ལོ་རྒྱུས་ཉུང་ངུར་བརྗོད་པ་དྲི་བྲལ་མེ་ལོང་། གྱེར་འདོན་པ། གཙོད།

文摘   2024-10-29 08:49   西藏  






ཡེ་ཆེན་རང་གྲོལ་སྐུ་ཕྲེང་གཉིས་པ་ཀརྨ་སྒྲུབ་བརྒྱུད་ཕྲིན་ལས་བསྟན་འཛིན་རིན་པོ་ཆེའི་སྐུ་ཚེའི་ལོ་རྒྱུས་ཉུང་ངུར་བརྗོད་པ་དྲི་བྲལ་མེ་ལོང་། 


རྩོམ་པ་པོ། རྣོ་གཟོང་། 

གྱེར་འདོན་པ། གཙོད།
མཐུན་སྦྱོར་པ། ཚུགས་དལ།


མཚུངས་མེད་སྐྱབས་གཅིག་བླ་མ་དམ་པ། ཡེ་ཆེན་རང་གྲོལ་སྐུ་ཕྲེང་གཉིས་པ་མཆོག་ནི། སྟོན་པའི་ཉེ་གནས་ཀུན་དགའ་བོ་དང་། རྒྱལ་སྲས་སད་ན་ལེགས། རས་པ་ཞི་བ་འོད། གྲུབ་ཐོབ་ཀརྨ་རྣམ་རྒྱལ་སོགས་ཀྱི་སྤྲུལ་པར་གྲགས་ལ། ཡབ་སྐྱ་ཤུལ་ཨ་མཆོད་ཚེ་རིང་བཀྲ་ཤིས་དང་། ཡུམ་ཇ་རིགས་གཟའ། ཤེས་དགའ་སྒྲོལ་མ་གཉིས་ཀྱི་སྲས་སུ་ཕྱི་ལོ༡༩༣༡ལོར་ཚ་བ་སྒང་ཨ་རུག་ནང་དུ་ངོ་མཚར་བའི་ལྟས་དང་བཅས་སྐུ་འཁྲུངས།  དགུང་ལོ་ལྔའི་ཐོག་སི་ཏུ་པདྨ་དབང་མཆོག་རྒྱལ་པོས། གྲུབ་དབང་བསོད་ནམས་རང་གྲོལ་གྱི་ཡང་སྲིད་དུ་ངོས་འཛིན་མཛད་དེ་མཚན་ལ་ཀརྨ་སྒྲུབ་བརྒྱུད་ཕྲིན་ལས་བསྟན་འཛིན་ཞེས་གསོལ། དེ་ནས་ཡི་གེ་འབྲི་ཀློག་སོགས་བསླབས་པས་ཚེགས་མེད་དུ་མཁྱེན་ཞིང་། དགུང་གྲངས་བཅུ་གསུམ་པར་ཀར་ཁུང་རི་ཁྲོད་ཏུ་བླ་མ་ཐོས་དགའི་མདུན་ནས་ཐུན་མོང་སྔོན་འགྲོའི་སྐོར་དང་། ཐུན་མིན་རིག་པ་ངོ་སྤྲོད་ཀྱི་གདམས་པ་སོགས་མནོས་ཏེ། རང་གྲོལ་ཕུག་དང་། མ་མགོན་ཕུག་བཅས་སུ་མུན་མཚམས་དང་བཅད་རྒྱ་དམ་པོར་བཞུགས་ནས་སྒྲུབ་པའི་རྒྱལ་མཚན་བཙུགས། རིམ་གྱིས་ཀར་སྲས་ཀོང་སྤྲུལ་གཙོས་སྐྱེས་ཆེན་མང་པོའི་ཞབས་ལ་གཏུགས་ཏེ་དབང་ལུང་མན་ངག་སྒྲུབ་ཐབས་དང་བཅས་པ་