགོན་དུ་ཚོགས་ཞུགས་མཛད་ནས། བཅའ་རྡུང་འབུད་གསུམ། གར་འཆམ་དབྱངས་གསུམ་སོགས་ཆོ་གའི་ཕྱག་ལེན་རྣམས་གདན་ས་ཀརྨ་དགོན་གྱི་ལུགས་བཞིན་མཐར་ཕྱིན་པ་སྦྱངས་བར་གནང་སྟེ། ཡེ་ཆེན་དགོན་པའི་མཆོད་དཔོན་གྱི་འགན་ལོ་མང་པོའི་ཡུན་ལ་ཁུར་བར་མཛད།
དེ་ནས་དགུང་ལོ་བཅོ་བརྒྱད་པ་ལྕགས་ལུག་སྤྱི་ལོ་1991ལོའི་དབྱར་གྱི་དུས་སུ་གདན་ས་ཆེན་པོ་སྡེ་དགེ་དཔལ་སྤུངས་དགོན་དུ་བྱོན་ནས་འཇམ་མགོན་ཀོང་སྤྲུལ་གསུམ་པ་ཀརྨ་བློ་གྲོས་ཆོས་ཀྱི་སེངྒེའི་མདུན་ནས་དགེ་ཚུལ་གྱི་སྡོམ་པ་བསྒྲུབས། ལོ་དེའི་དགུན་ཁར་ཡེ་ཆེན་དགོན་དུ་མཁན་པོ་ཀརྨ་རྡོ་རྗེའམ་བསྟན་འཛིན་གྱི་མདུན་ནས་སུམ་རྟགས་ཟླ་གཅིག་གི་ཡུན་དུ་ཆེད་སྦྱོང་མཛད། ཞོར་དུ་རྒྱལ་སྲས་ལག་ལེན་སོ་བདུན་མའི་ཁྲིད་དང་དགེ་ཚུལ་གྱི་ཚིག་ལེའུར་བྱས་པ་ཀཱ་རི་ཀ་ལྔ་བཅུ་པའི་ཁྲིད་བཅས་གསན།


         ཐོག་མར་ཚོགས་ཞུགས་མཛད་སའི་ཚ་བ་ཡེ་ཆེན་དགོན།


དགུང་ལོ་བཅུ་དགུ་པ་བོད་རབ་བྱུང་བཅུ་བདུན་པའི་ཆུ་སྤྲེལ་སྤྱི་ལོ་1992ལོའི་བོད་ཟླ་བཞི་པའི་ཚེས་ཉེར་དགུའི་ཉིན་ལ་དུས་འགྱུར་རྗེས་ཀྱི་ཡེ་ཆེན་དགོན་པའི་སྒྲུབ་ཐོ་ཐོག་མར་བརྒྱབས་ཏེ་སྒྲུབ་ཁང་དབུ་ཚུགས་པའི་དུས་སུ་དམ་པ་ཁོང་དང་བཅས་པའི་སྒྲུབ་གྲྭ་པ་བརྒྱད་པོས་ལོ་གསུམ་ཕྱོགས་གསུམ་གྱི་ཡུན་དུ་སྒྲུབ་ཚུགས་སོགས་གང་ཅིའི་ཐད་ཕུན་སུམ་ཚོགས་པའི་ངང་ནས་སྐུ་མཚམས་སུ་བཞུགས་པར་མཛད། སྒྲུབ་ཁང་དུ་བཞུགས་པའི་སྐབས་སུའང་དཔེ་ཆ་སྦྱང་འདོད་ཀྱི་བློ་རྒྱུན་མར་མཆིས་པས། དུས་སྐབས་དེ་ལྟ་བུ་ཞིག་གི་འོག་ནས་དཔེ་ཆ་སྦྱོང་འདོད་ཀྱི་བློ་སྐྱེས་པ་ནི་དངོས་གནས་གཞན་དང་མི་མཚུངས་པ་ཞིག་རེད་ཅེས་ཟེར་ཡང་མི་ཆོག་རྒྱུ་མེད་དགུང་ལོ་ཉེར་གཉིས་པ་རབ་བྱུང་བཅུ་བདུན་པའི་ཤིང་ཕག་སྤྱི་ལོ་1995ལོར་སྐུ་མཚམས་ལས་གྲོལ། ལོ་དེར་ཚ་བ་སྒང་རྡོ་སེར་གྲོང་དམངས་དཀར་མོ་གྲོང་ཚོ་ནས་ཡིན་པའི་འགྱུར་མེད་རྡོ་རྗེ་ཞུ་བའི་དུས་འགྱུར་གྱི་སྐབས་ཡས་མས་ལ་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་ཐད་ལ་ཡག་པའི་གྲལ་དུ་བརྩི་བ་ཞིག་ཡོད་པ་དེའི་མདུན་དུ་བྱོན་ནས། སྐབས་རེར་ཞག་བཅུ་ཕྲག་རེ་གཉིས་དང་། སྐབས་རེར་ཞག་བདུན་བརྒྱད་ཀྱི་ཡུན་དུ་བསྟེན་ཏེ་དག་ཡིག་དང་། བཤེས་སྤྲིངས་སོགས་གསན་སྦྱོང་མཛད་ནས་དེ་འདྲའི་ཡུན་དུ་བརྩིས་པའི་བགྲང་བྱ་གཉིས་གསུམ་ཡས་མས་སུ་བཞུགས། འགྱུར་མེད་རྡོ་རྗེ་མཆོག་གིས་རྒྱུན་པར་དཔེ་ཁྲིད་ཀྱི་ཐོག་མཐའ་བར་གསུམ་དུ་དཔེ་ཆ་སྦྱང་དགོས་ཚུལ་སོགས་ཀྱི་བཀའ་སློབ་མང་པོ་གསུངས་པས། དཔེ་ཆ་ལྟ་འདུན་གྱི་ཀུན་སློང་སྔར་ལས་ཤུགས་ཆེར་འཁྲུངས་ཚུལ་དམ་པ་ཁོང་གི་ཞལ་ནས་ཐོས་མྱོང་།
དགུང་ལོ་ཉེར་ལྔ་པ་བོད་རབ་བྱུང་བཅུ་བདུན་པའི་ས་སྟག་སྤྱི་ལོ་1998ལོར་རི་བོ་ཆེ་ལྷ་ཁང་ཁྲ་འཁྱིལ་མར་བྱོན། དེའི་དུས་མཁན་པོ་འོད་གསལ་གྱི་མདུན་ནས་ཚོགས་ཆོས་སུ་བསྡུས་གྲྭ་དང་། འདུལ་བ་མདོ་རྩ། ཟུར་ཞུས་ལ་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་བཤེས་པའི་སྤྲིངས་ཡིག་བཅས་གསན་ནས་སླར་ཡང་ཡབ་ཡུལ་དུ་བྱོན།


          རི་བོ་ཆེ་ལྷ་ཁང་ཁྲ་འཁྱིལ་མ།

དགུང་ལོ་ཉེར་དྲུག་པ་བོད་རབ་བྱུང་བཅུ་བདུན་པའི་ས་ཡོས་སྤྱི་ལོ་1999ལོར། ཚ་བ་ཡེ་ཆེན་དགོན་དུ་དགའ་རྒྱན་དགོན་པའི་མཁན་པོ་པདྨ་མཁྱེན་རབ་ཀྱིས་རིན་ཆེན་གཏེར་མཛོད་ཀྱི་ལུང་གནང་ཞིང་སེ་རྒྱལ་དབང་མཆོག་གིས་དབང་གནང་བའི་སྐབས་དེར། ཁོང་ཉིད་སྔར་རིན་ཆེན་གཏེར་མཛོད་དབང་གི་མཆོད་དཔོན་མཛད་མ་མྱོང་ཡང་། གློ་བུར་དུ་དབང་གནང་སྐབས་ཀྱི་མཆོད་དཔོན་ཉིད་དུ་བསྐོས་སྟབས། སང་ཞོགས་ལ་དབང་གང་དང་གང་གནང་དགོས་པ་རྣམས་ཁོང་གིས་དགོང་མོར་དཔེ་ཆ་ལ་ཞིབ་གཟིགས་མཛད་ཅིང་། དབང་གནང་སྐབས་ཐོགས་པ་དང་བཤོལ་པ་མེད་པར་མ་ནོར་མ་འཕྱུག་པར་མཆོད་དཔོན་གྱི་ཞབས་ཕྱིར་གང་སྒྲུབ་དགོས་པ་དག་སྒྲུབ་ཐུབ་ཀྱི་ཡོད་འདུག །དུས་དེའི་ཚེ་ཁོང་དང་འདྲ་བའི་ལྷན་སྐྱེས་ཀྱི་རྣམ་དཔྱོད་མངའ་བའི་གྲྭ་པ་ཧ་ལམ་མེད་ཚོད་ཡིན་ཞེས་རྒྱུས་ཡོད་མི་ཡི་ཁ་ནས་དེང་སང་ཡང་རླུང་ལྟར་རྒྱུ་ཡི་འདུག་གོ །
ཡེ་ཆེན་སྤྲུལ་སྐུ་ཀརྨ་སྒྲུབ་བརྒྱུད་མཆོག་ལ་དཔེ་ཆ་ལྟ་རུ་འགྲོ་འདོད་ཡོད་ཚུལ་སོགས་ཐུགས་དགོངས་རྣམས་ཞུས་པས། སྤྲུལ་སྐུ་རིན་པོ་ཆེས་ཀྱང་ཐུགས་དགྱེས་པ་ཆེན་པོས་སྒོ་ནས་དེའི་དུས་བཀའ་ཡིས་གནང་བ་ཐོབ་པར་མ་ཟད་དམ་པ་ཁོང་དགོན་པ་གཞན་ལ་སློབ་གཉེར་བྱེད་དུ་འགྲོ་བ་ལ་ཐོག་མཐའ་བར་གསུམ་དུ་ཡེ་ཆེན་སྤྲུལ་སྐུ་ཀརྨ་སྒྲུབ་བརྒྱུད་མཆོག་གིས་དགོངས་འཁྲོལ་ཡོད་འདུག །ལོ་དེའི་སྟོན་ཁར་རི་བོ་ཆེ་དགའ་རྒྱན་དགོན་པ་རུ་དམ་པ་ཁོང་རོགས་པ་དུ་མ་དང་ལྷན་དུ་དཔེ་ཆ་གཟིགས་ལ་བྱོན། དགའ་རྒྱན་དགོན་པའི་མཁན་པོ་པདྨ་མཁྱེན་རབ་ཀྱི་མདུན་ནས་རྒྱུད་བླ་མ་དང་། དབུས་མཐའ་རྣམ་འབྱེད་དང་། ཆོས་ཉིད་རྣམ་འབྱེད་བཅས་བྱམས་པའི་ཆོས་སྡེ་ཁག་དང་། ཀུན་བཟང་བླ་མའི་ཞལ་ལུང་དང་། ཡིད་བཞིན་མཛོད་སོགས་ཚུལ་བཞིན་དུ་གསན་སྦྱོང་བྱས། ཁྱད་པར་དུ་རྒྱལ་སྲས་ཐོགས་མེད་ཀྱི་འགྲེལ་པའི་ཐོགས་ནས་རྒྱལ་སྲས་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་པའི་སྤྱོད་པ་ལ་འཇུག་པ་ཤེས་རབ་ལེའུ་ཡན་ཆོད་གཅིག་དང་བཅས་སྤྱོད་འཇུག་ཚར་བཞི་གསན། འདི་ནི་སྔ་ཕྱི་ཅི་རིགས་ཡིན་པ་ལས་པད་མ་མཁྱེན་རབ་ཀྱི་མདུན་རྐྱང་པ་ཡིན་པར་མི་སྣང་ངོ་། །གཞན་ཡང་ཀློང་ཆེན་སྙིང་ཐིག་པོད་གཉིས་དང་། ཡིག་འབྲུ་ཞིབ་མོ་ཅན་གྱི་ཆགས་མེད་གཏོ་འབུམ་པོ་ཏི་གསུམ་དང་། ཀུན་བཟང་བླ་མའི་ཞལ་ལུང་དང་བཅས་པའི་ཆོས་ཚན་དུ་མ་ལྗགས་ལུང་ཞུས། མཁན་པོ་པདྨ་མཁྱེན་རབ་ཀྱིས་ཉིན་རེར་གང་ཁྲིད་པ་ཐམས་ཅད་དགའ་རྒྱན་དགོན་པའི་མཁན་པོ་འཇམ་དབྱངས་ཀྱི་མདུན་ནས་དགོང་མོར་བསྐྱར་ཁྲིད་ཞུས་ཤིང་། མཁན་པོ་མཇམ་དབྱངས་ཀྱི་མདུན་ནས་ཀྱང་། གསོ་རིག་གི་སྐོར་ནས་རྩ་རྒྱུད་དང་། རྩ་རྒྱུད་ཀྱི་འགྲེལ་པ། རྩ་མདོ་དང་ཆུ་མདོའི་མན་ངག་སོགས་གསོ་བ་རིག་པའི་བསྟན་བཅོས་གང་མང་གསན། དགའ་རྒྱན་དགོན་པའི་མཁན་པོ་འཆི་མེད་ཀྱི་མདུན་ནས་ཀཿ ཐོག་དགེ་རྩིས་གསན་སྦྱོང་ཚུལ་བཞིན་དུ་བྱས་པས། རྡེའུ་ཞགས་ལྔ་བཅུ་པ་དང་། རྡེའུ་ཞགས་བཅུ་གསུམ་པ། ཀེག་རྩིས་ཞེ་བདུན་པ་དང་། ནད་པ་ཐང་ཤིང་རིང་མོ་སོགས་ཐོགས་མེད་དུ་བརྩི་ཤེས་པར་གྱུར་ནས་སྐབས་རེར་མཁན་པོ་པདྨ་མཁྱེན་རབ་ཀྱིས་ཀྱང་དམ་པ་ཁོང་ལ་ནག་རྩིས་བརྩི་རུ་འཇུག་གི་ཡོད་པར་གྲགས། རི་བོ་ཆེ་དགའ་རྒྱན་དགོན་དུ་བཞུགས་ཡུན་ལ་སྡེ་དགེ་ཞེ་ཆེན་དགོན་པའི་བླ་མ་དགེ་རྒྱལ་གྱི་མདུན་ནས་འཇམ་དབྱངས་མཁྱེན་བརྩེའི་བཀའ་འབུམ་པོད་ཉེར་བཞིའི་ལུང་ཆ་ཚང་གསན། རྒྱ་མཚོའི་མདུན་ནས་འཇམ་མགོན་ཀོང་སྤྲུལ་བློ་གྲོས་མཐའ་ཡས་ཀྱི་བཀའ་འབུམ་ལུང་ཐོབ། དེ་ལྟར་དགའ་རྒྱན་དགོན་ལ་ལོ་གཉིས་ཡས་མས་བཞུགས་ཡུན་ལ་གུས་རྟག་གི་བརྩོན་པ་ཆེན་པོས་ནང་སྔ་ལངས་ནུབ་ཕྱི་ཉལ་གྱིས་བཀའ་བསྟན་དག་ལ་ཡེངས་མེད་དུ་སྦྱངས་པ་བྱས་པའོ།།


