ཚ་བ་མདའ་སྨྱུག
ཚ་བ་སྒང་། གདོང་གཏད།
སྤྱི་ན་འགྲོ་བ་མི་ཡི་རིགས་ལ་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཡོད་པ་གཅིག་ནི་མི་ཡི་རྣམ་དཔྱོད་འདི་ལ་ངོས་འཛིན་གྱི་ཡོད་ལ། མི་བུ་དག་གིས་རྣམ་དཔྱོད་ཀྱི་རིན་ཐང་དང་། རྣམ་དཔྱོད་ལ་གཙིགས་སུ་འཛིན་ཤེས་ཆེ་ཆུང་ལ་བརྟེན་ནས་ད་སྐབས་འཛམ་གླིང་དུ་སྔོན་ཐོན་གྱི་རྒྱལ་ཁབ་ཁག་དང་རྗེས་ལུས་སུ་གྱུར་པའི་ང་ཚོ་བོད་པ་འདི་གཉིས་ཀྱི་ཧེ་བག་གནམ་ས་ལྟ་བུ་ཤོར་བ་འདི་ཡིས་གསལ་པོར་རྟོགས་ཐུབ། དེའི་ན་བོད་རིགས་འདི་རྒྱུ་མཚན་ཅིའི་ཕྱིར་ན་རྗེས་ལུས་སུ་འདོད་ཅེས་ན། ཕྱི་ཡི་རྩ་ཐང་དང་། བརྗིད་ཆགས་ཀྱི་གངས་རི། དྭངས་གཙང་གི་ཆུ་བོ། ལྷད་མེད་པའི་སྙིང་རྗེ། ཡི་རང་གི་དད་སེམས། ཟ་རྒྱུ་ནོར་ཤ་དང་། མར། རྩམ་པ། ལུག་ཤ། ཞིམ་མངར་གྱི་འོ་ཞོ། ད་དུང་རྟ་ནོར་ལུག་སོགས་ཀྱི་ངོས་ནས་རྗེས་ལུས་སུ་འདོད་ཀྱིན་མེད་པར་ཕལ་ཆེ་བས་མཁྱེན་གྱིན་ཡོད། དེ་ཚོའི་ངོས་ནས་སྔོན་ཐོན་ཡིན་ཞེས་བོད་པ་ཚང་དང་མི་རིགས་གཞན་གྱིས་ཀྱང་ཡིད་སྨོན་འཆོར་དང་བཞིན་ཡོད་པའི་སྐད་ཆ་འདུག །འོན་ཏང་ང་ཚོར་གང་གི་ངོས་ནས་རྗེས་ལུས་སུ་རྩི་བཞིན་ཡོད་པ་ནི་རྣམ་དཔྱོད་ཀྱི་ཆ་ནས་ཞན་ཆགས་སུ་གྱུར་ཡོད་པ་འདིའི་ཐད་ནས་རྗེས་ལུས་ནང་ནས་ཡང་རྗེས་ལུས་སུ་གྱུར་ཡོད་པ་དེ་རེད། ང་ཚོར་རྣམ་དཔྱོད་ཀྱི་ཆ་ནས་གཞན་ལས་ཞན་རྐྱེན་དེ་ཡང་གང་ཞེ་ན། ང་ཚོ་ལ་སྒེར་གཅོད་ཀྱི་བསམ་བློ་ཐལ་དྲག་པས་རེད་སྙམ་བཞིན་ཡོད། དཔེ་མཚོན་ཙམ་ཞིག་ཞུས་ན་བདེན་དོན་མིག་ལྟར་གཅེས་མྱོང་བའི་ཕོ་རྒོད་ཚ་བ་མདའ་སྨྱུག་མཆོག་གིས་མི་ལོ་དུ་མའི་ཡར་སྔོན་དུ་དཔེ་དེབ་གཅིག་བྲིས་པ་བརྟེན་ནས། ང་ཚོ་བོད་པ་ཚང་གིས་ཁོང་ལ་དམེ་མཐུ་དང་། དམོད་ཚིག ། ལྟ་ལོག བསྟན་བཤིག་སོགས་ཀྱི་མིང་བཏགས་ནས་ཤན་པ་ལྟ་བུར་གཅིག་ལ་བརྩིས་པར་མ་ཟད། ལས་འབྲས་ལ་གཅེས་བའི་ཕོ་རྒོད་ཁོང་མཐོ་སྒང་དུ་ཡུན་རིང་འཚོ་སྡོད་བྱ་བའི་འདུན་པ་ཡོད་ཀྱང་བོད་པ་ཚང་གིས་ག་སོང་ཆ་མེད་དུ་བརྫངས་པ་མ་ཡིན་ནམ། ཁ་དཔེར་མི་སུམ་བཅུ་ལ་བསམ་པ་སུམ་བཅུ། མཛོ་སུམ་བཅུ་ལ་རྭ་ཅོ་དྲུག་བཅུ་ཅེས་བཤད་སྲོལ་ཡོད་པ་ལྟར་མི་རེ་ལ་བསམ་བློ་འདྲ་མིན་ཡོད་ཆོག་མོད། བོད་པ་ཚང་ལ་མཐོ་བླ་དཔོན་དང་དམའ་རྒྱུག་ཁྱི་ཡན་ཆོད་སྒེར་གཅོད་ཀྱི་ལྟ་བ་ཤུགས་ཆེ་བའི་རྐྱེན་གྱིས་མི་དྲུག་ཅུ་ལ་ལྟ་ཚུལ་སྣ་གཅིག་ལས་ཡོད་མི་ཆོག་པའི་དབང་གིས་ཁོང་མི་རྐྱང་གཅིག་གི་ལྟ་ཚུལ་དེ་ཡང་ས་ཡ་དྲུག་གི་བློ་ཁོག་ཏུ་མ་ཤོང་བ་ཅིའི་ཕྱིར་མིན། དེའི་ན་ཁོང་འདྲ་བའི་མི་བུ་གང་མང་ཞིག་བཤད་འདོད་པའི་སྐད་ཆ་འགའ་བཤད་པ་ཙམ་གྱིས་སྒེར་གཅོད་ཀྱི་དབང་ཤུགས་འདིས་ཅི་བྱ་གཏོལ་གྱི་མུན་པའི་ཀློང་དུ་གཅུག་གི་ཡོད། སྤྱིར་དམ་པ་ཁོང་གིས་ཆོས་ལུགས་མེད་པ་བཟོ་དགོས་ཞེས་ལར་ནས་ལབ་མྱོང་མེད་ཀྱང་ཁོང་གིས་སྐད་ཅ་འགའ་ལ་རིན་ཐང་དང་བདེན་དོན་ཡོད་དྲག་པས་སྒེར་གཅོད་ཀྱི་མི་བུ་ཁག་གིས་མ་ཉེས་ཁ་ཡོག་དང་དམ་པ་ཁོང་ལ་སྐུར་འདེབས་བྱས་ཏེ། ཁོང་ནི་ལྟ་ལོག་བསྟན་བཤིགས་ཀྱི་ཞྭ་ནག་གསོལ་ཏེ་ཚ་མདས་ཆོས་ལུགས་མེད་པ་བཟོ་ཡི་འདུག་ཅེས་སྤྱི་ཚོགས་ཀྱི་ཁྲོད་དུ་བསྒྲགས་གཏམ་སྤེལ་ཡོད། དོན་དངོས་ཁོང་གིས་བརྩམས་པའི་དེབ་ལ་བལྟས་ན་ཁོང་གིས་ཆོས་ལུགས་མེད་པ་བཟོ་འདོད་ཀྱི་བསམ་བློ་ཙམ་ཡང་མེད་པར་ཁོང་གིས་ཞལ་བཞེས་ཡོད་”ངའི་གཉུམ་སེམས་ཀྱི་ངོས་ནས་བཤད་ན་ཆོས་ལ་དགག་པ་བརྒྱབ་སྟེ་རྩ་མེད་གཏོང་དགོས་སྙམ་གྱི་མེད་ལ། ང་རང་ཉིད་ཆོས་ལུགས་ལ་མཐའ་གཅིག་ཏུ་ཞེན་པ་ལོག་པ་ཞིག་ཀྱང་མིན། ཆོས་ལུགས་ནི་མིའི་རིགས་ཀྱི་བསམ་པའི་ཟས་ཡིན་པས་མེད་པར་གཏོང་དགོས་དོན་མེད་པ་མ་ཟད་གཏོང་ཐུབ་པ་ཞིག་ཀྱང་མ་རེད་”ཅེས་པ་དང་”ངས་ད་རེས་མི་འདོད་བཞིན་དུ་སངས་རྒྱས་ཆོས་ལུགས་ཕྱི་ནང་ཡོད་ཚད་འདི་ལྟར་རྩ་སློག་ཏུ་གཏོང་དགོས་དོན་ནི། ཆོས་ལུགས་དེ་ཆོས་ལུགས་ཀྱི་ཚད་དུ་མི་འཇོག་པར་དངོས་ཡོད་ཀྱི་འཇིག་རྟེན་ཡོད་ཚད་ཆོས་ལུགས་ཀྱི་ཁ་འོག་ལག་འོག་ཏུ་འདུ་དགོས་པར་འདོད་པའི་རང་རེའི་རྒྱུད་ཀྱི་ཐལ་མཐའི་བསམ་བློ་འདི་ཡོ་བསྲང་བྱ་རྒྱུ་ཁ་ཚ་དགོས་གཏུག་ཡིན་པ་དང་། རང་ཉིད་ཆོས་དད་ཆེ་མདོག་གིས་མི་གཞན་པའི་ཆོས་དད་ཀྱི་དབང་ཆ་བཙན་འཕྲོག་བྱེད་མཁན་གྱི་ཆོས་ལུགས་སྒེར་གཅོད་ཀྱི་མི་སྣ་དེ་ཚོའི་མགོ་ལ་སྟ་རེ་ཞིག་མ་བཞུས་ན་ཐབས་མེད་རེད་འདུག་པས་ཡིན་”ཞེས་གསུངས་པས། ཚ་མདའ་ཁོང་ནི་ཆོས་ལུགས་ལ་དད་མིན་གྱི་བརྩོད་པ་གཏན་ནས་དགོས་མེད་ཅིག་རེད་ཡོད་མོད། ཡིན་ནའང་ཁྲོན་ཆུང་སྦལ་པ་འདྲ་བའི་རང་སྣང་ཅན་གྱི་སྒེར་གཅོད་པ་དག་ནི་ཁོང་ཚོའི་ཅི་དྲན་དེ་ཡིན་སྣང་ཤར་བ་ལས་མི་གཞན་པའི་སྐད་ཅ་ཉན་རོགས་མི་བྱེད་ལ། ཁོང་ཚོའི་ལུགས་ལས་གཞན་པའི་ལུགས་སྲོལ་བེད་མེད་ཅིག་ཡིན་ཤག་ཤག་བྱས་ཏེ། ཁོང་ལ་མ་ཉེས་ཁ་གཡོགས་ཀྱིས་ལྟ་ལོག་པའི་མིང་དེ་གཏགས་པ་རེད་འདུག ། སྒེར་གཅོད་ཀྱི་ལྟ་བ་འདི་ཐལ་དྲག་པས་མདའ་སྨྱུག་ཁོང་གི་རྣམ་དཔྱོད་ཀྱི་འོད་ཟེར་དེ། མི་སུམ་བཅུར་བསམ་པ་སུམ་བཅུ་ཡོད་མི་ཆོག་པའི་སྒེར་གཅོད་པའི་ངོར་འཆར་མ་ཆོག་པ་རེད། ཡིག་རྙིང་གི་ངོར་གང་བཤད་དང་ཅི་དྲན་མཐའ་དག་མཐོ་སྒང་གི་འབྲོག་ཞོ་ལྟར་དཀར་པོ་དཀར་རྐྱང་ཞིག་ཏུ་རློམ་བཞིན་ཡོད་པའི་ང་ཚོ་སྒེར་གཅོད་ཀྱི་ལྟ་བ་འདི་དར་ནས་བཟུང་ཚ་བ་མདའ་སྨྱུག་གཙོས་པའི་བོད་ཀྱི་རྣམ་དཔྱོད་པ་གང་མང་ཞིག་སྒེར་གཅོད་པའི་ཁ་འོག་ལག་འོག་ཏུ་ཐལ་རྡུལ་བཞིན་དུ་བརླགས་འགྲོ་བ་རེད། དོན་ངོ་མ་འཛམ་གླིང་སྔོན་ཐོན་གྱི་མི་རིགས་ཡ་ཧུའི་དཱ་པའི་ཚང་གིས་ཀྱང་མི་བུ་རེ་ལ་བསམ་བློ་མི་འདྲ་བ་རེ་ཡོད་པས་ཕན་ཚུན་ལ་བསམ་བློ་རྗེ་རེས་ཀྱི་ལྟ་བ་དེ་གཟི་ཟིན་ཞིག་ཏུ་རྩི་བཞིན་ཡོད་ལ། ང་ཚོའི་མཁས་དབང་དམ་པ་དགེ་ཆོས་ཀྱིས་ཀྱང་། “འཇིག་རྟེན་འདི་ན་རང་བཞིན་ཐ་དད་ཅིང་། སེམས་དང་འཆར་སྒོ་མཐུན་དུ་མི་འོངས་པས་”གསུངས་པ་བཞིན་སྤྱིར་མི་བུ་རེ་ལ་འདོད་ཚུལ་མི་འདྲ་བ་རེ་ཡོད་ཆོག་མོད། འོན་ཏང་མི་རིགས་འདི་ལ་སྒེར་གཅོད་ཀྱི་ལྟ་བ་ཤུགས་ཆེ་དྲག་པས་མི་བུ་རེ་རེའི་འདོད་ཚུལ་མི་འདྲ་བ་ཡོད་ཆོག་ཀྱི་མེད་ལ་ཡོད་ཆོག་ཀྱང་བཤད་ཆོག་གི་མེད། དེའི་ན་མི་རིགས་ཤིག་ལ་རྣམ་དཔྱོད་ཀྱི་བློ་གྲོས་སྨིན་པའི་མི་བུ་མེད་ན། ཡུལ་ཁམས་དེ་ལ་ཆབ་དཔལ་རིག་གསུམ་ཡར་རྒྱས་ཤིག་གང་ནས་ཡོང་། གང་ནས་དར། མི་རིགས་གཅིག་ཕྱོགས་གང་ཐད་ཡར་རྒྱས་མགྱོགས་པར་འགྲོ་དགོས་ན། ཐོག་མར་རྣམ་དཔྱོད་མཁའ་ལྟར་ཡངས་བའི་མི་བུ་གང་མང་ཞིག་གི་ལྟ་བ་ལ་བརྩི་འཇོག་དང་། གུས་བཀུར། གསོ་སྐྱོང་དགོས་པ་ལས་སྐུ་འདེབས་དང་དམའ་འབེབས་བྱ་ག་ལ་འོས། དེ་བས་ང་ཚོའི་གཟུ་གནས་དམ་པ་གང་ཡོད་དག་ལ་བརྩི་བཀུར་དང་གཅེས་སྤྲས་མ་ཤེས་ན། ང་ཚོའི་མི་རིགས་འདི་རྗེས་ལུས་ཀྱི་གནས་སུ་ངང་བཞིན་འགྱུར་གིན་ཡོད་ལ། གང་དུ་བློ་གྲོས་སྨིན་པའི་ཤེས་ལྡན་པའམ་རྣམ་དཔྱོད་ཅན་དག་ལ་བརྩི་ཀུར་ཤེས་ན་ད་གཟོད་རེ་བ་གསར་པའི་འབྲས་བུ་ཡོད་ཚད་ངང་གིས་འགྲུབ་ཡོང་བ་ལ་གདོན་མི་བྱའོ་སྙམ།
སླར།
བྷོ་ཊིའི་ཡུལ་གྱི་མཁས་རློམ་སྙིང་དུ་ཁྱེད་ཀྱིས་གསུངས་དེབ་ཤོང་བ་མིན། །
གཅིན་དྲི་སྣོམ་པའི་མི་རིགས་ཞིག་ལ་ཁྱེད་ཀྱིས་མཛད་པ་མཁོ་བ་མེད། །
རིགས་ཞེན་དབུལ་བའི་རྒྱུ་རྔམ་ཅན་ལ་ཁྱེད་ཀྱིས་རྩོད་པ་ལག་རྩོད་ཡིན། །
