ཨེ་མ།
རྣམ་འདྲེན་བཞི་པའི་བསྟན་པ་སྙིང་པོའི་བསྟན། །
བཀའ་བབས་བཞི་འདུས་རྒྱལ་བ་བཀའ་བརྒྱུད་པའི། །
བསྟན་པའི་གདུགས་དཀར་མཁའ་རུ་བསྒྲེང་མཛད་པའི། །
བསྟན་འཛིན་དམ་པ་ཁྱེད་ཉིད་སླར་ཡང་དྲན། །
རྣམ་དཀར་དགེ་བའི་ས་བོན་འཕྲོ་བཟང་བས། །
ཆུང་ནས་རབ་བྱུང་འབྲི་ཀློག་དག་སྙན་སོགས། །
བརྡ་སྟོན་ཙམ་གྱིས་ཚེགས་མེད་ཐུགས་སུ་མངའ། །
ཤེས་ལྡན་བཤེས་གཉེན་དམ་པ་སླར་ཡང་དྲན།
ཀ་རི་ཀཱ་ནི་གསང་ཆེན་རྒྱུད་སྡེའི་བར། །
མཚན་ལྡན་བླ་མའི་ཞལ་གདམས་བཅུད་ཀྱིས་གསོས། །
གཞུང་ལུགས་ཀུན་ལ་མཁྱེན་པའི་སྤོབས་པ་མངའ། །
དཔྱོད་ལྡན་བཤེས་གཉེན་དམ་པ་སླར་ཡང་དྲན། །
རིགས་གནས་སྤྱི་ལ་མཁྱེན་པའི་རྣམ་དཔྱོད་དང་། །
དམ་པའི་མན་ངག་གཞུང་གི་དཀའ་གནད་སོགས། །
ལེགས་བཤད་སྒོ་བརྒྱ་འབྱེད་ལ་མི་ཞུམ་པའི། །
མཁས་པ་བཤེས་གཉེན་དམ་པ་སླར་ཡང་དྲན། །
རིམ་གཉིས་ཐབས་གྲོལ་ཟབ་མོ་ཕྱག་རྒྱ་ཆེ། །
རྡོ་རྗེ་འཆང་ནས་རྩ་བའི་བླ་མའི་བར། །
དོན་བརྒྱུད་རྟོགས་པའི་ཕ་ཤུལ་འཛིན་མཛད་པའི། །
བཤེས་གཉེན་དམ་པ་ཁྱེད་ཉིད་སླར་ཡང་དྲན། །
ཚུལ་གནས་ཐོས་བསམ་སྒོམ་ལ་རང་རྒྱུད་འབྱོངས། །
འཆད་རྩོད་རྩོམ་པས་བསྟན་ལ་མཛད་རྗེས་བཞག །
བསྡུ་བ་རྣམ་བཞིས་འགྲོ་བའི་དོན་མཛད་པ། །
བཤེས་གཉེན་དམ་པ་ཁྱེད་ཉིད་སླར་ཡང་དྲན། །
ཕྱི་ལྟར་ཉན་ཐོས་གཙང་མའི་གོས་ཀྱིས་མཛེས། །
ནང་ལྟར་ཐེག་ཆེན་སེམས་དཔའི་ངང་ཚུལ་ལྡན། །
གསང་བ་རིམ་གཉིས་ཟབ་མོའི་ལྟ་དགོངས་རྫོགས། །
ཚུལ་ལྡན་བཤེས་གཉེན་དམ་པ་སླར་ཡང་དྲན། །
མཁས་བཙུན་བཟང་གསུམ་དཔལ་གྱིས་ཕྱུག་པའི་མཆེད་པོ་དམ་པ་ཀརྨ་ལས་སྒྲུབ་དགོངས་པ་ཞི་བའི་དབྱིངས་སུ་གཤེགས་ནས་ལོ་འཁོར་གཉིས་ལོན་པའི་དུས་ཚིགས་ལ་རྗེས་དྲན་གྱི་ཚུལ་དུ་དྲ་མིང་འོད་ཕྲན་ནམ་དངོས་མིང་ཉི་ཕྱུག་ནས་༢༠༢༢/༡༡/༡༠ ཉིན་གུས་པས་ཕུལ་བའོ། །