          རི་བོ་ཆེ་དགའ་རྒྱན་དགོན་པ།


དགུང་ལོ་ཉེར་བརྒྱད་པ་བོད་རབ་བྱུང་བཅུ་བདུན་པའི་ལྕགས་སྦྲུལ་སྤྱི་ལོ་2001ལོའི་དཔྱིད་ཀའི་དུས་ཤིག་ལ་དགའ་རྒྱན་དགོན་ནས་སྡེ་དགེ་རྫོང་སར་དུ་བྱོན། རྫོང་སར་བཤད་གྲྭར་འབྱོར་རྗེས་མཁན་པོ་ཚེ་བརྟན་ནམ་འཇམ་དབྱངས་བློ་གྲོས་ཀྱི་མདུན་ནས། ཀུན་མཁྱེན་གོ་རམས་པའི་དབུ་མ་ལྟ་བའི་ཤན་འབྱེད་ཟབ་ཁྲིད་དང་། ཞར་བྱུང་དུ་ཆོས་སྒོ་འགའ་གསན་ཏེ་ཟླ་བ་ཁ་ཤས་བཞུགས།


           སྡེ་དགེ་རྫོང་སར་དགོན།


དེ་ནས་དབྱར་མཚམས་གྲོལ་བ་དང་ལྡོམ་བུ་ལ་བྱོན་ཞོར་དུ་ཡ་ཆེན་ཨོ་རྒྱན་བསམ་གཏན་གླིང་དུ་བྱོན་ནས། མཁན་པོ་ཨ་ཁྱུག་གི་མདུན་དུ་འཁོར་འདས་དབྱེར་མེད་སོགས་ཀྱི་ཆོས་འབྲེལ་ཞུས། གཞན་འདན་སྲས་རྟོགས་བརྗོད་སོགས་མཇལ་མཐར། སྡེ་དགེ་རྫོགས་ཆེན་སོགས་འབྲོག་ས་ནས་མར་དང་ཆུར་བ་ཅུང་ཟད་བསླངས་ནས་དཔལ་སྤུངས་དགོན་ལ་བྱོན། དཔལ་སྤུངས་ལ་བྱོན་སྐབས་བྲོ་ཁ་ལ། འབྲི་མར་ཅུང་ཟད་ཙམ་དང་ཕྱུར་བ་ཅུང་ཟད་ཙམ་མ་གཏོགས་རྩམ་པ་ཡང་བསྣམ་རྒྱུ་མེད་ལ། དེའི་སྐབས་སུ་དཔའ་སྤུངས་དགོན་ལའང་འཚོ་བ་ཧ་ཅང་ཞན་པས་དགོན་པར་དུས་བཞིའི་ཟ་མ་གང་ཡང་སྟེར་རྒྱུ་མེད་གཤིས། དཔལ་སྤུངས་ལ་འབྱོར་རྗེས་ཆུར་བ་དང་མར་ཅུང་ཟད་ཀྱི་འཚོ་བ་ལ་བརྟེན་ནས་དཔེ་ཆ་སློབ་གཉེར་བྱས། སྐབས་ཤིག་ལ་འབྲས་ཅུང་ཙམ་རྙེད་ཀྱང་། གཟིམ་ཆས་ལས་གཞན་སྣོད་ཐབ་ཆས་དང་འབུད་ཤིང་སོགས་ཀྱི་ཆ་རྐྱེན་མེད་སྟབས། འབྲས་གཙོ་བར་ཕྱི་དྲོ་ཡི་ཆ་ལ་ཤིང་ཕྱེ་རུག་ནས་སྣོད་ཐབ་ཆས་གཞན་ལས་གཡར་དགོས་ཀྱི་ཡོད་པ་ཡིན་འདུག །ཡིན་ན་ཡང་འབྲས་ཀྱང་དེ་ཙམ་མང་པོ་མེད་པས་དགོང་མ་རེ་ལ་འབྲས་ཕོར་པ་གང་རེ་ཙམ་ཏེ་ཤུལ་གྱི་ཕོར་པ་གང་ཉིན་རྗེས་མ་གསོལ་རྒྱུར་འཇོག་པ་སོགས་མདོར་ན་ཆོས་ཕྱིར་དཀའ་བ་ཆེན་པོ་སྤྱད་པའི་སྒོ་ནས་དཔལ་སྤུངས་ལ་དུས་ཡུན་གང་མཚམས་བཞུགས། དཔལ་སྤུངས་དགོན་པའི་སྟོན་མཚམས་ཀྱི་དུས་སུ་འབྲི་ཆུའི་ཕར་ཚན་མགོ་སེ་ལ་ཡི་ཚུར་ཟུར་ནས། འབྲུ་བསླངས་པས་སྒྱེ་ཁུག་ཕྱེད་ཙམ་རྙེད། རྫོང་སར་ལ་ཕེབས་ནས་ཚ་སྒང་བློ་གྲོས་དཔལ་ལྡན་ནམ་ཚ་བ་མདའ་སྨྱུག་ལ་སྒོར་གཡར་རོགས་ཞེས་གསུངས་ཀྱང་། ཁོང་ཡང་འཚོ་བ་ཐབས་ཆག་ཙམ་ཡིན་པས་སྒོར་མོ་གཡར་རྒྱུ་མ་བྱུང་ཡང་། སྒོར་བརྒྱ་གནང་བར་མཛད་སྐད་གདའ། མདའ་སྨྱུག་ཁོང་གིས་གནང་བའི་སྒོར་བརྒྱ་པོ་ཡོངས་རྫོགས་ཀྱིས་བྲོ་སྐམ་ཉི་འབྲུ་འབྱར་ཡོད་པའི་གོར་གོར་ཞིག་ཡོད་པ་དེ་འདྲ་ཉོས་ཏེ་ཚ་དྲོ་དུས་གསུམ་གྱི་ཞལ་ལག་ཏུ་གོ་ཆོད་པར་བྱས་ཚུལ་ཡང་ཁོང་གི་ཞལ་ནས་ཐོས་མྱོང་། རྫོང་སར་ལ་ཞག་གཅིག་ལ་བཞུགས་ཏེ་སླར་ཡང་དཔལ་སྤུངས་ལ་འབྱོར་དུས། སྟོན་མཚམས་འཛོམས་པ་དང་ཁེལ། སྔར་གྱི་འབྲུ་དེ་དཔལ་སྤུངས་ཀྱི་ཟུར་གྱི་དུད་ཚང་ཞིག་གིས་རྔོ་རོགས་བྱས་པའམ་ཡང་ན་རྩམ་པ་ལ་རྗེས་པས། དུས་དེ་ནས་རྩམ་པ་ཟ་རྒྱུ་རྙེད་ཙམ་བྱུང་ཞེས་དམ་པ་ཁོང་གི་ཞལ་ནས་ཐོས། སྐབས་དེ་ཤེད་ལ་དཔལ་སྤུངས་དགོན་དུ་ཟླ་རེར་ཨ་དཀོན་སྤྲུལ་སྐུས་གྲྭ་མང་ལ་ཟླ་ཕོགས་སྒོར་སུམ་ཅུ་དང་ཚ་བ་སྒྲོལ་མ་ལྷ་ཁང་གི་གྲྭ་པ་འགའ་ཡོད་པ་དག་ལ་ཟླ་ཕོགས་སྒོར་བཞི་བཅུ་རེ་རྒྱག་པར་མཛད་པས་དེའི་ལྷན་དུ་ཁོང་ལའང་ཟླ་རེ་སྒོར་བཞི་བཅུ་གནང་། དཔལ་སྤུངས་དུ་བཞུགས་ཡུན་ལ་ལྟོ་གོས་ཀྱི་ཐད་ལ་འོ་རྒྱལ་མི་ཉུང་བར་མྱང་དགོས་བྱུང་། དཔལ་སྤུངས་ལ་བཞུགས་སྐབས་སུ་གསན་སྦྱང་བྱས་པའི་ཆོས་ཚན་འདི་དག་སྟེ། རྡོ་གྲགས་བླ་མ་ཞེས་པ་ཞིག་མདུན་ནས་ཡོངས་འཛིན་བསྡུས་གྲྭ་ཆ་ཚང་ཞུས་ཤིང་། མཁན་ཆེན་དོན་འགྲུབ་བཀྲ་ཤིས་ཀྱི་མདུན་ནས། དྭགས་པོའི་ཐར་རྒྱན་དང་། བཀྲ་ཤིས་འོད་ཟེར་གྱི་འགྲེལ་པའི་ཐོག་ནས་ཀརྨ་ངེས་ལེགས་ཀྱི་སྡོམ་གསུམ། སེར་འབྲས་ཀྱི་སྐྱོར་དཔོན་ཞིག་གིས་མཛད་པར་གྲགས་པའི་རྟགས་རིགས་བློ་རིགས་ཆ་ཚང་བཅས་གསན། ཁྱད་པར་དུ་མཁན་ཆེན་དོན་འགྲུབ་ཀྱིས་རོང་སྟོན་ཤེས་བྱ་ཀུན་གཟིགས་ཀྱི་ཤེར་འགྲེལ་ཚིག་དོན་རབ་གསལ་གྱི་ཐོག་ནས་སློབ་དཔོན་སེང་གེ་བཟང་པོས་མཛད་པའི་འགྲེལ་ཆུང་དོན་གསལ་ལྗགས་ཁྲིད་མཛད་མོད། དཔེ་ཆ་དེ་བླུ་བྱེད་ཀྱི་དངུལ་མེད་པ་དང་། ཉེ་འཁོར་དུ་དཔེ་ཆ་བཙོང་རྒྱུའང་མེད་པ་སོགས་ཀྱི་རྐྱེན་ལ་བརྟེན་ནས་རོང་སྟོན་གྱི་འགྲེལ་པ་ཕྱག་ཏུ་མ་ཚུད་ཀྱང་། ཁོང་ཉིད་རང་ལུགས་ལ་ཐུན་མོང་མ་ཡིན་པའི་དགའ་སྣང་ཞིག་ཡོད་སྟབས། ཧ་ཅང་བརྩོན་པ་ཆེན་པོས་ཀུན་མཁྱེན་མི་བསྐྱོད་རྡོ་རྗེས་མཛད་པའི་རྗེ་བཙུན་ངལ་གསོའི་ཐོག་ནས་འགྲེལ་ཆུང་དོན་གསལ་སྦྱངས་པ་བྱས་ཏེ། ཤེར་འགྲེལ་ཡོངས་འདུ་ས་བརྟོལ་ཡང་ཟུར་དུ་མཁྱེན་པར་གྱུར། ཁོང་གིས་ཤེར་འགྲེལ་ངལ་གསོའི་དཔེ་ཆ་སྦྱང་པ་ཆེན་པོ་བྱས་ཏེ་དཔེ་ཆའི་ཁ་གདོང་འཛར་བ་དང་ནག་པོ་ནག་རྐྱང་ཆགས་ཡོད་པའང་གོ་ཐོས་བྱུང་། དེའི་དུས་ཀྱི་བཀའ་བརྒྱུད་པ་ཞིག་ལ་མཚོན་ན་ཁོང་གིས་རྗེ་བཙུན་ངལ་གསོ་གཟིགས་པ་བཞིན་ཀུན་མཁྱེན་མི་བསྐྱོད་རྡོ་རྗེའི་གསུང་ལ་ལྟ་མཁན་ནི་ཧ་ལམ་མེད་ཚོད་ལྟར་བུར་མངོན། གཞན་ཡང་མཁན་ཆེན་དོན་འགྲུབ་མདུན་ནས་རྒྱལ་ཚབ་རྗེའི་ཕར་ཕྱིན་གྱི་ཊིཀ་རྣམ་བཤད་སྙིང་རྒྱན་དང་། པཎ་ཆེན་བསོད་གྲགས་ཀྱི་ཕར་ཕྱིན་སྤྱི་དོན་དང་། ཕར་ཕྱིན་མཐའ་དཔྱོད། ཞྭ་ནག་ཅོད་པན་འཛིན་པ་ཆོས་རྗེ་རང་བྱུང་རྡོ་རྗེས་མཛད་པའི་ཟབ་མོ་ནང་དོན་དང་། རྒྱལ་ཚབ་བྱམས་པ་མགོན་པོའི་རྒྱུད་བླ་མའི་བསྟན་བཅོས་བཅས་ཆད་ལྷག་མེད་པར་གསན། སྤྱིར་ན་མཁན་ཆེན་དོན་འགྲུབ་མཆོག་གིས་རྒྱུད་བརྟག་གཉིས་ཆ་ཚང་རྒྱས་ཁྲིད་གནང་བའི་དགོངས་བཞེད་ཡོད་ཀྱང་། གློ་བུར་དུ་དོན་དག་གཞན་གྱི་དབང་གིས། འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་དགྱེས་རྡོར་འགྲེལ་པ་བརྟག་གཉིས་ཀྱི་ཚིག་དོན་རྣམ་པར་གྲོལ་བ་གཞོམ་མེད་རྡོ་རྗེའི་གསང་བ་འབྱེད་པའི་ཐོག་ནས་རྒྱུད་བརྟག་པ་གཉིས་པའི་བརྟག་པ་དང་པོ་ཁྲིད་ལུང་དང་། རྒྱུད་བརྟག་གཉིས་ཀྱི་བརྟག་པ་ཕྱི་མ་དང་། འཇམ་མགོན་བློ་གྲོས་མཐའ་ཡས་ཀྱི་བརྟག་པ་ཕྱི་མའི་འགྲེལ་པ་བཅས་ཁྲིད་མ་ལུང་དུ་གནང་། ཕྱི་ནང་གི་རྐྱེན་མང་པོ་ཞིག་ལ་བརྟེན་ནས་དཔལ་སྤུངས་དགོན་པའི་བཤད་གྲྭ་རེ་ཞིག་ཚུགས་མ་ཐུབ་པར་མཁན་རིན་པོ་ཆེ་དོན་འགྲུབ་མཆོག་ཀྱང་འཕགས་ཡུལ་དུ་ཕེབས་པར་མཛད།


      སྡེ་དགེ་དཔལ་སྤུངས་དགོན།


དེ་དུས་དཔལ་སྤུངས་ཙཱ་འདྲའི་སྒྲུབ་དཔོན་ཞིག་གི་མདུན་ནས་འདོན་ཆའི་སྐོར་མང་པོ་ལུང་ཞུས་ཏེ་ཞག་ཤས་བཞུགས་མཐར། ད་ལྟའི་མགོ་ལོག་སྨན་པ་ཏིང་འཛིན་གྱི་སློབ་ཆེན་བུ་ཉི་མ་དམ་པ་ཁོང་དང་ཐུགས་ཧ་ཀྱང་གཤིན་སྟབས། ཁོང་སྔར་ཨ་རིག་ལ་བྱོན་མྱོང་ཡོད་པས། ཁོང་གིས་ཨ་རིག་ཆོས་གྲྭ་ལ་དཔེ་ཆ་དང་འཚོ་བའི་ཆ་རྐྱེན་ཕུན་སུམ་ཚོགས་པོ་ཡོད་ལུགས་གསུངས་པས། དགུང་ལོ་ཉེར་དགུ་པ་བོད་རབ་བྱུང་བཅུ་བདུན་པའི་ཆུ་རྟ་སྤྱི་ལོ་2002ལོར་དཔལ་སྤུངས་ནས་ཨ་རིག་དགོན་དུ་དཔེ་ཆ་གཟིགས་སུ་བྱོན། ཨ་རིག་དགོན་དུ་མཁན་པོ་སྨུག་ལྡོག་གི་མདུན་ནས། ཀུན་མཁྱེན་འཇུ་མི་ཕམ་གྱིས་མཛད་པའི་ཤེར་འགྲེལ་ཀེ་ཏ་ཀ་དང་། སྙན་ངག་ལེའུ་གཉིས་ཞུས།  ལེའུ་འཕྲོ་མ་རྣམས་མཁན་པོ་པདྨ་རིག་འཛིན་ལས་གསན། སྙན་ངག་དཔེ་བརྗོད་རེ་ལ་ཤློོཀ་གསུམ་རེ་བཞག །མཁན་པོ་རིན་དབང་གི་མདུན་ནས་སྒྲ་རིག་པ་ཞུས། མཁན་པོ་རྫ་ཚེ་རིང་བཀྲ་ཤིས་ཀྱི་མདུན་ནས་སྤྱོད་འཇུག་ཅིག་ཞུས། དེའི་སྐབས་སུ་ཨ་རིག་དགོན་པར་གཙོ་བོར་དཔེ་ཀློག་དང་འབྲེལ་བའི་ཞག་བརྒྱར་བཞུགས་སྲོལ་ཡོད་ལ། དེའི་ཚེ་མཁན་པོ་རིན་ཆེན་ཕུན་ཚོགས་ཀྱིས་དབུ་མ་འཇུག་པའི་རྩ་བ་ཚར་གཅིག་ཁྲིད་པས། སློབ་གཉེར་བ་གཞན་པ་ཚོས་གཙོ་བོ་རེད་མདའ་གཞོན་ནུ་བློ་གྲོས་ཀྱི་འཇུག་འགྲེལ་དེ་ཁོ་ན་ཉིད་གསལ་བའི་སྒྲོན་མའི་ཐོག་ནས། རྒྱུག་འབུལ་དང། མཐའ་དཔྱོད་སོགས་མཛད་ཀྱང་། ཁོང་གིས་གཙོ་བོ་ཀུན་མཁྱེན་མི་བསྐྱོད་རྡོ་རྗེའི་འཇུག་འགྲེལ་དྭགས་བརྒྱུད་གྲུབ་པའི་ཤིང་རྟ་གཞིར་བཟུང་གི་ཐོག་ནས་རྒྱུག་འབུལ་དང་། མཐའ་དཔྱོད་སོགས་མཛད་ནས། ཞོར་དུ་རེད་མདའ་བའི་འགྲེལ་པ་དང་། འཇུ་མི་ཕམ་གྱི་འཇུག་འགྲེལ་རྣམས་ཀྱང་ཞིབ་གཟིགས་མཛད། དེའི་རིང་ཀུན་མཁྱེན་མི་བསྐྱོད་རྡོ་རྗེས་མཛད་པའི་དབུ་མ་འཇུག་པའི་འགྲེལ་པ་དྭགས་བརྒྱུད་གྲུབ་པའི་ཤིང་རྟ་གཅིག་པུར་བརྩོན་པ་ཆེན་པོས་ཚར་བཅུ་ཡས་མས་ཤིག་གཟིགས་པར་མཛད། ཨ་རིག་དགོན་པའི་ཞག་བརྒྱ་གྲོལ་རྗེས་དབུ་མ་འཇུག་པ་བློ་འཆད་གཉིས་ཀྱི་རྒྱུགས་སྤྲོད་པས་དབུ་མའི་བསྟན་བཅོས་ལོ་གྲངས་དུ་མ་གཟིགས་མྱོང་བ་ཙམ་དུ་མ་ཟད། དབུ་མའི་དགོངས་པའི་གནད་ལ་མཁྱེན་རྒྱ་མི་དམན་པའི་དགེ་འདུན་དུ་མའི་དབུས་ནས་དབུ་མའི་རྒྱུགས་རིམ་དང་པོའི་དང་པོ་བྱ་དགའ་ཐོབ།


