ཚ་སྒང་འཕྲིན་སྟེགས་འདིར་ཁྱེད་ཕེབས་པ་དགའ་བསུ་ཞུ།
༄༅། །བརྒྱུད་པའི་གསོལ་འདེབས་གཟི་བརྗིད་ལྷུན་པོའི་བང་རིམ་བཞུགས་སོ།།
རྡོ་རྗེ་འཆང་ཆེན་མཁྱེན་པའི་མཁའ་དབྱིངས་ལ། །
ཏིལླི་པ་ནི་རྟོགས་པའི་དཀྱིལ་འཁོར་རྒྱས། །
ནཱ་རོ་པཎ་ཆེན་ཐུགས་རྗེའི་འོད་ཟེར་འཕྲོ། །
བརྒྱུད་པ་མ་རིག་མུན་སེལ་གསུམ་ལ་འདུད། །
མར་པ་ལོ་ཙཱ་ཆོས་ཀྱི་རྒྱ་མཚོ་ལ། །
བཞད་པ་རྡོ་རྗེ་ཡིད་བཞིན་ནོར་བུ་བརྙེས། །
ཟླ་འོད་གཞོན་ནུ་དགོས་འདོད་རེ་བ་སྐོང་། །
བརྒྱུད་པ་དངོས་གྲུབ་མཆོག་སྟེར་གསུམ་ལ་འདུད། །
འགྲོ་མགོན་རིན་ཆེན་བྱང་ཆུབ་ལྗོན་ཤིང་ལ། །
གླིང་ཆེན་རས་པ་བསླབ་གསུམ་ལོ་འདབ་རྒྱས། །
དཔལ་ལྡན་འབྲུག་པ་ཕྲིན་ལས་འབྲས་བུ་སྨིན། །
བརྒྱུད་པ་དུག་གསུམ་ནད་སེལ་གསུམ་ལ་འདུད། །
སངས་རྒྱས་དབོན་རས་ཕུན་ཚོགས་གངས་རི་ལ། །
སེང་གེའི་མཚན་ཅན་དམ་ཆོས་བདུད་རྩིའི་རྒྱུན། །
ཆོས་རྗེ་ཁུ་དབོན་ཟབ་དོན་མྱུ་གུ་འཁྲུངས། །
བརྒྱུད་པ་དགོས་འདོད་ཀུན་འབྱུང་གསུམ་ལ་འདུད། །
བཀའ་བརྒྱུད་ཀུན་གྱི་གཙུག་རྒྱན་སྒམ་པོ་པ། །
སྒྲུབ་བརྒྱུད་བསྟན་པའི་སྲོག་ཤིང་ཙཱ་རི་བ། །
དོན་བརྒྱུད་གདམས་པའི་མངའ་བདག་འབྲུག་པའི་ཞབས། །
རྣམ་གསུམ་དབྱེར་མེད་ཆོས་རྗེའི་ཞབས་ལ་འདུད། །
དབྱིངས་དང་ཡེ་ཤེས་དག་པའི་སྐུ། །
འགག་པ་མེད་པ་གསུང་གི་མཆོག །
འཁྲུལ་པ་མེད་པ་ཡེ་ཤེས་ཐུགས། །
བླ་མའི་སྐུ་གསུང་ཐུགས་ལ་འདུད། །
ཀུན་ཁྱབ་ནམ་མཁའི་རྣལ་འབྱོར་པ། །
ཕྱོགས་བྲལ་བདེ་བ་ཆེན་པོའི་ཀློང་། །
ལྷུན་གྲུབ་འདུས་མ་བྱས་པའི་དབྱིངས། །
ཀུན་མཁྱེན་འབྲུག་པའི་ཞབས་ལ་འདུད། །
བདག་ནི་ཚེ་རབས་ཐམས་ཅད་དུ། །
དམ་པ་ཁྱེད་དང་མི་འབྲལ་ཞིང་། །
ཁྱེད་གསུང་དམ་ཆོས་བདུད་རྩིའི་རོས། །
རྣམ་པ་ཀུན་ཏུ་འཚོ་བར་ཤོག །
རྒྱལ་བས་བསྔགས་པའི་གནས་རྣམས་སུ། །
ཚེ་འདིའི་བྱ་བ་བློས་བཏང་ནས། །