འདུན་ལམ་ཟད་པའི་ཡུལ་གྲུ་འདི་རུ་ཁྱེད་འདྲའི་རིག་རྒོད་བྱོན་ཐབས་དཀའ། །
ཚོང་མ་རྒྱག ཁེ་ལས་མ་གཉེར། གླ་པ་དང་ཨར་པོར་འགྲོ་དང་གཞོན་ནུ་ཚོ།
ཚ་བ་སྒང་། གདོང་གཏད།
ཀྭ་ཡེ་སྤྱི་ཚོགས་ཀྱི་འཚོ་བའི་གནས་སུ་འཚོ་གནས་ཀྱི་དཀའ་སྡུག་ལ་གདོང་གཏད་གནང་བཞིན་པའི་ང་དང་འདྲ་བའི་གཞོན་ནུའི་དཔུང་ཚོགས་སམ། གཞན་གྱི་རིག་གནས་ལ་ལག་ལེན་དམའ་ཞིང་ཐ་ན་ཚོང་ལས་ཀྱི་ཤེས་བྱ་ལ་རྒྱུས་ལོན་དང་ཁྲོམ་ལམ་དུ་རྐང་ཤུབས་འཚོང་བ་ལ་ངོ་ཚར་འཛིན་པའི་གཞོན་ནུའི་ཚོ། ང་ཚོ་ལ་འདི་དང་དེ་དགོས་ཞེས་ང་ལྟ་བུ་ཞིག་གིས་ལབ་ན་ཡང་དགོས་ཕན་ཞན་པ་དང་ལབ་མཁན་ང་འདྲ་འོས་པ་མེད་མོད། འོན་ཀྱང་སྙིང་ནས་དྲང་པའི་གཏམ་ཉུང་ངུ་ཞིག་དབང་མེད་དུ་ཐལ་བ་ལ་མ་འཐད་པར་བྱུང་ན་ཐོག་མར་ཁྱེད་ཅག་གིས་བཟོད་པ་བཞེས་མཛོད། འཕོ་འགྱུར་གྱི་ལོ་ཞག་འདིའི་ཁྲོད་དམིགས་བསལ་གྱི་སྤྱི་ཚོགས་སུ་ང་ཚོ་ལ་གེགས་དང་བར་ཆད་ཀྱང་ཅུང་ཆེ་ཚོད་ཡིན། དེ་ནི་ལས་ཀྱིས་བཀོས་ཐང་ཙམ་མ་ཡིན་པར་ཆུང་དུས་ཀྱི་འཚོ་སྟངས་ཤིག་དང་འབྲེལ་བ་དམ་ཟབ་ཡོད་པས་ཡིན། དེ་ལ་སུན་སྣང་དང་ཕ་མ་ལ་འཁང་ར་མི་བྱེད་པ་ནི་ཆེས་ཆེ་བའི་རེ་ཆུང་ཞིག་ཀྱང་ཡིན། གཞོན་ནུ་ཚོ། ད་སྐབས་ཁྱེད་ལ་འཚོ་བའི་གནོད་ཤུགས་ཤིག་དངོས་ཤུགས་རྒྱུད་གསུམ་ལས་སྟེར་གྱིན་ཡོད་པ་ངས་གསལ་ཐག་ཆོད་པ་ཧ་གོ་ཡོད། དེ་ནི་སྐྱིད་སྡུག་འདྲེས་མའི་འཇིག་རྟེན་ནས་དཀའ་སྡུག་ལ་ལག་པས་འཇུ་བ་ཡིན་པས་ཧོན་མ་འཐོར་ལ། ཧང་དེ་བས་ཀྱང་སང་ཡག་མེད། གཞོན་ནུ་ཚོ། ད་སྐབས་ཁྱེད་ཚོ་ཁག་ཅིག་གྲོང་ཁྱེར་དུ་འཚོ་སྡོད་བྱེད་ཀྱིན་པ་ཞིག་ཡིན་ཚེ་ཞབས་ཞུ་བ་དང་། 服务员,སྨྱུར་སྦྲག་པ།快递员,ཕྱིར་རྒྱུགས་མཁན། 外卖员! ཨ་ལར་བ། 工地人, ཐ་ན་བདེ་སྲུང་པ། 保安 སོགས་གང་ལྟར་གླ་པ་འདྲ་མིན་ལ་སྣེ་འཇུ་ནས་འཚོ་བ་ལ་ནུས་ཤུགས་ཡོད་དགུར་གདོང་གཏད་བཞིན་ཡོད་པ་ངས་ལོས་ཤེས། གཞོན་ནུ་ཚོ། དེ་འདྲ་བའི་གླ་པ་བྱེད་སྐབས་ཕྱོགས་གཞན་ཞིག་ལ་བསམ་བློ་བཏང་ཚེ་སུན་སྣང་དང་འཁང་ར་བྱེད་དེ། ནམ་རྒྱུན་ཚོང་ལས་ལ་བྱང་ཆ་ཆེ་བའི་མིའམ་སློབ་ཆེན་སློབ་མའི་ཁ་རྒྱུན་བཞིན་ཁྱེད་ཉིད་ཚོང་ལས་སམ་ཁེ་ལས་ལ་གཉེར་འདོད་ཀྱི་མོས་པ་ཡོད་པར་ངས་ཧ་གོ་ཡི་ཡོད། འདི་འདྲའི་སྐབས་ཁྱེད་གཏན་ནས་ཧུར་རྒྱུགས་དང་རེ་སྟོང་ཆེར་མ་བྱེད། སྤྱིར་ཚོང་ལས་དང་ཁེ་ལས་གཉེར་བ་ནི་དོན་བཟང་ནང་གི་བྱ་བཟང་ཞིག་ཡིན་ལ་མ་འོངས་བའི་རེ་འདུན་འགྲུབ་པའི་ཐབས་མཆོག་ཉག་ཅིག་གམ་དཔལ་འབྱོར་འགྲུབ་ཐབས་ཀྱི་ལམ་ཡག་ཤོས་ཤིག་ཡིན་པ་བསམ་བློ་པ་མང་པོས་བཤད་བཞིན་འདུག་ལ། བུ་ལོ་ངས་ཀྱང་ཕྲན་བུ་ཤེས་ཀྱིན་ཡོད། ཁྱེད་ཉིད་རྗེས་ཀྱི་དམིགས་འདུན་ཁེ་ལས་དང་ཚོང་ལས་ལ་ཕྱོགས་ཀྱང་ངས་དགག་པ་དང་སྐྱོན་བརྗོད་མེད་ལ་ང་རང་ཡང་དེ་ལ་ཕྱོགས་འདོད་ཀྱི་འདུན་པ་ཧ་ཅང་ཆེ། འོན་ཏང་། ད་སྐབས་ཀྱི་ཁྱེད་རང་གླ་པ་གང་ཞིག་བྱེད་པ་དེ་ལ་གཞན་གྱིས་མཐོང་ཆུང་གནང་གིན་ཡོད་ངེས་ཀྱང་ཁྱེད་ཀྱིས་དེ་ལ་གཏན་ནས་མཐོང་ཆུང་མ་གནང་རོགས། རྗེས་ལ་ཁྱེད་རང་ཁེ་ཚོང་པ་ཞིག་ཆགས་དགོས་ཚེ། ད་ལྟ་གླ་པ་བྱེད་པ་དེ་ནི་ཁྱེད་རང་ཁང་པའི་ཆེད་དུ་རྩིག་རྨང་འཕང་པ་དང་གཅིག་མཚུངས་སུ་འདོད་ཀྱིན་ཡོད། དེང་སྐབས་སློབ་ཆེན་གྱི་སློབ་མ་དག་གཞུང་ཞབས་པའི་ཡིག་རྒྱུགས་མ་ལོན་ཚེ་ཐད་ཀར་ང་产业 ཁེ་ལས་གཉེར་དགོས་ཞེས་ངའི་གམ་དུ་མ་ཎི་བཞིན་འདོན་པ་ཉུང་ཉུང་མིན་ལ་དེ་ནི་ཁོང་རྣམ་པ་བསམ་རྒྱ་ཆེ་བ་དང་། རིག་གནས། སྙིང་སྤོབས་ཆེ་བ་ལོས་ཡིན་ཏེ། ང་ཚོ་ཁོང་ཅག་འདྲ་བའི་སྙིང་སྤོབས་ཡོད་ཀྱང་ཆོག་མོད་བསམ་གཞིག་མ་བྱས་པར་འུར་རྒྱུགས་གཏན་ནས་བྱེད་མི་རིགས། རྒྱུ་མཚན་འཚོ་བའི་ལས་ཀ་རྩག་རྩིག་ཙམ་ཞིག་ལ་ལེ་ལོ་བྱེད་པའི་མིས་ཁས་ལས་ལ་ཕྱོགས་པ་ནི་ཁྱེད་ཀྱིས་ཡ་ཡུག་རྩེད་བ་ཡིན་པས་དེ་ནི་ཁྱེད་རང་ན་ཚོད་ཆུང་བའི་གདེང་དང་ལོ་ན་གཞོན་པའི་དགོས་ངེས་ཀྱི་འགྲོ་སྟངས་ཤིག་ཀྱང་ལོས་ཡིན་ཏེ། ང་ཚོ་གཞན་ཡིག་ལ་མཁྱེན་རྒྱ་དང་འཚོ་བའི་ཉམས་མྱོང་ཞན་པའི་གཞོན་ནུ་ཞིག་གི་ངོས་ནས་ཚོང་ལས་གཉེར་བ་ལས་གླ་པ་བྱེད་པ་ནི་མི་འཐད་པ་མེད་སྙམ། དེང་སྐབས་གང་སར་དར་ཁྱབ་ཆེ་བའི་འཇར་པན་གྱི་ཁས་ལས་པ་གྲཊ་ཅན་ཏྲོ་ཧྲོའི་ཧུལ་ཕོལ་ན་རེ། “ལས་ལ་བརྩོན་ནས་ཐོབ་པའི་འབྲས་བུ་དེ་ནི་རང་གི་འདོད་པའི་མགུ་བཀང་བ་ཁོ་ན་ཙམ་མ་ཡིན་པར། མི་བྱེད་པའི་རྨང་རྡོ་བསྐྲུན་ཞིང་མི་གཞི་སྐྱོང་བའི་འགན་ཁུར་ཡང་གྲུབ་ཡོད་”ཅེས་གསུངས་བ་བཞིན་ལས་བརྩོན་ལ་དམ་པ་ཁོང་གིས་ཀྱང་མཐོང་ཆུང་བྱེད་ཕོད་མེད། གང་ལྟར་ངས་ཁྱེད་རྣམ་ལ་ལྡོག་ལྡོག་ཞུ་འདོད་པ་ནི་ཁེ་ལས་གཉེར་བའམ་ཚོང་ལས་གང་བྱེད་ཀྱང་མཐོན་པོ་ཞིག་ལ་ལག་པ་མ་བརྐྱང་ཞེས་པ་དང་སྐབས་ཀྱི་མི་ཡིས་བརྙས་བཅོས་བྱེད་བཞིན་པའི་ཁྱེད་ཀྱི་ཞབས་ཞུ་服务员བའི་ལས་དཀའ་སོགས་ལ་ཁྱེད་སྒེར་གྱིས་