          རྫ་ཨ་རིག་དགོན་པ།


དེའི་སྐབས་ཤིག་ལ་ཨ་རིག་དགོན་པས་གླིང་ཁོག་རྫོང་མགོ་དགོན་ལ་སྔོན་ནས་དགོན་པའི་གྲྭ་པ་དཔེ་ཆ་ཁྲིད་མཁན་མངག་གིན་ཡོད་ཅིང་། ཨ་རིག་དགོན་པས། དམ་པ་ཁོང་གླིང་ཁོག་རྫོང་མགོ་དགོན་ལ་དཔེ་ཆ་ཁྲིད་མཁན་ལ་ཟླ་བ་གསུམ་དུ་མངགས། དགོན་པ་དེ་རུ་ཁོང་གིས། བསེ་ངག་དབང་བཀྲ་ཤིས་ཀྱིས་མཛད་པའི་བསེ་བསྡུས་གྲྭ་ཐེངས་དང་པོར་དབུ་བཙུགས་ཤིང་། རྒྱལ་སྲས་བདག་ཉིད་ཆེན་པོ་སློབ་དཔོན་ཞི་བ་ལྷས་མཛད་པའི་བྱང་ཆུབ་སེམས་པའི་སྤྱོད་པ་ལ་འཇུག་པ་དང་། ཀུན་མཁྱེན་འཇུ་མི་ཕམ་རྒྱ་མཚོའི་རྟགས་རིགས་བཅས་ཟླ་བ་གསུམ་གྱི་ཡུན་དུ་འཆད་ཁྲིད་མཛད། འཇུ་མི་ཕམ་གྱི་རྟགས་རིགས་ལས། ཡོད་པ་དེ་རང་བཞིན་གྱི་རྟགས་ཡང་དག་ཉིད་དུ་བཟུང་ཡོད་ཀྱང་། སྔོན་དགེ་ལྡན་པའི་གཞུང་ལ་ཅུང་ཟད་སྦྱང་པའི་ཤན་ཤུགས་ཀྱིས་མི་ཕམ་གྱི་དགོངས་པ་དེ་དོན་གཞན་དུ་འགྲེལ་ནས། ཡོད་པ་དང་། གཞི་གྲུབ་སོགས་རྣམ་གྲངས་པར་བཟུང་ནས་དེར་སློབ་གཉེར་པ་དག་ལ་བསླབ་པར་བྱས། འགྲེལ་ཚུལ་དེ་ནི་དོན་ལ་གནས་པ་ཞིག་ག་ལ་ཡིན་ཏེ་གཏན་ནས་མིན་པར་འདུག་སྟེ། ཁོང་གིས་རྗེས་སུ་ཕྱིན་ཅི་ལོག་གི་འགྲེལ་ཚུལ་དེ་དག་གིས་འཕགས་ཡུལ་གྱི་རྒྱན་རྣམས་ཀྱི་གཞུང་དང་། ཁྱད་པར་རྙིང་མའི་མི་ཕམ་པའི་གཞུང་ལ་ཞབས་འདྲེན་ཞུས་བྱུང་ཞེས་འགྱོད་པའི་ཚིག་ཐོས་མྱོང་ཡོད། དེ་ནས་ཁོང་སླར་ཡང་ཨ་རིག་ལ་མ་བྱོན་པར་སྟོན་སྟོད་ཅིག་ལ་ཡབ་ཡུལ་དུ་བྱོན།


           གླིང་ཁོག་རྫོང་མགོ་དགོན།


ཡབ་ཡུལ་ལ་ཟླ་ཤས་བཞུགས་པར་མཛད། ཁོང་སྔོན་དཔལ་སྤུངས་བཤད་གྲྭ་ལ་བཞུགས་སྐབས་སུ། མཁན་ཆེན་དོན་འགྲུབ་བཀྲ་ཤིས་མཆོག་གི་ཞལ་ནས་བཀའ་བརྒྱུད་པའི་མཁན་ཆེན་བསྟན་པ་རབ་རྒྱས་ཀྱི་མཚན་སྙན་ཐོས་ཤིང་། མཁན་པོ་དོན་འགྲུབ་ཀྱི་གཟིམས་ཤག་དེ་ཙམ་ཆེན་པོ་མེད་ཅིང་དཔེ་ཆ་ཞུ་མཁན་ཚང་མ་ཁོང་གི་ཉེ་སར་གཅར་མི་ཐུབ་པས། སློབ་གཉེར་པ་ཉུང་ཤས་ཁོང་གི་ཤག་ཆུང་ནང་ན་བཞུགས་ཤིང་། མང་ཆེ་བ་ཤག་གི་སྒོ་ཕྱེ་སྟེ་བར་འཁྱམ་ནང་དུ་བཞུགས་དགོས་ཡོད་འདུག །ཉིན་ཞིག་ཁོང་མཁན་པོའི་ཉེ་སར་ཞིག་ནས་དཔེ་ཁྲིད་ཞུ་སྐབས་མཁན་པོའི་མདུན་ཅོག་གི་ཐོག་ལ་མཁན་ཆེན་བཀྲ་ཤིས་བསྟན་པ་རབ་རྒྱས་ཀྱིས་མཛད་པའི་བསྡུས་ཚད་དབུ་གསུམ་གྱི་བཀའ་འགྲེལ་ལེགས་བཤད་ཉི་མའི་འོད་ཟེར་ཞིག་མཇལ་བས། བསྟན་བཅོས་དེའི་ནང་གི་བརྗོད་བྱ་དང་རྗོད་བྱེད་སོགས་ལ་ཡིད་སེམས་རབ་ཏུ་མགུ་ནས་སྔར་བས་མཇལ་འདོད་ཀྱི་བློ་ཆེས་ཆེར་སྐྱེས་ཚུལ་ཁོ་བོར་གསུངས་མྱོང་ཡོད། ཁོང་ཉིད་ཀྱང་ཀུན་མཁྱེན་བླ་མ་བསྟན་པ་རབ་རྒྱས་མཆོག་ལ་མི་ཕྱེད་པའི་དད་པ་ཞིག་འཁྲུངས་ནས་མཇལ་འདོད་ཀྱི་བློ་སྐྱེས་པ་སོགས་ལ་བརྟེན་ནས།  དགུང་ལོ་སུམ་ཅུ་པ་བོད་རབ་བྱུང་བཅུ་བདུན་པའི་ཆུ་ལུག་སྤྱི་ལོ་2003ཨ་རིག་ནས་ཡབ་ཡུལ་དུ་ཡར་བྱོན་པའི་ལོ་དེའི་དགུན་དུས་སུ་ལྷོ་ཁ་གྲྭ་སྡིངས་པོ་ཆེའི་བཤད་གྲྭར་ཀུན་མཁྱེན་བླ་མ་བསྟན་པ་རབ་རྒྱས་ཀྱི་མདུན་དུ་འབྱོན་པར་དགོངས་ནས་ལྷ་སར་ཕེབས། དེའི་དུས་སྡིངས་པོ་ཆེའི་བཤད་གྲྭ་དགུན་མཚམས་གྲོལ་བ་དང་ཁེལ་བས།  དགུན་མཚམས་མ་འཛོམས་ཀྱི་བར་དུ་ལྷ་ས་ལ་བཞུགས་ནས་ཆོས་བརྒྱགས་ཀྱི་དོན་དུ་ཨ་མཆོད་འདྲ་བྱས། ཤིང་སྤྲེལ་ལོའི་ལོ་གསར་གྱི་ཚེས་དགུའི་ཉིན་སྡིངས་པོ་ཆེའི་དགོན་དུ་བྱོན་ཏེ་ཀུན་མཁྱེན་བླ་མ་བསྟན་པ་རབ་རྒྱས་མཆོག་མཇལ་ནས། ནང་བརྟག་རྒྱུད་གསུམ་སོགས་རྒྱུད་སྡེའི་སྐོར་དང་སྙན་ངག་བཅས་འཁྲིད་རོགས་ཞུས་པས།  འཁྲིད་གནང་བར་ཞལ་གྱིས་བཞེས་མཛད། ཕྱི་ཉིན་སླར་ཡང་ཀུན་མཁྱེན་བླ་མའི་མདུན་ལ་བཅར་སྐབས།  ནང་བརྟག་རྒྱུད་གསུམ་དང་སྙན་ངག་སོགས་རྗེས་སུ་འཁྲིད་གནང་བར་ཞལ་གྱིས་བཞེས་ནས། དང་ཐོག་ཁྱེད་ཀྱིས་ཟླ་ཁ་ཤས་རིང་ལ། རིགས་ལམ་གནམ་ལྕགས་ཐོག་མདའ་ལྟོས་ཤོག་གསུངས་པས། བླ་མའི་བཀའ་བཞིན་དུ་ཁོང་གིས་རིགས་ལམ་གནམ་ལྕགས་ཐོག་མདའ་ཀུན་མཁྱེན་བླ་མའི་མདུན་ནས་ཞུས། ཁོང་གི་ཐུགས་དགོངས་ལ་གནམ་ལྕགས་ཐོག་མདའི་རིགས་པ་འདི་གཞན་དང་མི་འདྲ་བའི་རིགས་པ་འབུར་དུ་ཐོན་པ་ཞིག་དང་། བསྡུས་གྲྭའི་རིགས་པ་ལ་བལྟོས་ཏེ་ལུང་གི་རྒྱབ་ཆོས་མོད་པ། རིགས་པའི་ཆུ་ཐུབ་པ་ཞིག་དང་ལྷག་ཏུ་དབུ་མ་སྔ་རབས་པའི་ལྟ་བའི་ངེས་གསང་ལྷུག་པོར་སྒྲོག་འདོད་ཚེ་བསྟན་བཅོས་འདི་དང་འདི་ལྟ་བུ་མ་ཤེས་མཐུ་མེད་དུ་སྙམ་པའི་སྒོ་ནས་ཐུན་མོང་མ་ཡིན་པའི་དགའ་ཞེན་ཁྱད་པར་ཅན་ཞིག་འཁྲུངས་ནས་རིགས་ལམ་དེ་ཉིད་ཟླ་ཤས་ཙམ་མ་ཡིན་པར་མཐར་མ་ཕྱིན་གྱི་བར་དུ་སྦྱངས་པ་མཛད།  སྡིངས་པོ་ཆེའི་དགོན་དུ་བཞུགས་ཡུན་དུ་ཀུན་མཁྱེན་བླ་མའི་མདུན་ནས། ཚོགས་ཆོས་ལ་མཛོད་རང་འགྲེལ་གསུང་བཞིན་ཡོད་པ་ཁྲིད་མཚམས་གནས་གསུམ་པ་ལ་ཁེལ་ཡོད་པས།་དེའི་མན་ཆད་ཆ་ཚང་དང་། མངོན་རྟོགས་རྒྱན་གྱི་རྩ་བ། འདུལ་བ་མདོ་རྩ། རྗེ་ཉིད་ཀྱིས་མཛད་པའི་མངོན་རྟོགས་རྒྱན་གྱི་འགྲེལ་པ་རྗེ་བཙུན་བྱམས་པའི་དགོངས་རྒྱན་གྱི་སྐབས་དང་པོའི་སྟོད་ཆ་དང་། ཀུན་མཁྱེན་པད་དཀར་གྱི་ཕྱག་ཆེན་སྔོན་འགྲོ་དངོས་གཞི་དང་། རྗེ་བཙུན་མི་ལའི་མགུར་འབུམ་ཁྲིད་ལུང་བཅས་ཞུས། ཕྱག་ཆེན་དངོས་གཞི། ཀུན་མཁྱེན་རང་བྱུང་རྡོ་རྗེ་མཆོག་གིས་མཛད་པའི་ངེས་དོན་ཕྱག་རྒྱ་ཆེན་པོའི་སྨོན་ལམ། ཀུན་མཁྱེན་མི་ཕམ་གྱི་བཤེས་སྤྲིངས་ཀྱི་འགྲེལ་པ།  ཀུན་མཁྱེན་པད་དཀར་གྱི་མངོན་པའི་འགྲེལ་པ་ལུགས་བཅས་ཀྱང་ཟུར་ཞུས་དང་། དེའི་དུས་སུ་ཀུན་མཁྱེན་བླ་མས་ཚོགས་ཆོས་ལ་གཞུང་ཆེན་གྱི་ཞོར་དུ་སྙན་ངག་ཀྱང་ཁྲིད་གནང་གི་ཡོད་པས་གྲྭ་མང་དང་ལྷན་དུ་སྙན་ངག་ལེའུ་གསུམ་པ་ནས་མཇུག་མ་འཁྱོངས་བར་དུ་གསན། གཞན་ཡང་བློ་གྲོས་དཔལ་ལྡན་ནམ་ཚ་བ་མདའ་སྨྱུག་དང་ལྷན་དུ་བོད་མཁས་པའི་སྙན་འགྲེལ་དཎྜིའི་དགོངས་རྒྱན་ཆ་ཚང་དང་། དབུ་མའི་བསྟན་བཅོས་ལུང་རིགས་འབྲུག་སྒྲ། རྣམ་རྟོག་ཆོས་སྐུའི་དྲིན་ལན་སོགས་ཟླ་བ་དྲུག་བདུན་ཡས་མས་ཤིག་ལ་ཟུར་ཞུས་བྱས། ལྷོ་ཁ་གྲྭ་སྡིངས་པོ་ཆེ་ལ་བྱོན་ནས་ལོ་གཅིག་ཡས་མས་སྐབས་ཤིག་གི་དུས་རང་ཡུལ་དུ་བྱོན་ནས། ཚ་བ་ཡེ་ཆེན་དགོན་པའམ་ཡེ་ཆེན་སྨིན་གྲོལ་ཐེག་མཆོག་ཆོས་གླིང་དགོན་གྱི་བཤད་གྲྭ་བ་རྣམས་ལ་རྒྱུ་ཕར་ཕྱིན་ཐེག་པའི་ཉམས་ལེན་གྱི་གནད་ཡོངས་སུ་འདུས་པའི་བསྟན་བཅོས་ཆེན་མོ་བྱང་ཆུབ་སེམས་པའི་སྤྱོད་པ་ལ་འཇུག་པ་ཆ་ཚང་དང་། རིགས་ལམ་གནམ་ལྕགས་ཐོག་མདའ་ལས་ཚད་གྲུབ་ཀྱི་རྣམ་བཞག་བཅས་ལྗགས་ཁྲིད་མཛད། དེ་ནས་སླར་ཡང་སྡིངས་པོ་ཆེའི་བཤད་གྲྭར་བྱོན། སྔར་བཞིན་ཐོས་བསམ་བྱས་ནས་ཟླ་བ་ལྔ་དྲུག་ཙམ་བཞུགས།


