མ་ཡུམ་སློབ་གླིང་རྗེས་སུ་དྲན་པ།
•དབྱངས་ཟེར།
དད་གསུམ་པད་མོ་འཛུམ་པའི་སྙིང་དབུས་ན། །
འདི་ཕྱིའི་ལམ་སྟོན་ནུས་པའི་ལྔ་རིག་པ། །
ཀུན་མཁྱེན་བླ་མ་སུམ་ལྡན་རྡོ་རྗེ་འཛིན། །
ཚེ་རབས་ཀུན་ཏུ་འབྲལ་བ་མེད་པར་བཞུགས། །
ནོར་འཛིན་ཡངས་པའི་སྐྱེད་ཚལ་ན། །
མངའ་རིག་ཕྱག་གླིང་ཆོས་ཀྱི་གྲྭ། །
སྣོད་བཅུད་ལེགས་ཚོགས་རབ་རྒྱས་པའི། །
སུམ་རྩེན་ས་འདིར་འཕོས་པ་བཞིན། །
འདུ་འཛིས་དབེན་པའི་རི་སུལ་ན། །
དམར་སེར་འདུས་པའི་མེ་ཏོག་བཀྲ། །
གུ་ཡངས་ནམ་མཁའ་ཟླུམ་འཁྱིལ་དབུས། །
སྐྱིད་ཀྱི་ཉི་མ་རྣམ་པར་འཛུམ། །
རྣམ་མང་ཆོས་ཀྱི་གྲྭ་སའི་དབུས། །
ལུང་རིགས་དབུ་འཕང་རབ་མཐོ་ཞིང་། །
བློ་གྲོས་འོད་ཟེར་སྟོང་འབར་བའི། །
བཀའ་བརྒྱུད་གདན་ས་ཕྱག་ཆེན་གླིང་། །
ཚེ་གཅིག་སངས་རྒྱས་སར་བགྲོད་པའི། །
གསང་སྔགས་རྡོ་རྗེ་ཐེག་པའི་ཆོས། །
ཚུལ་བཞིན་ཐོབ་པའི་སློབ་ཚོགས་རྣམས། །
ཨེ་མ་བསོད་ནམས་ཅན་གྱི་མཆོག །
སྒྲ་རིག་ནས་བཟུང་གཞུང་ལུགས་ཀུན། །
འཆད་དང་རྩོད་པའི་ར་བ་ནས། །
གནད་དོན་ཟབ་མོ་འབེལ་བའི་སྒྲ། །
ཐོས་འཛིན་ལམ་ལ་རྟག་ཏུ་སྙན། །
ཕྱོགས་སུ་མ་ལྷུང་སྡོམ་གསུམ་ཁྲིམས། །
ཚུལ་བཞིན་འཛིན་པའི་དཀར་ངོགས་ལས། །
ཚུལ་ཁྲིམས་དྲི་ངད་རབ་འཐུལ་བའི། །
དགེ་འདུན་དར་བའི་བཀྲ་ཤིས་འཁྱིལ། །
དེས་ན་དཀའ་བཞི་བརྒྱུད་པ་ཡི། །
རང་ལུགས་དྲི་མེད་འཛིན་མཛད་པའི། །
ལས་ཀྱི་མེ་ཏོག་ཕོག་པའི་གྲྭ། །
རྡོ་རྗེ་བཞིན་དུ་བརྟན་པར་ཤོག །
དོ་དམ་པའི་སྒེར་འཕྲིན།
1924226187
བརྩམས་ཆོས་བསྐུར་ཡུལ་གྱི་ཡིག་ཟམ། 16222785500.com
更多精彩,ནང་དོན་ཚང་མ།“阅读原文”查看。