དོན་དམ་ཆོས་སྐུའི་བླ་མ་དང་། །
ནམ་ཡང་འབྲལ་བ་མེད་པར་ཤོག །
རང་དོན་ཞི་བདེའི་བློ་སྤངས་ནས། །
མཁའ་དང་མཉམ་པའི་འགྲོ་བ་རྣམས། །
བདག་གི་བརྩེ་བས་རྗེས་བཟུང་ནས། །
ཐར་པའི་ལམ་ལ་འགོད་པར་ཤོག །
ཅེས་པ་འདི་ནི་རྒྱལ་དབང་རྗེ་ཀུན་དགའ་དཔལ་འབྱོར་གྱིས་མཛད་པའོ།།
༄༅།།ཕྱག་ན་རྡོ་རྗེ་འབྱུང་པོ་འདུལ་བྱེད་ཀྱི་བསྙེན་པ་ནི།
ཧྲཱིཿ
རབ་འབར་རིན་ཆེན་དབང་སྔོན་ལྷུན་པོའི་ངོས། །
དམར་སེར་ཉི་གཞོན་གསར་པས་འཁྱུད་པ་བཞིན། །
དྲན་པ་ཙམ་གྱིས་སྲིད་པའི་གདུང་སེལ་བའི། །
བཅོམ་ལྡན་ལག་ན་རྡོ་རྗེ་ཁྱེད་ལ་འདུད། །
ཧཱུཾ་བཛྲ་ཕཊ།ཅེས་བཟླས་རྗེས།
དགེ་བ་འདི་ཡིས་མྱུར་དུ་བདག །
ཕྱག་ན་རྡོ་རྗེ་འགྲུབ་གྱུར་ནས། །
འགྲོ་བ་གཅིག་ཀྱང་མ་ལུས་པ། །
དེ་ཡི་ས་ལ་འགོད་པར་ཤོག །
༈ ཕྱག་འཚལ་ཏཱ་རེ་མྱུར་མ་དཔའ་མོ། །
ཏུཏྟཱ་ར་ཡིས་འཇིགས་པ་སེལ་མ། །
ཏུ་རེས་དོན་ཀུན་སྦྱིན་པའི་སྒྲོལ་མ། །
སྭཱ་ཧཱ་ཡི་གེ་ཁྱོད་ལ་འདུད་དོ། །
ཅེས་པའི་ཤློ་ཀ་འདི་སློབ་དཔོན་ཀླུ་སྒྲུབ་ཀྱིས་མཛད་པའོ། །
ཨོཾ་ཏཱ་རེ་ཏུཏྟཱ་རེ་ཏུ་རེ་སྭཱ་ཧཱ།
༄༅།།འཕགས་མ་རི་ཁྲོད་ལོ་མ་ཅན་གྱི་གཟུངས་ནི།
རྒྱལ་བ་ཀུན་གྱི་ཡེ་ཤེས་སྒྱུ་མ་ཡི།།
ཆོ་འཕྲུལ་རྣམ་པར་འཕྲུལ་པ་ལས་བྱུང་བའི།།
ལྷ་མོ་གང་ཞིག་དྲན་པས་ནད་གདོན་བགེགས།།
ཞི་མཛད་ལོ་གྱོན་མ་ལ་ཕྱག་འཚལ་ལོ།།
ཨོཾ་པི་ཤཱ་ཙི་པརྞ་ཤ་ཝ་རི་སརྦ་ཛྭཱ་ར་པྲ་ཤ་མ་ནཱ་ཡེ་སྭཱ་ཧཱ།
ཅེས་བཟླས་རྗེས།
དགེ་བ་འདི་ཡིས་མྱུར་དུ་བདག །
ལོ་མ་གྱོན་མ་འགྲུབ་གྱུར་ནས། །
འགྲོ་བ་གཅིག་ཀྱང་མ་ལུས་པ། །
དེ་ཡི་ས་ལ་འགོད་པར་ཤོག །
སེམས་ཅན་ནད་པ་ཇི་སྙེད་པ། །
མྱུར་དུ་ནད་ལས་ཐར་གྱུར་ཅིག །
འགྲོ་བའི་ནད་རྣམས་མ་ལུས་པ། །
རྟག་ཏུ་འབྱུང་བ་མེད་པར་ཤོག །
བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་། །
མི་མཐུན་གནོད་པའི་རྐྱེན་དང་བྲལ་བ་དང་། །