ཇི་སྙེད་ཅིག་ཞུས། ཁྱད་པར་དྲུང་པ་རིན་པོ་ཆེས་ལྟ་བ་ཕྱག་རྒྱ་ཆེན་པོའི་ངོ་སྤྲོད་གནང་བས་རིག་པ་ངོ་འཕྲོད་ཅིང་རྟོག་ཚོགས་སྤྲོས་པའི་ཤུན་པ་བུད། ཕྱི་ལོ་༡༩༤༨དགུང་གྲངས་བཅོ་བརྒྱད་པར་འོག་མིན་ཀརྨའི་སྒྲུབ་ཁང་དུ་ལོ་གསུམ་ཕྱོགས་གསུམ་གྱི་བཅད་རྒྱར་བཞུགས་ནས། བླ་རྒན་དོན་འགྲུབ་ཚེ་རིང་ལས་ཐུན་མོང་སྔོན་འགྲོ་བཞི་རིམ་ནས། བླ་སྒྲུབ་དང་རྒྱུད་སྡེའི་སྐོར། ཐུན་མིན་ཐབས་གྲོལ་གྱི་ཟབ་ཆོས་མཁའ་འགྲོའི་ཁ་རླངས་མ་ཉམས་པ་བཅས་ཀྱི། དབང་ལུང་ཁྲིད་མན་ངག་དང་བཅས་པ་ཚང་ལ་མ་ནོར་བར་མནོས་ཏེ། བསྙེན་སྒྲུབ་ལས་གསུམ་གྱི་བྱ་བ་གནད་དུ་སྨིན་པར་མཛད་པས་གྲུབ་པའི་རྟོགས་པ་མཐོན་པོར་གཤེགས། ཞོར་དུ་སྤྱོད་འཇུག་ཆེན་མོ་སོགས་ཀྱི་རྒྱས་ཁྲིད་ཀྱང་ཐོབ། 
    ཕྱི་ལོ་༡༩༥༡ དགུང་གྲངས་ཉེར་གཅིག་པར་རང་དགོན་དུ་སླར་ཕེབས་ནས་བསྟན་པའི་རྒྱུན་བསྐྱངས་ཤིང་། ཀརྨ་དགོན་ནས་བླ་རྒན་རིན་པོ་ཆེ་དོན་འགྲུབ་ཚེ་རིང་སོགས་གདན་ཞུས་ཐོག རང་ལུགས་གྱི་ཆོ་ག་ཆོས་སྤྱོད་སྐོར་ཀྱི་འདོན་རྟ་དབྱངས། བཅའ་བཟོ་མར་རྒྱན་སོགས་མཐོང་བ་བརྒྱུད་པའི་ཕྱག་བཞེས་རྒྱུན་སྐྱོང་དང་། འདུས་སྡེ་ཡུལ་ལུང་དང་བཅས་པར་འདོད་ཆོས་ཀྱི་བཀའ་དྲིན་སྩོལ་བ། སྒྲུབ་སྡེ་གསར་འཛུགས་སོགས་གནང་སྟེ་བསྟན་འགྲོའི་དོན་ཆེན་མཛད། ཕྱི་ལོ་༡༩༥༩ དགུང་གྲངས་ཉེར་དགུ་པར་དུས་འགྱུར་བྱུང་སྟེ་ཕྱག་ཞབས་ལྕགས་སྒྲོག་གིས་བསྡམས་པ་སོགས་བྱས་ཏེ་དཔའ་ཤོད་རྫོང་བཙོན་ནང་དུ་ལོ་དགུ་དང་། ལྷ་སའི་བཙོན་ཁང་དུ་ཕྱག་ལ་སྒྲོག་མ་རྒྱབ་པར་ལོ་བདུན། གཞན་ལས་ལ་བཀོལ་ཏེ་ཅུང་ལྷོད་པོའི་ངང་ལོ་གསུམ། དེ་དག་གི་བར་གསེང་དག་ལ་ལོ་གཉིས་ཡས་མས་བཅས་མི་ལོ་ཉེར་གཅིག་གི་རིང་ལ་བཙོན་འོག་ཏུ་འོ་བརྒྱལ་ཚད་མེད་མྱངས། དེ་སྐབས་རྐྱེན་ངན་རང་ཐོག་ཏུ་བླངས་ཏེ་ངན་གཡོའི་སྦྱོར་ངན་རྩོམ་མཁན་དག་ལ་ཐུགས་ལྷག་པར་བརྩེ་བས་སྨོན་ལམ་བཟང་པོས་མཚམས་སྦྱོར་གང་ནུས་གནང་ཞིང་། ཕྱག་ཏུ་ཕྲེང་བ་འཛིན་རྒྱུ་མེད་པར་རྡེའུ་རུག་བཏུས་ཏེ་ཕྲེང་བའི་ཚབ་མཛད་ནས་ཡིད་དམ་གྱི་ལྷ་དུ་མའི་བསྙེན་སྒྲུབ་གནད་སྨིན་མཛད་པས་མ་མགོན་མགར་གསུམ་གྱི་ཞལ་གཟིགས་ཤིང་། ཁྱད་པར་དུ་གསོལ་འདེབས་དུས་གསུམ་སངས་རྒྱས་མ་འབུམ་ཐེར་བཅུ་གསུམ་ཙམ་བསགས་པས་འབྱུང་འགྱུར་གྱི་ལེགས་ཉེས་སྣ་ཚོགས་ཐུགས་ལ་གསལ་བར་འཆར་བ་བྱུང་། ཡ་མཚན་མཛད་སྤྱོད་ཀྱིས་ཡིད་དབང་མེད་དུ་འཕྲོགས་པས་དེ་གའི་ལས་ཀྱི་སྣེ་མོ་པ་དང་བཙོན་སྲུང་པ་མང་པོ་ཞིག་ཀྱང་ཞལ་སློབ་ཏུ་གྱུར།  
       ཕྱི་ལོ་ ༡༩༨༠ དགུང་ལོ་ལྔ་བཅུ་པར་གློད་གྲོལ་ཐོབ་ནས་ཕ་ཡུལ་དུ་ཕེབས་སྐབས། དགོན་པར་ཕྱི་ཡི་གཙུག་ལག་ཁང་གཏོར། ནང་གི་འདུས་སྡེ་འཐོར་ཏེ། གཞིས་ཀྱི་ཀ་བ་ཡང་ཆག་ཟིན་པས་འཁོར་ས་འཁྲི་ཡུལ་གཏན་ནས་མེད་པ་ལྟ་བུར་གྱུར་པས། འཕགས་ཡུལ་དུ་ཕེབས་རྒྱུ་ཐུགས་ཐག་བཅད། དེ་གར་ཇོ་བླ་མ་དགོངས་པ་རྫོགས་པའི་སྐབས་དང་ཁེལ་བས་འཕོ་ལུང་གསལ་འདེབས་སོགས་གནང་ནས། རིམ་གྱིས་རྒྱ་གར་དུ་ཕེབས་ཏེ་གནས་ཆེན་དང་གནས་ཕྲན་དུ་མར་མཇལ་སྐོར་མཛད། རྒྱལ་མཆོག་བཅུ་དྲུག་པ་ཆེན་པོ་དགོངས་པ་དབྱིངས་སུ་གཤེགས་པ་དང་ཁེལ་བས། ཡུལ་ཐག་རིང་དེ་ག་ཞིག་ནས་དམིགས་པ་གང་ཉིད་ལ་གཏད་དེ་འོང་རུང་མཆོག་ཉིད་ངོ་མ་མཇལ་སྐལ་མ་བྱུང་བ་རེད་ཨང་སྙམ་ནས་གདུང་བ་སྙིང་བཏོན་པ་ལྟ་བུར་བྱུང་། དེ་ནས་བཀའ་བརྒྱུད་རྒྱལ་བ་ཡབ་སྲས་རྣམས་ཀྱི་མདུན་ནས་དབང་ལུང་མན་ངག་མང་དུ་ཞུས། མཐར་དམ་པ་རྣམས་ཀྱིས་ཁོང་ཉིད་འཕགས་ཡུལ་དུ་སོས་སོད་སྐོལ་ཉལ་བྱས་ནས་མི་འདུག་པར་ཕྱིར་ཕ་ཡུལ་དུ་ཕེབས་ཏེ་བསྟན་པ་སླར་གསོ་དགོས་པའི་བཀའ་ལུང་ནན་མོར་ཕབ་པ་བཟློག་ཏུ་མ་ནུས་པར། བླ་མ་རྣམས་ཀྱིས་གནང་བའི་རྟེན་སྐལ་དང་། རྒྱལ་མཆོག་བཅུ་དྲུག་པས་བསྐྱར་དཔར་གནང་བའི་པར་ཕུད་གྲས་ཀྱི་བཀའ་འགྱུར་ཚར་གཅིག་བཅས་བསྣམས་ནས་བོད་དུ་ཕེབས། ལྷ་སར་ཀློག་ཤེས་མཁན་དག་བསྡུ་རུབ་གནང་སྟེ་ཇོ་ཁང་མདུན་དུ་བཀའ་འགྱུར་དག་ཚར་བཀླགས་པས། བསྟན་པ་ཡང་དར་སྐབས་ལྷ་སར་བཀའ་འགྱུར་ཞལ་ཕྱེས་པ་ཐོག་མ་རུ་གྲགས་ཤིང་། སྟོད་ལུང་མཚུར་ཕུར་བྱོན་ནས་སྒྲུབ་དཔོན་བདེ་ཆེན་དང་ལྷན་དུ་དར་མོ་ཆེ་གསར་སྒྲོན་མཛད་དེ་སྒར་བསང་ཕུལ། ཕྱི་ལོ་༡༩༨༢ དགུང་གྲངས་ང་གཉིས་པར་ཕ་ཡུལ་དུ་ཕེབས་ཏེ། བྱམས་མགོན་རིན་པོ་ཆེའི་བཀའ་དགོངས་བཞིན་དགོན་གནས་ལྟོ་ཆེན་མདའ་ལ་གསར་སྤོ་མཛད་ཅིང་། ཞོར་དུ་ཁྲི?བ་ལུང་རི་ཁྲོད་ཉམས་གསོ་བརྩམས། ཕྱི་ལོ་ ༡༩༨༤ དགུང་གྲངས་ང་བཞི་པར་བྱམས་མགོན་སི་ཏུ་རིན་པོ་ཆེ་གདན་ཞུས་ཀྱིས་ས་འདུལ་ལས་ཆོག་སོགས་གནང་སྟེ་འདུ་ཁང་སྒྲུབ་ཁང་སོགས་རྟེན་དང་བརྟེན་པ་བཅས་གསར་བཞེངས་གནང་སྟེ། ཕྱི་ལོ་༡༩༩༡ དགུང་གྲངས་རེ་གཅིག་ལོར་ལེགས་པར་གྲུབ་པས་གདན་ས་བར་ལུགས་ལྟར་རྟ་དབྱངས་རོལ་གསུམ་དང་ཆོ་ག་ཆོས་སྤྱོད་སོགས་འཛིན་སྐྱོང་སྤེལ་གསུམ་གནང་། ཕྱི་ལོ་༡༩༩༠ དགུང་གྲངས་དྲུག་ཅུ་པར་འགྲོ་གླིང་བཙུན་དགོན་ཉམས་གསོའི་དབུ་བརྩམས། 
