མཛད་པ་པོ། ཚ་བ་སྒང་མཁན་ཀརྨ་ལས་སྒྲུབ།
ཞལ་འདོན་པ། ཕྲིན་ལས་དབང་རྒྱལ།
༄༅། །དཔལ་ལྡན་ཀརྨ་ཀཾ་ཚང་གི་བསྟན་པ་རྒྱས་པའི་སྨོན་ལམ་དྲང་སྲོང་དགྱེས་པའི་གླུ་དབྱངས་ཞེས་བྱ་བ།
ན་མོ་གུ་རུ།
དོན་གཉིས་མཐར་ཕྱིན་བདེ་བར་གཤེགས་པ་དང་། །
རྨད་བྱུང་ལུང་དང་རྟོགས་པ་དམ་པའི་ཆོས། །
རྒྱ་ཆེན་ཡོན་ཏན་མངའ་བའི་དགེ་འདུན་ཚོགས། །
བསླུ་མེད་དཀོན་མཆོག་གསུམ་གྱི་བདེན་མཐུ་ཡིས། །
མཉམ་མེད་རྒྱལ་བའི་བསྟན་པ་རིན་པོ་ཆེ། །
ཚུལ་གནས་ཐོས་བསམ་སྒོམ་པས་བཟུང་མཛད་པའི། །
རྣམ་དག་ཐུབ་བསྟན་ཡོངས་སུ་རྫོགས་པ་ཡི། །
ཀཾ་ཚང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བཅོས་མིན་ངེས་འབྱུང་ལྗོན་པའི་རྩ་བ་བརྟན། །
རབ་དཀར་དགེ་བའི་སེམས་ཀྱི་ཁོ་ལག་རྫོགས། །
ཚུལ་ཁྲིམས་བཟང་པོའི་འབྲས་བུ་གཡུར་ཟ་བའི། །
ཀཾ་ཚང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
ནམ་མཁས་མཐར་ཁྱབ་རྣམ་མང་འགྲོ་བ་ཀུན། །
བསླད་མེད་བྱམས་དང་བརྩེ་བའི་དྲོད་ཁྱིམ་ནས། །
ནམ་ཡང་འདོར་བ་མེད་པའི་ཐུགས་རྗེ་ཅན། །
ཀཾ་ཚང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
གཞུང་ལུགས་གདམས་པར་འཆར་བའི་བློ་གྲོས་ཀྱིས། །
སྦྱང་བྱའི་གནས་ལ་ཕྱོགས་རེར་མ་སོང་བས། །
བཀའ་དང་དགོངས་འགྲེལ་ཀུན་ལ་སྦྱངས་མཛད་པའི། །
ཀཾ་ཚང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
ཇི་ལྟར་ཐོས་པའི་དོན་ལ་ཉིན་དང་མཚན། །
རྣམ་དག་རིགས་པས་ཡང་ཡང་དཔྱད་ནས་ནི། །
བདེན་གཉིས་གནས་ལ་སྒྲོ་འདོགས་ཆོད་པ་ཡི། །
ཀཾ་ཚང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
ཡིན་ལུགས་ཕུ་ཐག་ཆོད་པའི་གནས་ལུགས་དོན། །
ཟློག་མེད་བརྩོན་པ་དྲག་པོས་སྒོམ་བྱས་པས། །
གྲུབ་པའི་ཡོན་ཏན་ཡར་ངོའི་ཟླ་བཞིན་རྒྱས། །
ཀཾ་ཚང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
གསང་ཆེན་རྡོ་རྗེ་ཐེག་པའི་གསེང་ལམ་ནས། །
རྨད་བྱུང་ཐབས་ཤེས་འཕྲུལ་གྱི་འཕུར་འགྲོ་ཡིས། །
མིག་འཁྲུལ་བཞིན་དུ་ས་ལམ་མྱུར་བགྲོད་པའི། །
ཀཾ་ཚང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
འཆད་ན་བདེན་གཉིས་ངོ་བོ་ཇི་བཞིན་སྟོན། །
རྩོད་ན་ལོག་སྨྲའི་སྤོབས་པ་འཇོམས་མཛད་ཅིང་། །
རྩོམ་ན་ལེགས་བཤད་ཐང་མར་བརྡལ་མཛད་པའི། །
ཀཾ་ཚང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
ཡོད་མེད་སྤྲོས་པས་སྟོང་པའི་ལྟ་བ་མཆོག །
མ་བཅོས་རང་བབ་འཇོག་པའི་སྒོམ་པ་བཟང་། །
ཐོ་ཅོའི་དྲི་མས་མ་གོས་སྤྱོད་པ་མཛེས། །
ཀཾ་ཚང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
སྐུ་ལ་ཞི་དུལ་མཛེས་པའི་རྒྱན་གྱིས་སྤྲས། །
གསུང་གིས་སྡེ་སྣོད་རྒྱ་མཚོའི་ཆོས་སྒྲ་སྒྲོག །
ཐུགས་ནི་ཕྱག་རྒྱ་ཆེ་ལས་མ་གཡོས་པའི། །
ཀཾ་ཚང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
དཔལ་མགོན་ཀླུ་ནས་བྱོན་པའི་ལྟ་བ་དང་། །
རྒྱལ་ཚབ་མཆོག་ནས་བརྒྱུད་པའི་རྒྱ་ཆེན་དོན། །
འགལ་མེད་ཐུགས་ཀྱི་འཁོར་ལོར་བྱོན་པ་ཡི། །
ཀཾ་ཚང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
རྨད་བྱུང་བཀའ་བབ་བཞི་ཡི་གདམས་ངག་དང་། །
གྲུབ་མཆོག་ནཱ་རོའི་ཟབ་ཆོས་དྲུག་དང་བཅས། །
ཚང་ལ་མ་ནོར་ཉམས་སུ་བསྟར་བ་ཡི། །
ཀཾ་ཚང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
ཡེ་ཤེས་མཁའ་འགྲོའི་ཞལ་རླངས་མ་ཉམས་པའི། །
རྡོ་རྗེ་འཛིན་པའི་དགོངས་བཅུད་དྲི་མ་མེད། །
འཕགས་པའི་ཚོགས་ཀྱི་སྙན་ནས་བརྒྱུད་པ་ཡི། །
ཀཾ་ཚང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
ཐ་མལ་སྣང་ཞེན་མ་ལུས་སུན་དབྱུང་བའི། །
བསྐྱེད་རིམ་དོན་ལ་ཤིན་ཏུ་གོམས་པའི་མཐུས། །
སྣང་སྲིད་དག་པའི་སྣང་བ་འབྱམས་ཀླས་པའི། །
ཀཾ་ཚང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
འབར་འཛག་འགྲོས་ཀྱི་གནད་གསང་ལ་བརྟེན་ནས། །
ཀུན་རྟོག་ལས་རླུང་དྷུ་ཏིར་དག་ནས་སུ། །
རྫོགས་རིམ་གནད་ལ་མངའ་དབང་འབྱོར་བ་ཡི། །
ཀཾ་ཚང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
རྩོད་མེད་རྡོ་རྗེ་ཐེག་པའི་ལམ་མཆོག་ནས། །
ཚེ་གཅིག་རྡོ་རྗེ་འཆང་གི་རྒྱལ་ས་རུ། །
བདེ་བར་འཛེགས་ནས་དོན་གཉིས་ལྷུན་གྲུབ་པའི། །
ཀཾ་ཚང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བྱང་ཕྱོགས་ཞིང་འདིར་ཐུབ་བསྟན་ཀུན་གྱི་ཏོག །
མར་སྟོན་རྒྱལ་བའི་རིང་ལུགས་མ་འདྲེས་པ། །
ཇི་བཞིན་བཟུང་ལ་ནུས་པའི་མཐུ་ཐོབ་པའི། །
ཀཾ་ཚང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