མཐུན་པར་གྱུར་ཅིང་ཕུན་སུམ་ཚོགས་གྱུར་ནས། །
བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག
༄༅། །གྲུབ་ཆེན་ཐང་སྟོང་རྒྱལ་པོའི་རྡོ་རྗེའི་གསུང་ས་སྐྱ་ནད་གྲོལ་མར་གྲགས་པའི་སྨོན་ལམ་བྱིན་རླབས་ཅན་བཞུགས་སོ། །
མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ཆོས་དང་དགེ་འདུན་རྣམས་ལ་སྐྱབས་སུ་མཆིའོ། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆིའོ། །རང་སེམས་སྟོང་གསལ་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །སྐྱབས་འགྲོ་མ་ནམ་མཁའ་མ་གསུམ་བདུན་ཉེར་གཅིག་སོགས་ཅི་ནུས། ཨོཾ་མ་ཎི་པདྨེ་ཧཱུྃ། བརྒྱ་རྩ་བརྒྱད་ལ་སོགས་པ་བགྲང་མཐར།
བཅོམ་ལྡན་འདས་དེ་བཞིན་གཤེགས་པ་སྨོན་ལམ་གྲུབ་པའི་རྒྱལ་པོ་ལ་ཕྱག་འཚལ་ལོ། །
ལས་དང་གློ་བུར་རྐྱེན་ལས་གྱུར་པ་ཡི། །
གདོན་དང་ནད་དང་འབྱུང་པོའི་འཚེ་བ་སོགས། །
སེམས་ཅན་ཡིད་མི་བདེ་བའི་ནད་རྣམས་ཀུན། །
འཇིག་རྟེན་ཁམས་སུ་འབྱུང་བར་མ་གྱུར་ཅིག །
ཇི་ལྟར་གཤེད་མས་འཁྲིད་པའི་གསད་བྱ་བཞིན། །
སྐད་ཅིག་གཅིག་ལ་ལུས་སེམས་འབྲལ་བྱེད་པའི། །
སྲོག་འཕྲོག་ནད་ཀྱི་སྡུག་བསྔལ་ཇི་སྙེད་པ། །
འཇིག་རྟེན་ཁམས་སུ་འབྱུང་བར་མ་གྱུར་ཅིག། །
འཆི་བདག་གཤིན་རྗེའི་ཁ་ནང་ཚུད་པ་ལྟར། །
ནད་ཀྱི་མིང་ཙམ་ཐོས་པས་སྐྲག་བྱེད་པའི། །
ཉིན་གཅིག་པ་དང་རྟག་པའི་རིམས་སོགས་ཀྱིས། །
ལུས་ཅན་ཀུན་ལ་གནོད་པར་མ་གྱུར་ཅིག །
གནོད་པའི་བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་དང་། །
གློ་བུར་ཡེ་འདྲོག་སུམ་བརྒྱ་དྲུག་ཅུ་དང་། །
བཞི་བརྒྱ་རྩ་བཞིའི་ནད་ལ་སོགས་པ་ཡིས། །
ལུས་ཅན་ཀུན་ལ་འཚེ་བར་མ་གྱུར་ཅིག །
ལུས་སེམས་བདེ་བ་མ་ལུས་འཕྲོག་བྱེད་པའི། །
འབྱུང་བཞི་འཁྲུགས་པའི་སྡུག་བསྔལ་ཇི་སྙེད་པ། །
མ་ལུས་ཞི་ཞིང་མདངས་སྟོབས་ལྡན་པ་དང་། །
ཚེ་རིང་ནད་མེད་བདེ་སྐྱིད་ལྡན་པར་ཤོག །
བླ་མ་དཀོན་མཆོག་གསུམ་གྱི་ཐུགས་རྗེ་དང་། །
མཁའ་འགྲོ་ཆོས་སྐྱོང་སྲུང་མའི་ནུས་མཐུ་དང་། །
ལས་འབྲས་བསླུ་བ་མེད་པའི་བདེན་སྟོབས་ཀྱིས། །
བསྔོ་བ་སྨོན་ལམ་བཏབ་ཚད་འགྲུབ་པར་ཤོག །
ཅེས་པ་འདི་ནི་གདན་ས་ཆེན་པོ་དཔལ་ལྡན་ས་སྐྱར་ནད་རིམས་མི་གཅིག་པ་སྣ་ཚོགས་བྱུང་བར། སྔགས་བོན་རྣམས་ཀྱིས་མདོས་གཏོར། སྨན། སྔགས། སྲུང་བ་སོགས་གང་བསྒྲུབས་ཀྱང་མ་ཕན་པར་གདན་ས་སྟོངས་ལ་ཐུག་པའི་སྐབས། རྗེ་གྲུབ་ཐོབ་ཆེན་པོས་མ་ནམ་མཁའ་མའི་སྐྱབས་འགྲོ་གྱིས། མ་ཎི་སྒྲོངས། སྨོན་ལམ་འདི་ཐོབ་ཅེས་བཀའ་སྩལ་བ་བཞིན་བགྱིས་པ་ལ་བརྟེན་ནད་ཡམས་ཐམས་ཅད་འཕྲལ་དུ་ཆད་པས། ས་སྐྱ་ནད་གྲོལ་མའི་སྨོན་ལམ་ཞེས་རྡོ་རྗེའི་གསུང་བྱིན་རླབས་ཀྱི་སྤྲིན་ཕུང་འཕྲོ་བར་གྲགས་སོ།། །།
༄༅། །སྨོན་ལམ་ཉི་མ་གཞོན་ནུ་ཞེས་བྱ་བ་བཞུགས་སོ།།
ཨོཾ་སྭ་སྟི།
༡ དགྱེས་མཛད་མར་སྟོན་སངས་རྒྱས་མི་ལ་རས། །
འཛམ་གླིང་གྲགས་པ་ལ་སོགས་དངོས་བརྒྱུད་ཀྱི། །
དཔལ་ལྡན་བླ་མའི་ཚོགས་ལ་གསོལ་བ་འདེབས། །
མ་རུང་ཡམས་ནད་ཞི་བར་བྱིན་གྱིས་རློབས། །
༢ སྐལ་བཟང་རྣམ་འདྲེན་བཞི་པ་ཤཱཀྱའི་ཏོག །
སྨན་ལྷ་མཆེད་བདུན་ལ་སོགས་རྫོགས་སངས་རྒྱས། །
ཀུན་ལ་གསོལ་འདེབས་འཚེ་བའི་ཡམས་ནད་ཀུན། །
དམིགས་མེད་ཐུགས་རྗེས་ཞི་བར་མཛད་དུ་གསོལ། །
༣ སྙིང་རྗེའི་གཏེར་མཛོད་མིག་མི་འཛུམ་པའི་ལྷ། །
གདུག་པ་ཚར་གཅོད་བཅོམ་ལྡན་གསང་བའི་བདག །
འཇམ་དཔལ་གཞོན་ནུ་སོགས་ལ་གསོལ་བ་འདེབས། །
དུས་ཀྱི་ཡམས་ནད་ཐལ་བར་བརླག་པར་མཛོད། །
༤ བདེ་དགྱེས་གསང་གསུམ་བཛྲ་ཝ་ར་ཧི། །
སྒྲོལ་མ་ཉེར་གཅིག་ལོ་མ་གྱོན་མ་སོགས། །
ལྷག་པའི་ལྷ་མཆོག་རྣམས་ལ་གསོལ་བ་འདེབས། །
གདུག་པའི་རིམས་ནད་ཞི་བར་མཛད་དུ་གསོལ། །
༥ དཔལ་ལྡན་མ་ཧཱ་ཀཱ་ལ་ཕྱག་བཞི་པ། །