སླར་སྨྲས་པ།
ལེགས་བྱས་བསོད་ནམས་ཤར་རིའི་ཕྲག་པ་ནས། །
རྟ་བདུན་དབང་པོས་ས་འཛིན་ལེན་གཅིག་གསལ། །
འོན་ཀྱང་ཞིང་འདིར་བསོད་ནམས་དམན་པའི་མཐུས། །
ཡུན་རིང་མ་བཞུགས་དབྱིངས་སུ་ནུབ་ལ་སྐྱོ། །
བཤེས་གཉེན་དམ་པ་མཁན་ཀརྨ་ལས་གྲུབ་མཆོག་རྗེས་སུ་དྲན་པ་བརྩེ་བའི་འོད་སྣང་།
སྨྲ་བའི་དབང་ཕྱུག་ཀུན་མཁྱེན་བླ་མ་ཡི།།
བསྟན་པའི་རུ་མཚོན་མཁའ་ལ་སྒྲེང་བ་ལ།།
ཞུམ་མེད་སྙིང་སྟོབས་བཙན་པོའི་གོ་གྱོན་པའི།།
མཁན་པོ་ཀརྨ་ལས་གྲུབ་རྗེས་སུ་དྲན།།
བསྟན་པའི་ཡང་སྙིང་མར་སྟོན་རྒྱལ་བའི་བསྟན།།
རྨོངས་དང་གཡོ་སྒྱུས་གཞན་དུ་བསྒྱུར་བའི་ཚེ།།
རང་བསྟན་གཙང་མ་རང་གིས་འཛིན་དགོས་པར།།
བསྐུལ་མཁན་བཤེས་གཉེན་དམ་པར་རྗེས་སུ་དྲན།།
ཐུན་མོང་སྒྲ་རྩིས་སྙན་ངག་སྡེབ་སྦྱོར་དང་།།
སྨན་དང་ལོ་རྒྱུས་བཟོ་རིག་ནས་བཟུང་སྟེ།།
ཐུན་མིན་དབུ་ཚད་མཛོད་འདུལ་ཕར་ཕྱིན་སོགས།།
ཀུན་ལ་རྨོངས་པ་བྲལ་ཁྱེད་རྗེས་སུ་དྲན།།
བསྟན་པའི་རྩེ་མོ་གསང་སྔགས་བླ་མེད་ཀྱི།།
ཆ་ལག་བཅའ་འབུད་རྡུང་དབྱངས་ལ་སོགས་ནས།།
ཕ་རྒྱུད་མ་རྒྱུད་གཉིས་མེད་རྒྱུད་འགྲེལ་རྣམས།།
ཇི་བཞིན་མཁྱེན་པའི་མཁས་དབང་རྗེས་སུ་དྲན།།
ཆེས་སྙིགས་དུས་ཀྱི་རྒུད་པའི་རང་རྟགས་སུ།།
ཕལ་ཆེར་འདོད་ཡོན་སྲིན་མོའི་རྗེས་སྙེག་ཚེ།།
དབེན་པའི་གནས་སུ་རྩེ་གཅིག་སྒྲུབ་མཛད་པའི།།
དཀར་བརྒྱུད་བསྟན་པའི་མགོན་ཁྱེད་རྗེས་སུ་དྲན།།
བློ་ལྡན་དོན་གཉེར་ཅན་གྱི་གདུལ་བྱ་ལ།།
བརྡ་སྤྲོད་སུམ་རྟགས་དག་གསུམ་ནས་བཟུང་སྟེ།།
བཀའ་པོད་ལྔ་སོགས་མདོ་སྔགས་གཞུང་འགྲེལ་རྣམས།།
ཚུལ་བཞིན་གདམས་མཛད་བཤེས་གཉེན་རྗེས་སུ་དྲན།།