       ལྷོ་ཁ་གྲྭ་སྡིངས་པོ་ཆེ།

དེ་ནས་ཀུན་མཁྱེན་བླ་མ་མཆོག་གིས་ཁམས་ཕྱོགས་སུ་གདན་ས་འདེབས་པ་དང་འབྲེལ་ཁམས་སུ་བྱོན་པར་ཕྱོགས་པའི་ཚེ་དབུས་གཙང་གི་དོན་བརྒྱུད་དཔལ་ལྡན་འབྲུག་པའི་དགོན་པ་རྣམས་ཀྱིས་གདན་འདྲེན་ཞུས་ནས་ཟླ་ཤས་རིང་ཆོས་ཀྱི་འཁོར་ལོ་བསྐོར་བའི་རིང་ལ། ཁོང་ཡབ་ཡུལ་དུ་བྱོན་ནས་ཟླ་འགར་བཞུགས། དེ་ནས་ཀུན་མཁྱེན་བླ་མ་མཆོག་ཁམས་སུ་བྱོན་ནས། བོད་རབ་བྱུང་བཅུ་བདུན་པའི་ཤིང་བྱ་སྤྱི་ལོ་2005ལོར་གདན་ས་ཆེན་མོ་ཕྱག་ཆེན་གླིང་ཐོག་མར་ཕྱག་འདེབས་སྐབས། དམ་པ་ཁོང་ཕྱག་ཆེན་གླིང་དགོན་དུ་བྱོན་པ་ནས་བཟུང་སྟེ་གདན་ས་ཕྱག་ཆེན་གླིང་དུ་ལོ་གཅིག་ཡས་མས་བཞུགས་སྐབས་ཀུན་མཁྱེན་བླ་མའི་མདུན་ནས་འབྲུག་ཐམས་ཅད་མཁྱེན་པ་མི་ཕམ་པདྨ་དཀར་པོས་མཛད་པའི་འདུལ་བ་ཀུན་ལས་བཏུས་པ་སྡོམ་པ་གསུམ་གྱི་རྒྱན་ཅེས་བྱ་བའི་བསྟན་བཅོས་དང་། རྒྱལ་སྲས་དངུལ་ཆུ་ཐོགས་མེད་ཀྱིས་མཛད་པའི་རྒྱལ་སྲས་ལག་ལེན་སོ་བདུན་མ། རིགས་ལམ་གནམ་ལྕགས་ཐོག་མདའ་ལས་བློ་རིགས་ཡན་ཆོད་སྔར་གྲྭ་སྡིངས་པོ་ཆེ་ནས་ཞུ་ཟིནད་ཅིང་། རྟགས་རིགས་ནས་མཇུག་མ་རྫོགས་ཀྱི་བར་དང་། མངོན་རྟོགས་རྒྱན་གྱི་འགྲེལ་ཆེན་བྱམས་པའི་དགོངས་རྒྱན་ལས་ཆོས་འཁོར་གྱི་བར་དུ་ཞིབ་རྩོད་མཛད། ཤེར་ཕྱིན་འགྲེལ་ཆེན་གྱི་ལྷག་མ་རྣམས་རྗེས་སུ་འབྲུག་པ་དགོན་པའི་བཤད་གྲྭའི་དགོངས་མཚམས་སུ་གདན་སར་བྱོན་ནས་དོགས་གཅོད་དང་མཆེད་པོ་རྣམས་ཀྱི་མདུན་ནས་ཁྲིད་ལུང་ཅི་རིགས་ཀྱི་ཚུལ་དུ་གསན་པར་མཛད།


          གདན་ས་ཆེན་མོ་ཕྱག་ཆེན་གླིང་།


དགུང་ལོ་སོ་གསུམ་པ་བོད་རབ་བྱུང་བཅུ་བདུན་པའི་མེ་ཁྱི་སྤྱི་ལོ་2006ལོར་དཔལ་རྒྱལ་བ་བཀའ་བརྒྱུད་དབྱར་ཆོས་ཐེངས་དང་པོ་དང་འབྲེལ་ཁང་ནེ་དགོན་ནས་གྲུབ་མཐའི་བསྟན་བཅོས་མི་ཤིགས་རྡོ་རྗེའི་གོ་ཆ་དང་། རྒྱུད་བླ་མ། རྒྱུད་ཀྱི་རྒྱལ་པོ་བརྟག་གཉིས་ལས་བརྟག་པ་དང་པོ་རྒྱས་ཁྲིད་དང་། དགྱེས་རྡོར་དབང་ཆེན་ཐོབ། ཀུན་མཁྱེན་བླ་མ་མཆོག་ནི་ཕྱག་རྒྱ་ཆེན་པོའི་ཆོས་སྐོར་རྒྱུད་ཆེན་དཔང་པོར་བཞག་ཏེ་མན་ངག་དང་བསྲེ་ནས་ཁྲིད་པ་ལ་འགྲན་པའི་ཟླ་དང་བྲལ་བ་ཞིག་རེད་འདུག་སྙམ་པའི་ངེས་ཤེས་ཁྱད་པར་ཅན་ཐུགས་ལ་འཁྲུངས། འདིའི་ལོར་དྷིཿ ཁྱིམ་འབྲུག་པ་དགོན་ནས་ཀུན་མཁྱེན་མི་ཕམ་པདྨ་དཀར་པོས་མཛད་པའི་ཚད་མ་སྤྱི་དོན་རིགས་པའི་སྙིང་པོ་ཀུན་མཁྱེན་བླ་མའི་ཞལ་ནས་ཞུས་པའོ། །དགུང་ལོ་སོ་གསུམ་པ་བོད་རབ་བྱུང་བཅུ་བདུན་པའི་མེ་ཁྱི་ལོའི་ཟླ་བཅུ་པའི་ཚེས་ཉི་ཤུ་ཕྱི་ལོ་2006/12/9ཉིན་མདོ་སྟོད་དྷིཿ ཁྱིམ་འབྲུག་པ་དགོན་དུ་ཀུན་མཁྱེན་བླ་མ་མཆོག་གིས་མཁན་པོར་བསྐོས།