དུད་སོལ་ལྷ་མོ་ཚེ་རིང་མཆེད་ལྔ་སོགས། །
བསྟན་སྲུང་རྒྱ་མཚོས་ནུས་པའི་རྩལ་ཕྱུངས་ལ། །
ཕྱི་ནང་གསང་བའི་བར་ཆད་ཞི་བར་མཛོད། །
༦ གླིང་ལྔ་མཚོ་བཞིས་བསྡུས་པའི་གོ་ལ་འདིའི། །
སེམས་ཅན་སྤྱི་དང་ཁྱད་པར་མིའི་འགྲོ་བར། །
འཇིགས་རུང་ནད་ཀྱི་འཚེ་བ་ལས་ཐར་ནས། །
བདེ་སྐྱིད་སྣང་བ་དཀར་པོས་ཁྱབ་གྱུར་ཅིག །
༧ ཟབ་ཡངས་སེམས་ཀྱི་བདེ་བ་མ་རྙེད་པའི། །
མཐོ་བའི་དཔོན་ནས་དམའ་བའི་འབངས་ཀྱི་བར། །
བདེ་བའི་དོན་དུ་ཉིན་བཞིན་བྲེལ་བ་རྣམས། །
གུ་ཡངས་སེམས་ཀྱི་བདེ་བས་འཚོ་བར་ཤོག །
༨ ཉམ་ཆུང་དུད་འགྲོ་མི་ཡི་འགྲོ་བས་མནར། །
མི་རྣམས་གཅིག་མགོ་གཅིག་གི་རྡོག་པས་མནན། །
བཏང་སྙོམས་མེད་པའི་གོ་ལའི་འཇིག་རྟེན་འདིར། །
ཀུན་སྙོམས་སྐྱིད་ཀྱི་ཉི་མ་འཆར་བར་ཤོག །
༩ རང་བདེ་ཕྲ་མོའི་ཆེད་དུ་གཞན་གྱི་བདེ། །
མ་ལུས་འཕྲོག་པར་ཕོད་པའི་སྙིང་ཁམས་ལ། །
བརྟེན་ནས་བྱུང་བའི་སྡུག་བསྔལ་རྦ་རླབས་རྣམས། །
འཇིག་རྟེན་ཁམས་འདིར་འབྱུང་བར་མ་གྱུར་ཅིག །
༡༠ མ་རུང་མཚོན་ཆའི་ཕུང་པོས་ས་ཆེན་གང་། །
འཇིགས་རུང་ནད་ཀྱིས་སྐྱེ་འགྲོའི་སྲོག་ལ་རྒོལ། །
རླུང་གསེབ་མར་མེ་འདྲ་བའི་མིའི་འགྲོ་བ། །
མི་མཐུན་བར་ཆད་གཡུལ་ལས་རྒྱལ་གྱུར་ཅིག །
༡༡ སྣོད་ཀྱི་འཇིག་རྟེན་མི་ཡི་འགྲོ་བས་སྲུང་། །
མི་རྣམས་ཕན་ཚུན་མཛའ་བརྩེའི་མེ་ཏོག་འཐོར། །
སེམས་ལ་གུ་ཡངས་སྐྱིད་པའི་ཉི་མ་ཤར། །
འཛམ་གླིང་ཞི་བདེའི་འོད་ཟེར་འབར་གྱུར་ཅིག །
༡༢མཆོག་གསུམ་རྩ་གསུམ་རྒྱ་མཚོའི་བྱིན་རླབས་དང་། །
གནས་ལུགས་ཟབ་མོ་སླུ་མེད་བདེན་པའི་མཐུས། །
ལྷག་བསམ་དཀར་པོས་སྨོན་པའི་དོན་བཟང་རྣམས། །
ཇི་བཞིན་འགྲུབ་པའི་བཀྲ་ཤིས་དཔལ་འབར་ཤོག །
ཅེས་པ་འདིའང་སྐྱ་སེར་མང་པོ་ཞིག་གིས་ནད་ཞི་བའི་ཆེད་དུ་སྨོན་ལམ་ཞིག་རྩོམས་པར་གྱིས་ཞེས་ནན་ཏན་ཆེན་པོས་ཡང་ཡང་བསྐུལ་ངོར་དཀོན་མཆོག་གསུམ་གྱི་སྐྱབས་འོག་པ་ལུང་རིགས་སྨྲ་བའི་ཉི་མར་འབོད་པས་ཕྱག་ཆེན་གླིང་གི་ཆོས་གྲྭ་ནས་ཐུན་མཚམས་སུ་སྦྱར་བའོ།། །།ཤིན་ཏུ་བཀྲ་ཤིས་པར་གྱུར་ཅིག། །།༢༠༢༠-༢-༥