    ཕྱི་ལོ་༡༩༩༢ དགུང་གྲངས་རེ་གཉིས་པར་ཀརྨ་དགོན་ནས་སྒྲུབ་དཔོན་གདན་ཞུས་བྱས་ཏེ་ནཱ་རོའི་སྒྲུབ་ཁང་གསར་འཛུགས་གནང་ལ།  དེ་ནས་ད་བར་སྒྲུབ་ཐེངས་དགུའི་རིང་ལ་རང་ལུགས་ཐབས་གྲོལ་གྱི་གདམས་པ་ཟབ་མོར་གནད་དུ་བསྣུན་ཏེ་ཉམས་བཞེས་གནང་མཁན་བར་མ་ཆད་པར་བྱུང་། ཕྱི་ལོ་༢༠༠༤ དགུང་གྲངས་དོན་བཞི་པར་དགོན་དུ་བཤད་གྲྭ་གསར་འཛུགས་དང་། ཕྱི་ལོ་༢༠༠༧ དགུང་གྲངས་དོན་བདུན་པར་བཤད་གྲྭ་རིགས་ལམ་གྱི་རྨང་ཡག་པོ་མེད་པར་ཚིག་འགྲེལ་ཙམ་གྱིས་གོ་མི་ཆོད་པར་དགོངས་ཏེ། གདན་ས་དཔལ་སྤུངས་ནས་མཚན་ཉིད་མཁན་པོ་གདན་ཞུས་ཐོག་བསྡུས་གྲྭ་ནས་བཟུང་རང་ལུགས་མདོ་སྔགས་རིག་གནས་དང་བཅས་པར་འཆད་རྩོད་རྩོམ་གསུམ་གྱི་རིམ་པ་ཆ་ཚང་བར་བཟོས་ཤིང་། དེ་ནས་ད་བར་འཛིན་རིམ་གཉིས་མཐར་ཕྱིན་མཛད་སྒོ་དང་བཅས་པ་ཟབ་རྒྱས་བྱུང་། གཞན་ཕྱི་ལོ་༢༠༠༠ དགུང་གྲངས་བདུན་ཅུ་པར་སེ་རྒྱལ་དབང་རིན་པོ་ཆེ་གདན་དྲངས་ཏེ་གཏེར་མཛོད་དབང་ལུང་ཕུན་སུམ་ཚོགས་པའི་ངང་མཐའ་རྒྱས་བྱུང་བ། དུས་འགྱུར་རྗེས་ཀྱི་ཡུལ་འདིར་དབང་ལུང་ཆོས་ཚོགས་ཆེན་མོ་ཚུགས་པའི་ཐོག་མ་རུ་གྱུར་པ་དང་། ཕྱིས་དུལ་མོ་ཆོས་རྗེ་གཙོས་བླ་ཆེན་མང་པོ་གདན་དྲངས་ཏེ་སྔགས་མཛོད་སོགས་ཀྱི་དབང་ལུང་བཙུགས་པ་སོགས། མདོར་ན་སྐུ་ཚེ་གང་པོར་བཤད་སྒྲུབ་ལས་གསུམ་ཀྱི་བསྟན་པའི་ཕྱག་ལས་འབའ་ཞིག་མཛད་དེ་མཐར་དགུང་གྲངས་གྱ་ལྔ་པ་ཕྱི་ལོ་༢༠༡༥ལོའི་བོད་ཟླ་༨  ཚེས་༢༤ ཉིན་གྱི་ཕྱི་དྲོར་སྐུ་གཤེགས། 
   སྐུ་གདུང་ལ་ཐུགས་དམ་ཆེས་ངོ་མཚར་བའི་ངང་ཞག་བདུན་ཕྲག་གཉིས་ལྷག་བཞུགས་ཤིང་། པུར་སྦྱང་ཞུ་སྐབས་གདུང་ཁང་གཡས་གཡོན་ནས་ཡུལ་སྡེས་རིང་བསྲེལ་ཉིན་གྲངས་མང་པོར་འཐུ་ཆོག་པ་སོགས་འདས་རྟགས་ཤིན་ཏུ་དད་མོས་འཕེལ་བར་བྱུང་ངོ་།། སྤྱིར་རྒྱལ་དང་དེ་སྲས་རྣམས་ཀྱིས་འགྲོ་ལ་གང་འདུལ་གྱི་ཚུལ་སྣ་ཚོགས་སྟོན་པར་ལེགས་ཉེས་ཀྱི་དབྱེ་བ་འུ་ཚོ་ཕལ་་པས་མི་ཕྱེད་ཀྱང་། དམ་པ་གང་ཉིད་ཀྱི་ཐུན་མིན་མཛད་པ་སྐལ་ལྡན་གྱི་གདུལ་བྱའི་ངོར་བསྟན་པ་དག་ནི་ཀུན་གྱིས་བློ་ཡུལ་དུ་ཤོང་བ་མ་ཡིན་རུང་། ཐུན་མོང་སྣང་ངོར་ཡང་དུས་སྐབས་དེར་དྲི་མེད་ལུང་རྟོགས་ཀྱི་བསྟན་པ་གཤའ་མའི་ཆེད། ཡུལ་དུས་གནས་སྟངས་ལ་དཔག་པའི་ཐུགས་བསམ་བཞེས་ཚུལ་གཅིག་པུ་ཡང་ཆེས་ཕུལ་དུ་བྱུང་བ་ཞིག་སྟེ། དམ་པ་གང་ཉིད་ཀྱི་ཐུགས་བཞེད་མཛད་པ་ཟུར་རེ་རེ་ལ་ཡང་། དུས་ཚོད་འགྲོ་བཞིན་དུ་ཐུགས་རྩེ་གཏོད་མཚམས་ཅི་འདྲ་ཟབ་ཅིང་རྒྱ་ཆེ་བ་ལ་ཨང་སྙམ་དུ་དད་པ་བླ་ལྷག་ཏུ་འཕེལ་བར་འགྱུར་བ་འདི་ག་ལགས་ལ། གཞན་བྱ་བའི་གནད་ཆེ་ས་དག་ལ་ལྟ་ཅི་སྨོས་ཏེ་འདོན་རྟ་དབྱངས་དང་། བཅའ་བཟོ་མར་རྒྱན་སྐོར་ཕྲན་བུ་འགྲིག་མིན་ལ་ཡང་དོ་དམ་ནན་ཆེར་གནང་ཞིང་། བསྟན་དགོན་གཞན་ལ་ལྷག་པའི་བསམ་པ་རྣམ་པར་དག་པས་མཐུན་སྦྱོར་གང་ནུས་ལས། ཕྲག་པ་དོག་པོས་ལྐོག་ནས་ཟུར་ཟའི་གཏམ་ཟུར་ཙམ་གནང་སྲོལ་ཡེ་མེད་པ་དང་། མཐོ་དམན་སུ་ཡི་བྱ་སྤྱོད་མ་འགྲིག་པར་བྱུང་ཚེ་ཐད་ཀར་བཀྱོན་པ་དྲག་པོས་ཚར་གཅོད་པར་བག་མི་ཚ་བ་སོགས། འཇིག་རྟེན་མི་ལུགས་ཀྱི་ངོས་ནས་ཀྱང་འགྲན་ཟླ་མེད་པའི་སྐྱེས་བུ་རླབས་པོ་ཆེར་ལགས་པ། མཛད་སྤྱོད་ལ་ཕྱིར་མིག་བལྟས་པས་ཤེས་པར་འགྱུར་རོ།། 



擦岗平台




A擦岗平台
ཚ་སྒང་འཕྲིན་སྟེགས་འདི་རིས་སུ་མ་ཆད་པའི་ཐུན་མོང་གི་རྩོམ་ཡིག་འགོད་ཆོག་པའི་སྤྱི་སྟེགས་ཤིག་ཡིན།
 最新文章