ཀྱང་མཐོང་ཆུང་ལྟ་བར་མི་ཉན། ཁེ་ལས་གཉེར་དགོས་ལ་ཚོང་རྒྱག་དགོས། ལས་ཀ་ཡང་ལས་དགོས་ཀྱིན་རེད། ངས་ཀྱང་ཚོང་ལས་དང་ཁེ་ལས་གཉེར་བཞིན་པའི་ན་གཞོན་འགའ་ལ་དགའ་དད་སྤྲོ་གསུམ་ཡོད་ལ་ཡི་རངས་ཀྱང་མཆིས་པ་དང་འགྲམ་ཆུ་ཡང་སྡང་མྱོང་། ཚོང་ལས་སོགས་གཉེར་བ་ལ་རྨང་གཞི་ནས་འགོ་རྩོམ་དང་ཧ་ཅང་ལེགས་སྙམ་བོད་ཁུལ་གྱི་ཁེ་ལས་པ་ཡོད་ན་དེས་ཆོག མེད་ན་དེས་ཕུང་པའི་དགེན་མི་འགྱུར་རྡོ་རྗེས་ན་རེ། “ཆེས་རྨང་གཞི་ནས་བྱ་བ་སྒྲུབ་མཁན་དེ་ནི་ད་བཟོད་དཔུང་ཁག་གི་དབུ་ཁྲི་བྱེད་ཐུབ་”ཅེས་གདམས་པ་དེ་ལ་གོ་རྒྱུ་མེད་པ་མིན།
ལུང་པ་ཁུག་ཀྱོག་ནས་ཐོན་ཡོང་བའི་ངེད་གཞོན་ནུའི་ཚོགས། ངེད་ཅག་གྲོང་ཁྱེར་དུ་གནས་དུས་གྲོང་ཁྱེར་དུ་ཆེས་གནོད་ཤུགས་ཆེ་ཤོས་ཀྱི་ན་གཞོན་ཞིག་ཡིན་པར་ལ་ཐེ་ཚོམ་མེད། དེ་བས་ང་ཚོ་ལ་ང་ཚོའི་འགྲོ་སྟངས་ཤིག་གི་ལམ་ནས་འགྲོ་སྟེ། རེ་འདུན་ཆེ་ས་དང་གོམ་པ་ཆུང་ས་ནས་སྤོ་ཟེར་བ་ཁ་རྒྱུན་ལྟར་སྒེར་ཚུགས་འདིའི་ལམ་ནས་ག་ལེར་འགྲོ་ན་མི་མཛེས་སམ། གཞོན་ནུ་ཚོ། ངས་འདི་ལྟར་བཤད་པ་ལ་མཁས་པ་དང་བསམ་བློ་པ། ཁེ་ལས་པ། གཞུང་ཞབས་པ། ཚོང་ལས་པ། རིག་གནས་པ་སོགས་ཀྱི་སྐད་ཅ་དང་བསམ་བློ་ལ་རྒྱབ་འགལ་དུ་གྱུར་མོད། འདི་ནི་ང་དང་འདྲ་བའི་རྒྱབ་ལྗོངས་དང་མ་རྩ། ཉམས་མྱོང་། བློ་རྒྱ། ལྟ་རྒྱ། ཐོས་རྒྱ། རིག་གནས་ཀྱི་ཆུ་ཚད་ཞན་པའི་གཞོན་ནུ་ཁག་ལ་གདམས་པ་ཡིན་པས་ཕྱོགས་ཁག་གཞན་སུ་ལ་ཡང་གོ་ནོར་མ་ཐེབ་ཅེས་ཞུ་བ་དང་སྦྲགས་ང་རང་ཆེན་པོ་ཡོད་མདོགས་དང་ཕུགས་འདུན་ཆེ་མདོགས་དེ་བས་ཀྱང་ག་ལ་ཡིན། གང་ལྟར་བསམ་ཚུལ་ཙམ་ལགས་པས་འཐད་མིན་སོ་སོས་དཔྱོད་ཅིག
སླར་སྨྲས་པ།
བཀོས་པའི་ལས་དེ་གཞན་ལས་ཞན་ཡང་དེ་ལ་འཁང་ན་དོན་མེད་རེད། །
གནངས་བའི་སྲོག་འདི་གཅིག་མཚུངས་སྒོམ་ཞོར་མི་བུ་ཞིག་གི་སྙིང་ཁམས་གྱིས། །
ཉི་མོར་གསེབ་ཀྱི་རྨི་ལམ་མ་མང་ཅུང་ཙམ་འགུལ་དང་རིན་ཐང་ཡོད། །
ཁ་སྤོབས་ཅན་ཚོའི་སྟོང་གཏམ་མ་གསན་བློ་ལྡན་གང་དེའི་རྗེས་སུ་ཕྱོགས།
ཨ་མ་ལགས།
ངའི་ཚེ་སྲོག་དང་ལང་ཚོ་གསར་པ་སྟེར་བའི་དྲིན་ཆེན་གྱི་ཨ་མ་ལགས། ཁྱེད་ཀྱིས་མི་ཁ་དང་དཀའ་ཁག་ལ་མ་འཛེམ་པར་ངའི་ཚེ་སྲོག་འདི་བྱམས་ཀྱིས་བསྐྱངས་བར་སྐུ་དྲིན་ཆེ་སོང་། སྔོན་དུ་ཁྱེད་འཚོ་ཞིང་གནས་དུས་ངས་ཁྱེད་ལ་འདི་ལྟར་སྐུ་དྲིན་ཆེ་ཞེས་ལར་ནས་ཞུ་མྱོང་མེད་ལ་ཐ་ན་སེམས་སུ་ཡང་དྲན་མ་མྱོང་། དེ་ནི་ང་རང་ན་ཚོ་ཆུང་བ་དང་བསམ་ཤེས་མེད་པས་ལན་རེད། ཁྱེད་ཀྱིས་གུ་ཡངས་མཛད་རོགས། དེ་རིང་ཁྱེད་དང་ཁ་བྲལ་ནས་ཧ་ལམ་མི་ལོ་བཞི་ཙམ་འགྲོ་ཡི་འདུག་ལགས། དེ་ཡི་རིང་ངས་ཁྱེད་ཉིད་དྲན་ཏེ་སྐབས་འགར་རུམ་དུ་མིག་ཆུ་དང་ངུ་སྒྲ་ཕྱུང་པར་བརྗོད་མི་ལང་ལ། ཡང་སྐབས་འགར་ཁྱེད་དྲན་སྐབས་ང་རང་དོན་དངོས་ཀྱི་ཁེར་རྐྱང་རང་ཡིན་པའི་ཚོར་སྣང་ཞིག་ཀྱང་འདུག ། བརྩེ་བའི་བདག་མོ་ལགས། ད་སྐབས་ང་རང་གཅིག་པུར་ཡུལ་གཞན་དུ་འཁྱམ་སྐབས་རང་མགོ་རང་ཐོན་དགོས་པར་ཨ་ནས་ཡང་དུ་དྲན་དུས་སྔོན་ཁྱེད་ཀྱི་གམ་དུ་ཡོད་སྐབས་གང་ལའང་སེམས་ཁྲལ་མི་དགོས་ཤིང་། ཅི་ལའང་རེ་དོགས་མི་དགོས་པའི་སྦྲང་རྩི་དང་འདྲ་བའི་འཚོ་བ་མངར་མོ་དེ་ཡང་ཡིད་ལ་དྲན་བཞིན་འདུག ། མ་ལོ་ལགས། ཁྱེད་ཉིད་འཚོ་ཞིང་གནས་དུས་ངས་རང་མགོ་རང་ཐོན་ཞེས་པའི་ཚིག་འབྲུ་བཞི་པོ་དེ་རྣ་བས་གོ་མྱོང་བ་ལས་སེམས་སུ་བསམ་གཞིག་གཏན་ནས་དགོས་ཀྱི་མེད་ལ་འཚོ་བ་ཞེས་པའི་ཐ་སྙད་དེ་ལའང་རེ་དོགས་བྱེད་མ་མྱོང་། འོན་ཀྱང་། ཁྱེད་དང་བྲལ་རྗེས་མི་ལོ་བཞི་པོའི་རིང་ང་སྔར་དང་མི་འདྲ་བར་ཁྱེད་ལ་གཏན་དུ་ཨ་མ་ང་ལ་འདི་དང་དེ་དགོས། གཅིག་དང་གཉིས་ཁྱེར་ཤོག་ཟེར་བའི་ཕྲུ་གུ་དེ་དང་ཡང་རྒྱང་ཐག་ཧ་ཅང་རིང་སོང་བར་མ་ཟད། ངས་གཞི་ནས་འཚོ་བ་ཞེས་པའི་ཚིག་ཟུང་དེ་ལ་རེ་དོགས་དང་རང་མགོ་རང་ཐོན་ཞེས་པ་དེ་ལའང་ཨ་ནས་ཡང་དུ་འདང་རྒྱག་དགོས་བྱུང་སོང་། དྲིན་ཆེན་གྱི་ཨ་མ་ལགས། ཁྱེད་ཉིད་ང་དང་ཁ་བྲལ་རྗེས་ང་ལ་སེམས་སུ་སྐྱོ་གདུང་སྣོན་མ་ཞིག་ཀྱང་ཤུགས་ཀྱིས་བསླེབས་སོང་། ཁྱེད་ཉིད་ང་དང་བྲལ་རྗེས་ང་ལ་སྐྱ་ཡ་དང་འཁྲི་ས་མེད་པ་ཞིག་ག་ལ་ཡིན་ཏེ། ཁྱེད་དང་བྲལ་རྗེས་ངས་གཞི་ནས་སྦྲང་བུ་པདྨ་མར་འཁོར་བ་བཞིན་ང་རང་ལ་དུས་གཏན་དུ་ཐུགས་ཁུར་དང་སེམས་ཁྲལ་བགྱི་མཁན་དེ་ཁྱེད་ཉིད་ཁོ་ན་ཡིན་པར་རྟོགས་སོང་། ང་ཡི་གངས་དཀར་གྱི་ཨ་མ་ལགས། ངའི་འགྲོ་རོགས་དང་འདུག་རོགས་ཀུན་གྱི་རང་རང་གི་ཨ་མ་དང་ཁ་བརྡ་ཡང་ཡང་བྱེད་དུས་ངས་ལྷག་ཏུ་ཁྱེད་ཀྱི་ཡལ་བར་དཀའ་བའི་འཛུམ་དམུལ་དང་བྱ་ཁུ་བྱུག་གི་གསུང་སྐད་ལྟར་འཇམ་པའི་ངག་དེ་ཡང་ཤིན་ཏུ་དྲན་བཞིན་འདུག ། ང་ཡི་སེམས་ཀྱི་འོད་སྣང་ཉག་གཅིག་གམ་མ་ཡུམ་ལགས། མདོ་ན་ངས་ཁྱེད་ཉིད་དྲན་པའི་ལོ་རྒྱུས་ནི་བརྗོད་ཀྱིས་མི་ལངས་ལ་དེ་རིང་ཡང་བཤད་ག་ལ་ཚར། འོན་ཀྱང་ཅུང་བྲིས་པ་འདི་གཅིག་ནས་ཁྱེད་ཉིད་དྲན་པའི་ཚུལ་ལམ་སྨྲེ་ངག་གང་དེ་གཞན་ལ་འདོན་ས་མི་འདུག་པས་འདི་ན་ཟུར་ཙམ་ཞིག་ཀྱང་བཀོད་པ་ཡིན། གཉིས་ནས་དེ་སང་ཨ་མ་ཡོད་པའི་གཞོན་ནུ་འགས་ཨ་མ་རྒྱང་དུ་བཞག་རང་ཉིད་སྣང་བ་མཐོ་རུ་གཏོང་ཞིང་དྲ་ཐོག་ནས་ཨ་མ་ལགས་དྲན་བཞིན་འདུག་དྲིན་ཆེན་ཡིན་ཞེས་བཤད་མཁན་རྣམས་ལ་གལ་སྲིད་ཨ་མ་ལ་འདང་ཞིང་གཅེས་ན་ཨ་མ་ལ་ངག་འཇམ་པོ་དང་ཞབས་ཕྱི་ཡག་པོ་ཞིག་བྱོས་དང་དེ་ནི་ཁྱེད་ཀྱི་དོན་ཆེན་ཞིག་དང་འདི་དང་ཕྱི་མར་ཕན་པའི་རྒྱན་ཞིག་ཀྱང་རེད་འདུག་ཅེས་བརྡ་ཙམ་བཏང་བ་ཡིན་ནོ།། འོན་ཀྱང་ཨ་མ་དྲན་བཞིན་ཡོད་ཅེས་དྲ་ཐོག་ནས་སུ་ཡང་སྨྲེ་ངག་འདོན་ཆོག་ལ་འོས་པ་ཞིག་ཀྱང་ཡིན་མོད། དོན་དངོས་གནས་དེ་འདྲའི་དྲ་ཐོག་དང་ཡིག་ཐོག་ནས་ཨ་མ་དྲན་པའི་སྨྲེ་ངག་འདོན་མཁན་ནི་ང་དང་འདྲ་བའི་དྭ་ཕྲུག་དག་ཡིན་པ་ལས་ཨ་མ་གམ་དུ་ཡོད་པའི་མི་བུ་དག་གི་བྱས་སྟངས་ཤིག་མི་འདོད། ད་དུང་ཨ་མའི་མདུན་ནས་ཨ་མ་སྐུ་ལས་ཁག་སོང་སྐུ་དྲིན་ཆེ་ཞེས་མི་ལབ་པར་མི་གཞན་གྱི་མདུན་ནམ་ཨ་མའི་དུས་ཆེན་དང་གཏན་དུ་དྲ་ཐོག་སོགས་ཀྱི་ལམ་ནས་དེ་འདྲ་ལབ་ན་བེད་མེད་དང་། དངོས་ཡོད་དང་མི་མཐུན་པའི་བྱེད་སྟངས་ཤིག་ཏུ་སྣང་བས་རེ་བར་ཁྱེད་གཞོན་ནུ་རྣམས་ཀྱིས་དེ་ལྟར་མཛད་ན་མི་མཛའ་ཞེས་དྭ་ཕྲུག་ང་ཡི་ཤ་ཚ་ཁའི་གཏམ་དེ་ཡིད་ལ་འཛིན་རོགས་ཞུ། གལ་ཏེ་ནམ་དུ་ཡང་དེ་འདྲ་མཛད་ཚེ་ང་ལྟར་བློ་འགྱོད་སྐྱེས་ངེས་ཞེས་ཁྱེད་རྣམས་ལ་ཕན་པའི་ཚུལ་དུ་བཤད་པ་ཡིན་པ་ལས་གཞན་གང་ཡང་མིན།
སླར་སྨྲས་པ།
མི་ཁའི་ཀློང་ནས་རྒྱབ་ཏུ་ཁུར་ཏེ་བདག་གི་དོན་དུ་དཀའ་སྡུག་མྱངས། །
གྲང་ངར་ཁྲོད་དུ་ཁྱོད་ཉིད་འཁྱག་ཀྱང་ང་ཉིད་པང་ཁུད་དྲོ་རུ་བཅུག །
ལས་འབྲས་དེ་ཡང་མིག་ལྟར་གཅེས་ལ་ལས་ལ་བརྩོན་སྐབས་ཁྱད་དུ་འཕཊ། །
བུ་ངའི་ཨ་མའི་ལུས་ཞལ་དྲན་པས་རུམ་དུ་གདུང་བ་བརྗོད་མི་ལངས། །
རྩོམ་པ་པོ། ཚ་བ་སྒང་•གདོང་གཏད།
རྒྱ་ཆེ་བའི་སྤུན་ཟླ་རྣམས་ལ་ཞུ་བྱ། ཚ་སྒང་འཕྲིན་སྟེགས་འདིར་དགོད་རྒྱུ་རྩོམ་ཡིག་རྣམས་རྩོམ་པ་པོ་རང་གིས་ཞུ་དག་ལེགས་པར་བྱེད་དགོས་པ་ལས་འདིར་ནས་ཞུ་དག་བྱེད་ཅིང་མེད། རྩོམ་ཡིག་འདིར་བསྐུར་ཟིན་ནའང་སྔར་བཤད་པ་ལྟར་རྩོམ་ཡིག་ཀྱང་ཁོར་ཡུག་དང་དུས་སོགས་དང་འཚམ་པར་ཡིན་དགོས་པ་ལས་གཞན་དག་དགོད་ཀྱི་མེད་པས་རྩོམ་བདག་རྣམས་དགོངས་འགལ་མེད་པར་གྱིས། དེ་ཚོ་དང་པོ་གོ་བར་གྱིས།
擦岗平台