           དྷིཿ  ཁྱིམ་འབྲུག་པ་དགོན་པ།


དེའི་སྐབས་དྷིཿ ཁྱིམ་འབྲུག་པ་དགོན་པའི་བཤད་གྲྭ་གསར་འཛུགས་ཡིན་པས། དམ་པ་ཁོང་གིས་དྷིཿ ཁྱིམ་འབྲུག་པ་དགོན་པའི་བཤད་གྲྭ་པ་རྣམས་ལ་པོད་གསུམ་ཅན་གྱི་རིགས་ལམ་གནམ་ལྕགས་ཐོག་མདའ་ཆ་ཚང་དང་། ཚད་མ་རྣམ་འགྲེལ་རང་དོན་ལེའུ་ལས་གཞན་སེལ་ཡན། ཚད་མ་རྣམ་འགྲེལ་གྱི་འགྲེལ་པ་ཆོས་ཀྱི་གྲགས་པའི་དགོངས་རྒྱན། ཤེར་ཕྱིན་གྱི་འགྲེལ་པ་རྗེ་བཙུན་བྱམས་པའི་དགོངས་རྒྱན་ཆ་ཚང་། དབུ་མ་འཇུག་པའི་འགྲེལ་པ་སྲིད་པ་གསུམ་གྱི་སྒྲོན་མེ་སེམས་བསྐྱེད་དྲུག་པའི་བར་དུ་རྩོད་ཁྲིད་བྱས། ཞར་བྱུང་དུ་ཚོགས་ཆོས་ལ་དཀོན་མཆོག་རྗེས་དྲན། མདོ་སྡེ་ལས་བརྒྱ་པ། ཀུན་མཁྱེན་པདྨ་དཀར་པོས་མཛད་པའི་མངོན་པར་རྟོགས་པའི་རྒྱན་གྱི་འགྲེལ་པ་རྗེ་བཙུན་བྱམས་པའི་ཞལ་ལུང་། ཆོས་འཁོར་རིམ་པ་གསུམ་གྱི་དོགས་གཅོད དབུ་མ་བཤེས་པའི་སྤྲིངས་ཡིག །དྭགས་པོའི་ཆོས་བཞིའི་རྣམ་བཤད་སྐྱེས་བུ་གསུམ་གྱི་ལམ་ཉིན་མོར་བྱེད་པ། བློ་སྦྱོང་དོན་བདུན་མ། སྙིང་གཏམ་ཉི་ཤུ་རྩ་བརྒྱད་པ་ཡིད་ཀྱི་ཐུར་མ།  སྡོམ་པ་གསུམ་གྱི་སྙིང་པོ་བསྟན་པ། རྒྱལ་བ་རང་བྱུང་པའི་ཕྱག་ཆེན་སྨོན་ལམ། རྒྱལ་བ་མདོ་ཁམས་པའི་སྐུ་ཕྲེང་གསུམ་པ་ངག་དབང་ཀུན་དགའ་བསྟན་འཛིན་གྱིས་མཛད་པའི་ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་སྔོན་འགྲོའི་ཁྲིད་ཡིག་ཟབ་རྒྱས་ཆོས་ཀྱི་རྒྱ་མཚོ་ཆེན་པོ་ནས་སྙིང་པོ་ཡེ་ཤེས་ཀྱི་ནོར་བུ་འདྲེན་པར་བྱེད་པའི་གྲུ་ཆེན། སི་ཏུ་པཎ་ཆེན་ཆོས་ཀྱི་འབྱུང་གནས་ཀྱིས་མཛད་པའི་ཀརྨ་སི་ཏུའི་སུམ་རྟགས་ཀྱི་འགྲེལ་ཆེན་མཁས་པའི་མགུལ་རྒྱན་མུ་ཏིག་ཕྲེང་མཛེས།   ལེགས་བཤད་ལྗོན་པའི་དབང་པོ། རྟགས་འཇུག་དཀའ་གནད་གསལ་བའི་མེ་ལོང་། སི་ཏུའི་ཞལ་ལུང་། ཀུན་མཁྱེན་པདྨ་དཀར་པོས་མཛད་པའི་ཆོས་འབྱུང་བསྟན་པའི་པདྨོ་རྒྱས་པའི་ཉི་བྱེད། བོད་ཀྱི་ལོ་རྒྱུས་སོགས་ཐུན་མོང་དང་ཐུན་མོང་མ་ཡིན་པའི་རིག་གནས་དུ་མར་ཁྲིད་པར་མཛད་དེ་ལོ་འཁོར་བཅུ་བཞི་ཡས་མས་ཤིག་ལ་བཞུགས། ཁོང་གི་སྐུ་ཚེ་འདིའི་མཛད་པ་ཕྲིན་ལས་གཙོ་བོ་གཅིག་ནི་དྷིཿ ཁྱིམ་འབྲུག་པ་དགོན་དུ་དཔེ་ཁྲིད་ཀྱི་མཁན་པོ་ཉིད་དུ་བཞུགས་མཛད་པ་དེ་ཡིན་ནོ། །དམ་པ་ཁོང་ནི་དྷིཿ ཁྱིམ་འབྲུག་པ་དགོན་པར་བཀའ་དྲིན་ཆེ་བ་ཙམ་དུ་མ་ཟད་ཀུན་མཁྱེན་བླ་མའི་བསྟན་པ་ལའང་བཀའ་དྲིན་བླ་ལྷག་ཏུ་ཆེ་བ་ཞིག་ཡིན་པ་ནི་གོར་མ་ཆག །
དགུང་ལོ་སོ་བདུན་པ་རབ་བྱུང་བཅུ་བདུན་པའི་ལྕགས་སྟག་སྤྱི་ལོ་2010ལོ་དང་ལྕགས་ཡོས་2011ལོའི་བར་དྷིཿ ཁྱིམ་འབྲུག་པ་དགོན་དུ་བཞུགས་པའི་དུས་སུ་མདོ་སྨད་དོན་བརྒྱུད་བསྟན་པའི་འབྱུང་གནས་ཁམས་པ་སྒར་གྱི་སྒྲུབ་དཔོན་བླ་མ་རྟོགས་ལྡན་བསམ་གཏན་ཆོས་འཕེལ་གྱི་མདུན་ནས་ཕྱག་ཆེན་རྒྱ་གཞུང་ནས་བཟུང་སྟེ་རྗེ་བཙུན་མར་པ་ལོ་ཙཱའི་བཀའ་འབུམ་ནས་ཁམས་སྤྲུལ་སྐུ་ཕྲེང་བརྒྱད་པ་བསྐལ་བཟང་དོན་བརྒྱུད་ཉི་མའི་བཀའ་འབུམ་ལ་ཐུག་གི་བར་དུ་འབྲུག་ལུགས་ཀྱི་ཆོས་ཚན་དག་ལོ་རེར་ཟླ་བ་གཅིག་དང་ཞག་བཅོ་ལྔ་རུ་ལོ་གཉིས་ལ་ལུང་དུ་གསན།
རབ་བྱུང་བཅུ་བདུན་པའི་ས་བྱི་སྤྱི་ལོ་2008ལོར་དཔལ་རྒྱལ་བ་བཀའ་བརྒྱུད་པའི་དབྱར་ཆོས་ཆེན་མོ་ཐེངས་གསུམ་པ་སྐྱོ་བྲག་ཁང་ནེ་དགོན་དུ་འཚོག་སྐབས་ཀུན་མཁྱེན་བླ་མའི་མདུན་ནས་དོ་ཧ་མཛོད་བརྒྱད་ཆ་ཚང་རྒྱས་ཁྲིད་གསན། སྤྱི་ལོ་2009ལོའི་རབ་བྱུང་བཅུ་བདུན་པའི་ས་གླང་ལོའི་བོད་ཟླ་བདུན་པའི་ཚེ་བཅུ་བཞིའི་ཉིན།  དཔལ་རྒྱལ་བ་བཀའ་བརྒྱུད་དབྱར་ཆོས་ཆེན་མོ་ཐེངས་བཞི་པ་དྷིཿཁྱིམ་འབྲུག་པ་དགོན་དུ་འཚོག་སྐབས་ཀུན་མཁྱེན་བླ་མ་མཆོག་གི་མདུན་ནས་ཕ་བརྒྱུད་གསང་བ་འདུས་པའི་དབང་ཆེན་དང་། གསང་བ་འདུས་པའི་རྒྱུད་རྒྱས་ཁྲིད། རྒྱལ་དབང་ཀུན་དགའ་དཔལ་འབྱོར་གྱིས་མཛད་པའི་སྒྱུ་མ་བར་དོའི་གསོལ་འདེབས། ཕྱག་རྒྱ་ཆེན་པོ་སྒོམ་མ་མོ་སྔོན་འགྲོ་དངོས་གཞི་ཞང་རིན་པོ་ཆེ་ཞེས་འགྲན་གྱི་དོ་མེད་དེའི་མན་ངག་དང་། སངས་རྒྱས་ཡེལ་པ་ཡེ་ཤེས་བརྩེགས་ཀྱིས་མཛད་པའི་གནས་ལུགས་ཕྱག་རྒྱ་ཆེན་པོའི་ཁྲིད་ཡིག །རྟེན་འབྲེལ་གྱི་སྒོམ་རིམ་དམ་པའི་ཆོས་ཟ་མ་ཏོག་དང་། ཉམས་རྟོགས་ནོར་བུའི་འབྱུང་གནས་ལྔ་ལྡན་ཁྲིད་ཡིག་རྒྱ་མཚོ་ལྟ་བུ་དང་། ཁྲོ་ཕུ་བཀའ་བརྒྱུད་ལས་བྱུང་བའི་ཕྱག་རྒྱ་ཆེན་པོ་ཡི་གེ་བཞི་པའི་ཁྲིད་ཡིག་དང་།  ཀུན་མཁྱེན་མི་བསྐྱོད་རྡོ་རྗེས་མཛད་པའི་སྐྱེས་བུ་གསུམ་གྱི་ལམ་རིམ་བསྡུས་པ་དང་། འབའ་རོམ་དར་མ་དབང་ཕྱུག་གི་གསུང་མགུར་རྡོ་རྗེའི་གླུ་མཛོད་དཔག་མེད་བཞུགས་པའི་ནང་ནས་རྗེ་བཙུན་མི་ལས་བྱིན་གྱིས་བརླབས་པའི་མགུར་ཆེན་གྱི་འགྲེལ་པ་ཁྱུང་ཆེན་ལྡིང་བའི་གཤོག་སྒྲ་དང་། རྗེ་སྒམ་པོ་པའི་ཞལ་གདམས་ལམ་མཆོག་རིན་པོ་ཆེའི་ཕྲེང་བ་བཅས་གསན། དབྱར་ཆོས་འདིའི་སྐབས་སུ་དོན་གྱི་སླད་དུ་མཚན་ནས་སྨོས་ན་ས་གསུམ་གྱི་བསྟན་པའི་སྒྲོན་མེ་གནས་བརྟན་འདུལ་བ་འཛིན་པ་ཆེན་པོ་མཁན་ཆེན་བསྟན་པ་རབ་རྒྱས་མཆོག་མཁན་པོ་དང། སྐྱོ་བྲག་མཁན་བཤད་སྒྲུབ་འགྱུར་མེད་མཆོག་ལས་སློབ། གཞན་དགེ་འདུན་གྲངས་ཚང་གི་མདུན་ནས་བསྙེན་རྫོགས་ཀྱི་སྡོམ་པ་བཞེས་ཏེ། མཚན་ལ་བཀའ་བརྒྱུད་འཕྲིན་ལས་རྣམ་རྒྱལ་ཞེས་གསོལ། རྗེས་སུ་བསླབ་པ་ལ་གཅེས་སྤྲས་ཧ་ཅང་ཆེ་བའི་དཔེར་བྱེད་དགོས་པ་བྱུང་།
རབ་བྱུང་བཅུ་བདུན་པའི་ལྕགས་སྟག་སྤྱི་ལོ་2010ལོར་དཔལ་རྒྱལ་བ་བཀའ་བརྒྱུད་དབྱར་ཆོས་ཆེན་མོ་ཐེངས་ལྔ་པ་ནང་ཆེན་སྐྱོ་བྲག་དགོན་དུ་འཚོག་སྐབས་དམ་པ་ཁོང་གིས་ཀུན་མཁྱེན་བླ་མའི་མདུན་ནས་ཟབ་མོ་ནང་དོན། ཕྱག་རྒྱ་ཆེན་པོ་ལྷན་ཅིག་སྐྱེས་སྦྱོར་གྱི་ཁྲིད་ཡིག་གཞུང་ཆུང་རྡོ་རྗེའི་ཚིག་རྐང་ཡིད་བཞིན་གྱི་ནོར་བུ། སློབ་དཔོན་བྷ་བི་ལྷས་མཛད་པའི་བླ་མ་ལྔ་བཅུ་པ། ཀུན་མཁྱེན་བླ་མས་མཛད་པའི་འབའ་རོམ་དར་མ་དབང་ཕྱུག་གི་གསུང་མགུར་གྱི་འགྲེལ་པ་ཁྱུང་ཆེན་ལྡིང་བའི་གཤོག་སྒྲ། ཀུན་མཁྱེན་བླ་མས་མཛད་པའི་དཔལ་ལྡན་མཉམ་མེད་བཀའ་བརྒྱུད་པའི་བསྟན་རྒྱས་སྨོན་ལམ་བདེ་སྟོང་རྒྱ་མཚོའི་རླབས་ཕྲེང་བཅས་གསན།
རབ་བྱུང་བཅུ་བདུན་པའི་ལྕགས་ཡོས་སྤྱི་ལོ་2011ལོར་དཔལ་རྒྱལ་བ་བཀའ་བརྒྱུད་པའི་དབྱར་ཆོས་ཆེན་མོ་ཐེངས་དྲུག་པ་གདན་ས་ཆེན་མོ་ཕྱག་ཆེན་གླིང་དུ་འཚོག་སྐབས་ཀུན་མཁྱེན་བླ་མའི་མདུན་ནས། མ་རྒྱུད་འཁོར་ལོ་བདེ་མཆོག་གི་ལེའུ་དང་པོ་དང་། དགྱེས་མཛད་ལོ་ཙཱ་ཆེན་པོ་མར་པ་ཆོས་ཀྱི་བློ་གྲོས་ཀྱི་མགུར་ཆེན་དང་པོ། རྗེ་བཙུན་མི་ལ་རས་པའི་མགུར་འབུམ་ལས་ཆོས་ཚན་འགའ། གཞན་མཉམ་མེད་དྭགས་པོ་ཟླ་འོད་གཞོན་ནུས་མཛད་པའི་ལམ་མཆོག་རིན་ཆེན་ཕྲེང་བ་སོགས་གསན། བོད་རབ་བྱུང་བཅུ་བདུན་པའི་ཆུ་འབྲུག་སྤྱི་ལོ་2012ལོར་དཔལ་རྒྱལ་བ་བཀའ་བརྒྱུད་པའི་དབྱར་ཆོས་ཐེངས་བདུན་པ་མདོ་སྟོད་རག་ཤུལ་དྷིཿ ཁྱིམ་འབྲུག་པ་དགོན་དུ་འཚོག་སྐབས་ཀུན་མཁྱེན་བླ་མའི་མདུན་ནས། འཕགས་པ་གཞི་ཐམས་ཅད་ཡོད་པར་སྨྲ་བའི་དགེ་ཚུལ་གྱི་ཚིག་ལེའུར་བྱས་པ།   སངས་རྒྱས་མར་པའི་མགུར་ཆེན། རྗེ་བཙུན་ཏཻ་ལོ་པས་ནཱ་རོ་པ་ལ་གདམས་པའི་ཕྱག་ཆེན་གངྒཱ་མ། བློ་སྦྱོང་དོན་བདུན་མ་བཅས་གསན།
