སེམས་ཀྱི་སྨོན་ཚིག་འབྲུག་དབྱངས་ཀུན་དགའི་རོལ་མོ།
ཨོཾ་སྭསྟི།
རྒྱལ༷་བའི་གསུང་རབས་མདོ་རྒྱུད་འབུམ་ཕྲག་གཞུང་། །
རྒྱལ༷་བའི་དགོངས་པ་ཇི་བཞིན་མངོན་རྟོགས་ནས། །
རྒྱལ༷་བའི་གོ་འཕང་མཆོག་ལ་ཀུན་འགོད་མཁན། །
རྒྱལ༷་བའི་རྒྱལ་ཚབ་བཀའ་བརྒྱུད་གོང་མར་འདུད། །
བྱང༷་ཕྱོགས་གངས་རིའི་ལྗོངས་ཀྱི་རྨོངས་པའི་མུན། །
བྱང༷་ཞིང་ཤེས་རིག་འོད་ཀྱིས་ཁྱབ་མཛད་པ། །
བྱང༷་སེམས་ལུ་གུ་རྒྱུད་བརྒྱུད་དོན་བརྒྱུད་པའི། །
བྱང༷་ཆུབ་སེམས་བརྙེས་རྩ་བརྒྱུད་བླ་མར་བསྟོད། །
འདི༷་ན་བཀའ་བརྒྱུད་དབྱར་ཆོས་ཆེན་མོ་ཞེས། །
འདི༷་ཕྱིའི་འདུན་མ་སྟོང་གི་དཔལ་བསྒྲུབ་ཕྱིར། །
འདི༷་ལྟར་ཆོས་ཀྱི་དགའ་འཛོམས་ལོར་རྒྱུས་པ། །
འདི༷་ནི་སྐལ་བ་བཟང་ངོ་ཆོས་གྲོགས་རྣམས། །
འབྲུག༷་ཆོས་བང་མཛོད་འབྲུག༷་པ་དགོན་དུ་འབྲུག༷་ཆེན་དམ་པའི་རིང་ལུགས་དར། །
འབྲུག༷་སྒྲ་དང་འགྲོགས་འབྲུག༷་པའི་གྲྭ་བཙུན་འབྲུག༷་ལུགས་ཡིག་ཆའི་གད་རྒྱང་ངོམ། །
འབྲུག༷་འདི་ཕལ་བའི་འབྲུག༷་སྒྲ་མིན་པར་འབྲུག༷་ཆེན་པདྨ་དཀར་པོའི་སྒྲ། །
འབྲུག༷་འདི་སྟོང་བའི་འབྲུག༷་སྐད་མིན་ཏེ་འབྲུག༷་ཆེན་བསྟན་པ་རབ་རྒྱས་གཞུང་། །
སྐྱེས་མཆོག་ཀུན་མཁྱེན་སྔ་ཕྱི་ཡིས། །
སྐྱེས་སུ་སྩལ་བའི་གཞུང་ལུགས་དག །
སྐྱེས་བུ་རང་གི་བསོད་ནམས་སུ། །
སྐྱེས་པར་ཤེས་རྣམས་སྐལ་བ་བཟང་། །
འཆད་པ་མ་ནོར་ལམ་སྟོན་འདི་ན་གསལ། །
རྩོད་པ་དྲི་མེད་ལུང་རིགས་འདི་ན་རྒོད། །
རྩོམ་པ་ཚངས་སྲས་རོལ་མོ་འདི་ན་སྙན། །
རིག་པ་ཉི་ཟླའི་འོད་སྣང་འདི་ན་འཕྲོ། །
བཀའ་བསྟན་འབུམ་གྱི་སྙིང་པོ་འདི་ན་བཞད། །
བཀའ་པོད་རྣམ་ལྔའི་ལང་ཚོ་འདི་ན་མཛེས། །
བཀའ་བབས་རིགས་བཞིའི་རྒྱུན་བཟང་འདི་ན་འཁྱིལ། །
བཀའ་བརྒྱུད་གོང་མའི་རིང་ལུགས་འདི་ལྟར་རྒྱས། །
བཀའ་བརྒྱུད་མཆེད་བཞི་མཆོག་བརྒྱད་གྲུབ་མཐའི་གཞུང་། །
བཀའ་བརྒྱུད་ཟུང་བཞི་ཡ་བརྒྱད་རིག་པའི་གནས། །
བཀའ་བརྒྱུད་མར་མི་དྭགས་གསུམ་གདམས་པའི་བཅུད། །
བཀའ་བརྒྱུད་དབྱར་ཆོས་ཆེན་མོ་འདི་ལས་ཐོས། །
མཚུངས་མེད་རིགས་བད༷ག་བླ་མའི་བཞེད་དོན་འགྲུབ། །
གཞུང་བརྒྱའི་མངའ་བད༷ག་མཁས་མང་རྣམ་དཔྱོད་རྒྱས། །
རྒྱུ་ནོར་སྦྱིན་བད༷ག་ལས་ཅན་བསོད་ནམས་འཕེལ། །
དཀར་ཕྱོགས་གཞི་བད༷ག་དགའ་བའི་རྒྱལ་རྔ་བརྡུངས། །
རྒྱལ་བ་བཀའ་བརྒྱུད་པ་ཡི་དབྱར་ཆོས་ཆེན་མོ་འདི། །
རྒྱལ་ཁའི་ངང་ནས་བགྲང་བྱ་བཅོ་ལྔ་འཁོར་བའི་ཆར། །
རྒྱལ་སྲས་ཚོགས་ཀྱི་དབུ་འཕང་སྒང་དུ་བསྟོད་དང་ལྷན། །
རྒྱལ་མཚན་མཆོག་འདི་ཡུན་ནས་ཡུན་དུ་བརྟན་པར་སྨོན།།
དཔལ་ལྡན་རྡོ་རྗེ་འཆང་གི་ཐུགས་ཀྱི་བཅུད།།
རྒྱུད་སྡེའི་ཁ་འབབ་རྣམ་བཞིའི་སྲོག་གི་སྙིང་།།
རིམ་གཉིས་ལམ་ནས་མངོན་སངས་རྒྱས་མཛད་པའི།།
མར་སྟོན་རྒྱལ་བའི་བསྟན་པ་རྒྱས་གྱུར་ཅིག།།
2020.09.11ཉིན་དྷཱིཿཁྱིམ་འབྲུག་པ་དགོན་དུ་ཨ་མདོ་བ་དཀོན་མཆོག་ཕྲིན་ལས་ནས།
གཙོ་སྐྱོང་བ། པད་དཀར་བསྟན་འཕེལ།