མཁས་གྲུབ་དབྱར་གྱི་ཆུ་གཏེར་བཞིན་དུ་འཕེལ། །
བསྟན་པའི་སྦྱིན་བདག་ཚེ་དཔལ་འབྱོར་པ་རྒྱས། །
ཕུན་ཚོགས་སྡེ་བཞི་འཛད་མེད་འཇོ་བ་ཡི། །
ཀཾ་ཚང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
བྱིན་རླབས་གཏེར་འཆང་བརྒྱུད་གསུམ་བླ་མ་དང་། །
དངོས་གྲུབ་རྩོལ་མཛད་ཡི་དམ་ཌཱ་ཀིའི་ཚོགས། །
རྩ་བ་གསུམ་གྱི་བྱིན་རླབས་ནུས་མཐུ་ཡིས། །
ཀཾ་ཚང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
མ་ཧཱ་ཀ་ལ་དཔལ་ལྡན་ལྷ་མོ་དང་། །
བསྟན་སྲུང་དམ་ཅན་རྒྱ་མཚོའི་མཐུ་སྟོབས་ཀྱིས། །
འཁྲུལ་མེད་རྒྱལ་བསྟན་སྐྱོང་བའི་སྒྲུབ་རྒྱུད་པའི། །
ཀཾ་ཚང་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག །
ཅེས་རྒྱལ་བསྟན་ཡོངས་སུ་རྫོགས་པའི་མཉམ་མེད་རྒྱལ་བ་བཀའ་བརྒྱུད་པའི་ནང་ཚན་དཔལ་ལྡན་ཀརྨ་ཀཾ་ཚང་གྱི་བསྟན་པ་རྒྱས་པའི་སྨོན་ལམ་དྲང་སྲོང་དགྱེས་པའི་གླུ་དབྱངས་ཞེས་བྱ་བ་འདི་ནི། དུས་བཟང་པོ་དང་། དགེ་འདུན་སོགས་ཚོགས་པ་ཆེན་པོའི་སྐབས་སུ་དང་། གང་ཟག་སྒེར་རྣམས་ཀྱིས་དབྱངས་དང་འདུན་པ་དྲག་པོའི་སྒོ་ནས་ལེགས་པར་བསྒྲགས་ན་དེ་དེ་ལྟར་དུ་འགྲུབ་པར་འགྱུར་བ་གདོན་མི་ཟའོ། །བཀའ་རྒྱུད་སྤྱི་དང་། བྱེ་བྲག་ཏུ་དཔལ་ལྡན་འབྲུག་པ་དང་འབྲི་གུང་སོགས་བཀའ་བརྒྱུད་པ་དག་གིས་རང་རང་གི་མཚན་ཁ་སྤོས་ནས་འདོན་ཆོག་པར་ཡང་ཡོད། སྔོན་དུ་བྱོན་པའི་ཀཾ་ཚང་པ་རྣམས་ཀྱི་བསྟན་རྒྱས་སྨོན་ལམ་གྱི་ཕྱོགས་སུ་གཏོགས་པའི་སྨོན་ལམ་རྒྱས་བསྡུས་ཅི་རིགས་པ་མཆིས་ཤིང་བྱིན་རླབས་ཀྱི་གཟི་བྱིན་ལྡན་པ་ནི་སྨོས་མ་དགོས། འདིར་ནི་སྙན་པའི་ཚིག་སྦྱོར་གྱིས་རྗོད་བྱེད་ཡིད་དུ་འོང་བར་བྱས་ཤིང་བརྗོད་དོན་ཡང་དེ་དང་འཚམ་པར་ཐོན་ཡོད་ལ། སྔར་བཀའ་བརྒྱུད་གོང་མ་རྣམས་ཀྱི་ཡོན་ཏན་དང་ཉམས་ལེན་སོགས་དང་འབྲེལ་བའི་དོན་རྣམས་བརྗོད་བྱར་བྱས་ཤིང་སྨོན་ཚིག་གི་རིམ་པ་འདི་ནི་བཀའ་བརྒྱུད་པའི་གྲལ་མཐར་འཁོད་པའི་བཙུན་པའི་གཟུགས་བརྙན་ཙམ་འཛིན་པའི་བཀའ་བརྒྱུད་ཕྲིན་ལས་རྣམ་རྒྱལ་དུ་འབོད་པའི་གྱི་ན་བ་དེས་རང་བྱུང་བཅུ་བདུན་པའི་དགའ་བ་ཞེས་པའི་ཆུ་འབྲུག་ལོའི་མགོ་ཟླ་བའི་དམར་ཕྱོགས་རྒྱལ་བ་གསུམ་པ་རུ་རྫོགས་པར་བགྱིས་པའོ། །སརྦ་མངྒ་ལཾ།