རབ་བྱུང་བཅུ་བདུན་པའི་ཆུ་སྦྲུལ་སྤྱི་ལོ་2013ལོར་དཔལ་རྒྱལ་བ་བཀའ་བརྒྱུད་དབྱར་ཆོས་ཆེན་མོ་ཐེངས་བརྒྱད་པ་མདོ་སྟོད་རག་ཤུལ་དྷིཿ ཁྱིམ་འབྲུག་པ་དགོན་དུ་འཚོག་སྐབས་ཀུན་མཁྱེན་བླ་མའི་མདུན་ནས། མར་སྟོན་ཆོས་ཀྱི་བློ་གྲོས་ཀྱི་མགུར་ཆེན་ལམ་གླུ་རིང་མོ་ཞེས་བྱ་བ་དང་། སྐྱོབ་པ་འཇིག་རྟེན་གསུམ་གྱི་མགོན་པོས་མཛད་པའི་ལྔ་ལྡན་རྟོགས་པའི་མགུར་དང་། རྣལ་འབྱོར་བཞིའི་བཤད་པ་དོན་དམ་མཛུབ་ཚུགས་སུ་བསྟན་པ་དང་། དཔལ་ལྡན་མཉམ་མེད་བཀའ་བརྒྱུད་པའི་བསྟན་རྒྱས་སྨོན་ལམ་བདེ་སྟོང་རྒྱ་མཚོའི་རླབས་ཕྲེང་བཅས་གསན།
རབ་བྱུང་བཅུ་བདུན་པའི་ཤིང་རྟ་སྤྱི་ལོ་2014ལོར་དཔལ་རྒྱལ་བ་བཀའ་བརྒྱུད་དབྱར་ཆོས་ཆེན་མོ་ཐེངས་དགུ་པ་རྫ་པད་སྙིང་དགོན་དུ་འཚོག་སྐབས་ཀུན་མཁྱེན་བླ་མའི་མདུན་ནས་ཤེས་རབ་སྙིང་པོའི་མདོ། དགྱེས་པ་རྡོ་རྗེའི་བརྟག་པ་དང་པོའི་ལེའུ་དང་པོ།   མཻ་ཏྲི་པའི་བཞེད་གཞུང་གི་རྟོགས་མགུར། འབྲུག་མཁན་ཆེན་མི་ཕམ་པདྨ་དཀར་པོས་མཛད་པའི་རྒྱན་དྲུག་མཆོག་གཉིས་ལ་གཙོ་བོར་བསྟོད་པ། ཀུ་རུ་ཀུལླེའི་བསྒོམ་བཟླས། འཇམ་དབྱངས་བསྟོད་པ་གང་བློ་མ། མཎྜལ་སོ་བདུན་མ། ཚུལ་ཁྲིམས་ཡང་དག་པར་ལྡན་པའི་མདོ། སྐྱབས་འགྲོ་སེམས་བསྐྱེད། དྭགས་པོའི་ཆོས་བཞིའི་སྨོན་ལམ། ཀུན་མཁྱེན་པདྨ་དཀར་པོས་མཛད་པའི་ཆོས་འཁོར་རིམ་པ་གསུམ་གྱི་དོགས་གཅོད་ཀྱི་རྩ་བ། བསྟན་བཅོས་གྲོས་འདེབས་བདུད་རྩིའི་ཕྲེང་བ། ནང་ཆེན་ཨ་ལྡེའུ་རིན་པོ་ཆེས་མཛད་པའི་དབང་སྡུད་གསོལ་འདེབས། ཀུན་མཁྱེན་བླ་མས་མཛད་པའི་དགྱེས་མཛད་ལོ་ཙཱ་ཆེན་པོ་མར་པ་ཆོས་ཀྱི་བློ་གྲོས་ལ་བསྟོད་པ་བདེ་སྟོང་ཉམས་ཀྱི་རོལ་མོ། ཀུན་མཁྱེན་བླ་མས་མཛད་པའི་གངས་ཅན་གྲུབ་པའི་སེང་གེ་མི་ལ་བཞད་པ་རྡོ་རྗེ་ལ་བསྟོད་པ་མོས་གུས་གདུང་བའི་གླུ་དབྱངས།     ཀུན་མཁྱེན་བླ་མས་མཛད་པའི་ཆོས་རྒྱལ་དྭགས་པོ་ལྷ་རྗེ་ལ་བསྟོད་པ་དཀར་བརྒྱུད་བསྟན་པའི་མཛེས་རྒྱན། ཀུན་མཁྱེན་བླ་མས་མཛད་པའི་དཀར་བརྒྱུད་ཆེ་བཞི་ཆུང་བརྒྱད་ཀྱི་བསྟན་པའི་གསལ་བྱེད་དག་ལ་བསྟོད་པ་དཔྱིད་ཀྱི་འབྲུག་སྒྲ། ཀུན་མཁྱེན་བླ་མས་མཛད་པའི་དཔལ་ལྡན་མཉམ་མེད་བཀའ་བརྒྱུད་པའི་བསྟན་པ་རྒྱས་པའི་སྨོན་ལམ་བདེ་སྟོང་རྒྱ་མཚོའི་རླབས་ཕྲེང་བཅས་གསན།
རབ་བྱུང་བཅུ་བདུན་པའི་མེ་སྤྲེལ་སྤྱི་ལོ་2016ལོར་དཔལ་རྒྱལ་བ་བཀའ་བརྒྱུད་དབྱར་ཆོས་ཆེན་མོ་ཐེངས་བཅུ་གཅིག་པ་གདན་ས་ཕྱག་ཆེན་གླིང་དུ་འཚོག་སྐབས་ཀུན་མཁྱེན་བླ་མའི་མདུན་ནས་དབུ་མ་ཡང་དག་པར་བརྗོད་པ་དང་། ཀུན་མཁྱེན་པདྨ་དཀར་པོས་མཛད་པའི་རྣམ་རྟོག་ཆོས་སྐུའི་དྲིས་ལན། དགེ་བཤེས་གླང་རི་ཐང་པས་མཛད་པའི་བློ་སྦྱོང་ཚིག་བརྒྱད་མ། སྙིང་གཏམ་བསླབ་བྱའི་རིམ་པ། ཀུན་མཁྱེན་བླ་མས་མཛད་པའི་མར་སྟོན་འགྲོ་བའི་བླ་མ་དང་བླ་མེད་གསང་ཆེན་རྒྱུད་སྡེ་བཅས་ལ་བསྟོད་པ་གནས་གསུམ་ཌཱཀྐིའི་དགའ་སྟོན། ཀུན་མཁྱེན་བླ་མས་མཛད་པའི་ངེས་དོན་དབུ་མ་རིགས་ལམ་དང་སློབ་དཔོན་ཀླུ་སྒྲུབ་བཅས་ལ་བསྟོད་པ་དངོས་འཛིན་ཚང་ཚིང་སྲེག་པའི་མེ་ལྕེ། ཀུན་མཁྱེན་བླ་མས་མཛད་པའི་ཡང་དག་པའི་རིགས་ལམ་དང་ཡང་དག་པའི་རིགས་ལམ་སྨྲ་བ་དཔལ་ལྡན་ཆོས་གྲགས་ལ་བསྟོད་པ་དབྱར་སྐྱེས་དབང་པོའི་སྒྲ་དབྱངས་བཅས་ཁྲིད་དུ་གསན།
རབ་བྱུང་བཅུ་བདུན་པའི་མེ་སྤྲེལ་སྤྱི་ལོ་2016ལོའི་བོད་ཟླ་བཞི་པའི་ཚེས་གཅིག་ཉིན་གདན་ས་ཆེན་མོ་ཕྱག་ཆེན་གླིང་དུ་ཀུན་མཁྱེན་བླ་མའི་མདུན་ནས་ཀུན་མཁྱེན་བླ་མས་མཛད་པའི་སུམ་ཅུ་པའི་འགྲེལ་པ་སློབ་དཔོན་ཐུ་མིའི་དགོངས་རྒྱན་གསན། སྤྱི་ལོ་2016ལོའི་བོད་ཟླ་བཅུ་པའི་དུས་སུ་བཀའ་བརྒྱུད་ཀྱི་སྟོན་ཆོས་ཐེངས་དང་པོ་གདན་ས་ཆེན་མོ་ཕྱག་ཆེན་གླིང་དུ་འཚོག་སྐབས་ཀུན་མཁྱེན་བླ་མའི་མདུན་ནས་སྐྱེ་མཆོག་འབའ་ར་བ་རྒྱལ་མཚན་དཔལ་བཟང་གིས་མཛད་པའི་གསང་སྔགས་གསར་མའི་རྣམ་བཤད་ཀྱི་ཁྲིད་ཞུས་ཤིང་། རྡོ་རྗེ་ཐེག་པའི་སྨོན་ལམ་གྱི་ལུང་གསན།
མདོར་ན་དམ་པ་ཁོང་གིས་ཐོག་མཐའ་བར་གསུམ་གྱི་སྐུ་ཚེའི་བརྒྱུད་རིམ་ནང་བཀྲེས་སྐོམ་གྲང་རླུང་གི་སྡུག་བསྔལ་ཁྱད་དུ་བསད་དེ། མི་ཚེ་ཧྲིལ་པོར་བརྩོན་པའི་དཀའ་སྡུག་གིས་བཀའ་དཔེ་ཆ་དང་གཞུང་མན་ངག་དག་ལ་བསླབ་པ་ཚུལ་བཞིན་བྱས་ཏེ། རྒྱལ་སྲས་བྱང་ཆུབ་སེམས་པའི་སྤྱོད་པ་དང་རྗེས་སུ་མཐུན་པར་དད་པ་དང་དག་སྣང་མངོན་ལྐོག་མེད་པའི་སྐལ་ལྡན་གྱི་སློབ་བུ་དུ་མའི་རྒྱུད་ཀྱི་ཞིང་ས་ལ། དགེ་སེམས་ཀྱི་ས་བོན་གདབ་པར་མཛད་པ་དང་། ཐོས་སྒོམ་ཟུང་དུ་འཇུག་པ་ནི་མཉམ་མེད་རྒྱལ་བ་བཀའ་བརྒྱུད་པའི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཡིན་གཤིས། དམ་པ་ཁོང་གིས་རྒྱུན་པར་ཐོས་བསམ་བྱེད་ཞོར་དུ། འཁོར་བའི་ཆོས་ལ་བློ་ལྡོག་པར་བྱ་བའི་ཕྱིར་དུ་དལ་འབྱོར་རྙེད་དཀའ་བ་དང་། ཚེ་མི་རྟག་པ། ལས་རྒྱུ་འབྲས། འཁོར་བའི་ཉེས་དམིགས་སྒོམ་པ་ནས་གཟུང་སྟེ། ནཱ་རོ་ཆོས་དྲུག་སོགས་ལྟ་བ་ཕྱག་རྒྱ་ཆེན་པོའི་ཕྱོགས་ལའང་ཉམས་ལེན་མི་དམན་པ་མཛད་མཁན་གྱི་སྐྱེས་བུ་ཁྱད་པར་ཅན་ཞིག་ཡིན་པ་ནི་གདོན་མི་ཟ་བར་ངེས་སོ། །
དམ་པ་ཁོང་དགུང་ལོ་ཞེ་གཅིག་ཡས་མས་སྐབས་ཤིག་ལ་སྐུ་སྙུང་སྟེ། ཁྲིན་ཏུའུ་གྲོང་ཁྱེར་དུ་གཤས་བཅོས་སོགས་སྐུ་སྨན་གང་ལེགས་འབྲུག་པ་དགོན་པས་རྟེན་ཕྱིར། སྙུང་གཞི་ལས་གང་འཚམ་ཇེ་དྲག་ཏུ་སོང་སྟེ་སྔར་བཞིན་འབྲུག་པ་དགོན་དུ་ལོ་ལྔ་དྲུག་ཡས་མས་ཤིག་ལ་དཔེ་ཁྲིད་མཛད། ཕྱིས་སུ་སྙུང་གཞི་ཇེ་ལྕིར་སོང་སྟབས་དྷིཿ ཁྱིམ་འབྲུག་པ་དགོན་པས་རྒྱ་སྨན་དང་བོད་སྨན་སོགས་ཐབས་ཤེས་ཡོད་དགུ་མཛད་ཀྱང་ཕན་པ་ཆེ་ཆེར་མ་བྱུང་བས། མཐརདྷིཿ ཁྱིམ་འབྲུག་པ་དགོན་པའི་བླ་གྲྭ་རྣམས་ཀྱིས་རང་དགོན་དུ་གདན་དྲངས་ཏེ་ལོ་ངོ་གཅིག་ཡས་མས་ཀྱི་རིང་ལ་བླ་གྲྭ་ཆེ་ཆུང་རིས་སུ་མ་མཆིས་པའི་རང་རང་གི་རྩ་བའི་བླ་མ་དང་། སློབ་དཔོན་གྱི་འདུ་ཤེས་བཟུང་ནས་སྙུང་གཡོག་སོགས་ཀྱི་ཞབས་ཞུ་ལེགས་པར་བགྱིས། མཐར་དགུང་ལོ་ཞེ་བརྒྱད་པ་བོད་རབ་བྱུང་བཅུ་བདུན་པའི་ལྕགས་བྱི་ལོའི་བོད་ཟླ་11/10ཕྱི་ལོ་2020སྤྱི་ཟླ་12/24ཉིན་གྱི་དགོང་མོར་ཆུ་ཚོད་བརྒྱད་དང་སྐར་མ་ཞེ་གཉིས་ཀྱི་ཐོག་ཏུ་སྐྱོ་གདུང་དང་སྨྲེ་ངག་གི་འཚོ་བའི་མི་ཡུལ་སྡུག་བསྔལ་གྱི་རྒྱ་མཚོ་དང་གཏན་དུ་ཞལ་གྱེས་ཏེ། ཞིང་གཞན་དུ་གཤེགས་པའོ། །འདའ་ཁའི་ཞལ་གདམས་ལ།