༈ སྨོན་ལམ་ནི།
བདེ་གཤེགས་སྟོན་པའི་བསྟན་པ་མཆོག་གི་མཚོ། །
སྙན་པའི་འབྲུག་སྒྲ་སྒྲོགས་པའི་སྤྲིན་ཕྲེང་གིས། །
བཤད་སྒྲུབ་ཆར་གྱིས་ཉིན་བཞིན་རྣམ་སྤེལ་བས། །
ཡངས་པའི་རྒྱལ་ཁམས་ཐམས་ཅད་གང་གྱུར་ཅིག །
སྡོམ་གསུམ་ཉིན་མོའི་འོད་དང་རྟག་འགྲོགས་ཤིང༌། །
ཐོས་བསམ་སྒོམ་པའི་དྲི་བཟང་འཛིན་པའི་དཔྱིད། །
བསྟན་འཛིན་པདྨོའི་གཙོ་བོ་ཅི་ཡང་གིས། །
ཡངས་པའི་རྒྱལ་ཁམས་ཐམས་ཅད་གང་གྱུར་ཅིག །
རྙེད་དང་བཀུར་སྟིའི་ཆུ་ཀླུང་རྣམ་འབབ་ཅིང༌། །
ཕན་དང་བདེ་བའི་རིན་ཆེན་འབྱུང་བའི་གནས། །
ཆོས་འཁོར་གསར་པ་གསར་པའི་དཔལ་རྒྱ་མཚོས། །
ཡངས་པའི་རྒྱལ་ཁམས་ཐམས་ཅད་གང་གྱུར་ཅིག །
ཀུན་མཁྱེན་པདྨ་དཀར་པོའི་གསུང་ངོ་། །
སྨོན་ལམ་སྤོས་ཡག་མ།
བདག་གིས་ཅུང་ཟད་བསགས་པའི་དགེ་ཚོགས་འདིས། །
ཕན་བདེ་མ་ལུས་འབྱུང་བའི་སྒོ་གཅིག་པུ། །
རྣམ་དག་རྒྱལ་བསྟན་དར་ཞིང་རྒྱས་པ་དང་། །
བསྟན་འཛིན་དམ་པའི་བཞེད་དོན་ལྷུན་འགྲུབ་ཤོག །
འགྲོ་རྣམས་གནས་སྐབས་བདེ་སྐྱིད་ལྡན་པ་དང་། །
མྱུར་དུ་སངས་རྒྱས་གོ་འཕང་དམ་པ་རུ། །
ཐོབ་ནས་སྲིད་པའི་སྡུག་བསྔལ་རྒྱ་མཚོ་ཀུན། །
མིང་ཙམ་མེད་པར་དོང་ནས་སྤྲུགས་གྱུར་ཅིག །
བདག་ནི་འདི་ནས་བྱང་ཆེན་མ་ཐོབ་བར། །
འགྲོ་ལ་ཕན་པ་འབའ་ཞིག་མ་གཏོགས་པར། །
གནོད་སེམས་སྐད་ཅིག་ཙམ་ཡང་མི་སྐྱེ་ཞིང་། །
སེམས་ཅན་བདེ་སྐྱིད་སྟེར་བའི་བྱེད་པོར་ཤོག །
སྐྱབས་ཀྱི་མཆོག་གྱུར་དཀོན་མཆོག་རྣམ་གསུམ་དང་། །
ཆོས་ཉིད་གདོད་ནས་དག་པའི་བདེན་པའི་དང་། །
རྟེན་འབྲེལ་བསླུ་བ་མེད་པའི་མཐུ་སྟོབས་ཀྱིས། །
སྨོན་ལམ་བཏབ་པ་ཇི་བཞིན་འགྲུབ་པར་ཤོག །
ཅེས་པ་འདི་ནི་མཁན་པོ་ཀརྨ་ལས་སྒྲུབ་ཀྱིས་མཛད་པའོ།།