ཕྱི་ཡི་དངོས་པོ་མི་བརྟན་འགྱུར།།
ནང་གི་སྐྱེ་བོ་ཇི་སྙེད་ཀུན།།
འཆི་བའི་ལམ་ལས་མ་འདས་ཕྱིར།།
བདག་ནི་འཆི་བར་ཅིས་མི་འགྱུར།།
 
བདག་ནི་ཐ་མལ་པ་ཞིག་སྟེ།།
འཆི་བའི་འོག་ཏུ་གནས་རིས་ཀུན།།
གང་དུ་འགྲོ་འགྱུར་ངེས་དཀའ་ཡང་།།
བོད་ལུགས་ཡང་སྲིད་དགོས་པ་མེད།།

བདག་དང་འབྲེལ་ཞིང་བདག་ཉིད་ལ།།
བརྩེ་ལྡན་ཀུན་གྱིས་བསྔོ་བ་དང་།།
སྨོན་ལམ་ལེགས་པོ་འདེབས་ན་འོས།།
དེ་ལྟར་དམ་པ་གོང་མས་བཞེད།།

བདག་ནི་སྐྱེས་ཏེ་ད་བར་དུ།།
རླབས་ཆེན་བྱ་བ་གཞན་དབེན་ཀྱང་།།
ཐོས་བསམ་སྒོམ་ལ་ཅུང་ཟད་ཅིག།
བློ་ཁ་ཕྱོགས་འདི་དགའ་བའི་གནས།།
བདག་ལ་བལྟོས་པའི་མི་བུ་ཡིས།།
འདི་ཕྱི་རང་གཞན་མ་ལུས་ཀུན།།
ནམ་ཡང་མི་བསླུ་དམ་པའི་ཆོས།།
ཡིན་པར་ཐུགས་ཀྱི་བཅུད་དུ་སྲེལ།།

ཡང་དག་མི་ཆོས་རྒྱུད་འབྱོར་ནས།།
དེ་ཡི་སྟེང་ནས་དམ་པའི་ཆོས།།
སྤྱོད་ལམ་ཀུན་ཏུ་ཉམས་བླངས་ན།།
འབྲས་བུ་བཟང་པོ་ཐོབ་པར་འགྱུར།།

ཀྱེ་མ་སྐྱེ་རྒ་ན་འཆི་བཞིའི།།
སྡུག་བསྔལ་སོགས་ཀྱི་འདམ་རྫབ་ཏུ།།
མི་འདོད་བཞིན་དུ་ཚུད་པ་འདི།།
ཐར་པའི་ཐབས་ལ་ཅིས་ནས་རེམ།།

བདག་ནི་གྲོལ་ཞེས་མི་སྨྲ་ཡང་།།
ལེགས་ཉེས་གང་དུ་མ་ངེས་པའི།།
མཚན་མ་སོགས་ལ་སྒྲོ་སྐུར་གྱིས།།
ཡུལ་ཁམས་འུར་གྱིས་བཀང་མི་བྱ།།
བླ་མ་དམ་པས་ངོ་སྤྲད་པའི།།
མ་ནོར་འོད་གསལ་བསྒོམས་གོམས་པས།།
གཉུག་མ་གཞི་ཡི་འོད་གསལ་ཐོག།
སྐད་ཅིག་བཞི་པར་གྲོལ་བར་གསུངས།།

ངོས་མ་ཟིན་པའི་གཞི་འོད་གསལ།།
བཅོས་མའི་སེམས་ལ་ལྟ་བ་ཟུང་།།
སྐད་ཅིག་བཞི་པའི་འོད་གསལ་སྐབས།།
འོད་གསལ་མ་བུ་འཕྲད་འདོད་མཚར།།

བདག་ནི་ཚེ་རབས་ཀུན་ཏུ་ཡང་།།
དངོས་བརྒྱུད་ཀུན་ནས་གཞན་དག་ལ།།
གནོད་པའི་རྒྱུ་རུ་མ་སོང་ཞིག།
རང་གིས་རེ་བ་སྨོན་རྒྱུ་དངོས།།

ཞེས་སྐབས་ཤིག་གི་གཏམ་ཞེས་པ་ཞིག་གསུངས། སྐྱེས་བུ་གཞན་གྱི་འདས་ཚུལ་བཤད་པར་ལྟར་བཤད་ན་དམ་པ་ཁོང་ལ་ཡང་འདས་ཚུལ་འདི་འདྲ་དེ་འདྲ་ཞེས་བཤད་རྒྱུ་ཡོད་བཟོ་གདའ་མོད། གོང་གི་ཞལ་ཆེམས་ལས།

བདག་ནི་གྲོལ་ཞེས་མི་སྨྲ་ཡང་།།
ལེགས་ཉེས་གང་དུ་མ་ངེས་པའི།།
མཚན་མ་སོགས་ལ་སྒྲོ་སྐུར་གྱིས།།
ཡུལ་ཁམས་འུར་གྱིས་བཀང་མི་བྱ།།

ཞེས་གསུང་འདུག་པས་བཀའ་བཞིན་དུ་ཁོ་བོས་ཀྱང་མ་བཤད་དོ། །དེ་ནས་རྗེས་ཀྱི་གདུང་ཆོག་སོགས་ཀྱང་དྷིཿ ཁྱིམ་འབྲུག་པ་དགོན་པས་ལེགས་པར་བསྒྲུབས་ཡོད། སྤྱིར་ན་ནང་དོན་རིག་པ་ཆེད་སྦྱང་བྱེད་མཁན་གྱི་མི་ཞིག་གི་ངོས་ནས་བསམ་ན་མི་ཚེ་གཅིག་གི་ལོ་རྒྱུས་སྡོམ་ཚིགས་སུ་འཆད་རྩོད་རྩོམ་གསུམ་ཡ་མ་བྲལ་བ་ཞིག་ཡོད་དགོས་ངེས་ཅན་ཡིན་ཕྱིར། ལེགས་ཉེས་ཀྱི་བློ་མིག་ལྡན་ཞིང་། འཆད་རྩོད་རྩོམ་གསུམ་གཞན་དྲིང་འཇོག་མི་དགོས་པའི་དམ་པ་ཁོང་གི་བརྩམས་ཆོས་ནི། དགེ་ཚུལ་གྱི་ཀཱ་རི་ཀ་ལྔ་བཅུ་པ་ཅུང་ཟད་འགྲེལ་པ་གསར་བུ་པ་ལ་ཕན་པ་ཞེས་བྱ་བ་དང་། བླ་མའི་རྣམ་བཤད་བློ་མུན་སེལ་བའི་སྒྲོན་མེ་ཞེས་བྱ་བ་སོགས་འགྲེལ་བཤད་ཀྱི་སྐོར་དང་། ལོ་ཆེན་མར་སྟོན་ཆེན་པོའི་རྣམ་ཐར། རྗེ་བཙུན་བླ་མ་ཀུན་མཁྱེན་མི་བསྐྱོད་རྡོ་རྗེའི་རྣམ་ཐར་རང་མོས་དང་འཚམ་པ་སོགས་རྣམ་ཐར་གྱི་སྐོར་དང་། ཡེ་ཆེན་དགོན་པའི་ལོ་རྒྱུས་དྲང་པོར་བརྗོད་པ་དང་། དཔལ་དྷིཿ ཁྱིམ་འབྲུག་པ་དགོན་པའི་ལོ་རྒྱུས་མདོར་བསྡུས། དཔལ་དྷིཿ ཁྱིམ་འབྲུག་པ་དགོན་པའི་ལོ་རྒྱུས་ཅུང་རྒྱས་པ། གྲགས་ཅན་བོད་ཡིག་གི་ལོ་རྒྱུས། བོད་ཀྱི་ལོ་རྒྱུས་སྤྱི་སྡོམ་སོགས་ལོ་རྒྱུས་ཀྱི་སྐོར་དང་། དེ་ཙམ་མ་ཟད་བསྟོད་ཚོགས་ཀྱི་སྐོར་དང་། འདོན་པའི་སྐོར། རྗེས་དྲན་གྱི་སྐོར། འཕྲིན་ཡིག་གི་སྐོར་སོགས་མང་དུ་ཡོད་ཀྱང་འདིར་ཡིག་ཚོགས་མང་བར་དོགས་ནས་སོགས་ཁོངས་སུ་བསྡུས་པ་ལས་མིང་དངོས་སུ་མ་སྨོས་སོ།། །།


དམ་པ་གང་ཉིད་ཀྱི་སྐུ་པར།


སླར་སྨྲས་པ།

རྒྱལ་བསྟན་མེ་ཏོག་འཛུམ་པའི་སྐྱེད་ཚལ་དུ།།
ཚུལ་མཐུན་དྲང་སྲོང་ཞིག་གི་གོམ་སྟབས་ཁྲོད།།
དོན་ལྡན་བྱ་བ་གཉེར་བའི་མི་ཚེ་ཡི།།
རང་བཞིན་བརྗོད་པའི་གཏམ་ཞིག་འདི་ན་ཡོད།།


ཅེས་པ་འདི་ནི་དམ་པ་གང་གི་ཞབས་རྡུལ་སྤྱི་བོར་ལེན་པའི་སྐལ་བཟང་ཐོབ་ཅིང་དམ་པ་ཁོང་གིས་ཀུན་མཁྱེན་བླ་མའི་མདུན་སར་ཆེད་དུ་སློབ་གཉེར་དུ་མངགས་པའི་གདན་ས་ཆེན་མོ་ཕྱག་ཆེན་གླིང་གི་གྲལ་མཐའ་བ་རེ་བའི་མིག་ཅན་ནམ་ངེས་དོན་བཟང་པོས་བྲིས་པའོ།།



 

༢༠༢༤


ཚ་སྒང་གཞིས་ཁྱིམ།




A擦岗平台
ཚ་སྒང་འཕྲིན་སྟེགས་འདི་རིས་སུ་མ་ཆད་པའི་ཐུན་མོང་གི་རྩོམ་ཡིག་འགོད་ཆོག་པའི་སྤྱི་སྟེགས་ཤིག་ཡིན།
 最新文章