ཕྱི་རུ་ཉེས་སྤྱོད་སྡོམ་པའི་ཁྲིམས་ཀྱིས་མཛེས།།
ནང་དུ་བྱང་ཆུབ་སེམས་ཀྱི་བསླབ་པས་ཕྱུག།
གསང་བར་བསྐྱེད་རྫོགས་རིམ་པའི་གནད་ལ་མཁས།།
སུམ་ལྡན་རྡོ་རྗེ་འཛིན་པ་རྗེས་སུ་དྲན།།
མདོར་ན་ཁྱེད་ཀྱི་མི་གཞི་གསེར་ལས་ལྷག།
ཁྱེད་ཀྱི་ཤེས་ཡོན་མ་དྲོས་མཚོ་ལྟར་ཟབ།།
ཁྱེད་ཀྱི་བསླབ་ཁྲིམས་པདྨའི་སྦུབ་ལྟར་གཙང་།།
ཆོས་ཀྱི་བཤེས་གཉེན་དམ་པ་རྗེས་སུ་དྲན།།
ཞེས་མཁན་པོ་ཀརྨ་ལས་གྲུབ་མཆོག་སྐུ་མྱ་ངན་ལས་འདས་ནས་བགྲང་བྱ་གཉིས་འཁོར་བའི་རྗེས་དྲན་དུ་གྲྭ་མདོ་སྔགས་བསྟན་འཛིན་གྱིས་ཕུལ།
མཁྱེན་རབ་ཉི་གཞོན་འཛུམ་པའི་རྩེ་དགའ་རེས།།
ཀུན་རྨོངས་མུན་པའི་སྨག་ཆེན་སེལ་མཛད་ཅིང་།།
བློ་གྲོས་བློ་ཡི་སྣང་བ་མཆོག་སྩོལ་བའི།།
འཇམ་དབྱངས་སྨྲ་བའི་ཟླ་བ་གཙུག་ན་རྒྱལ།།
འདི་ན་ཁྲིམས་གཙང་ཐོས་པས་རྒྱུད་ཕྱུག་ཅིང་།།
ལུང་རྟོགས་གདུགས་དཀར་མཐོན་པོར་སྒྲེང་བ་ཞིག།
སྐྱེ་རྒུའི་བསོད་ནམས་ཕྲག་པས་མ་ཐེག་བར།།
གློ་བུར་ཞི་བར་གཟིམས་པའི་ཚུལ་དེ་སྐྱོ།།
གཞུང་མང་འཆད༵་པའི་ལྗགས་ཀྱི་རྩལ་ཡངས་ཤིང་།།
ཕྲ་ཞིབ་རྩོད༵་པའི་རིགས་ལམ་རྣོན་པོ་ཅན།།
དོན་བཟང་རྩོམ༵་གྱིས་གཞན་ཡིད་འགུགས་ནུས་པའི།།
མཁས༷་དབང་སྨྲ་བའི་སེངྒེ་སླར་ཡང་དྲན།།
ཞི་དུལ་སྐུ༵་ལ་རྣམ་གསུམ་གོས་ཀྱིས་མཛེས།།
ལྷོད་ཆགས་གསུང༵་ལ་སྡེ་སྣོད་རྒྱ་མཚོ་འཁྱིལ།།
རྣམ་དག་ཐུགས༵་ལ་མཁྱེན་དང་བརྩེ་བ་རྒྱས།
བཙུན༷་པའི་བདག་ཉིད་ཆེན་པོ་སླར་ཡང་དྲན།།
བཅུ་ཕྲག་རིག་པའི་གནས་ལ་མཁྱེན༵་རྒྱ་ཡངས།།
ཉམ་ཐག་འགྲོ་བའི་ཁམས་ལ་བརྩེ༵་བ་ཟབ།།
བསྟན་འགྲོར་སྨན་པའི་ནུས༵་པ་མཐའ་ཀླས་པའི།།
བཟང༷་པོའི་ཕྲིན་ལས་ཅན་ཁྱོད་སླར་ཡང་དྲན།།
ལྟ་སྤྱོད་རྣམ་དག་རབ་དཀར་བརྒྱུད་པའི་སྲོལ།།
འཁྲུལ་མེད་ཉམས་སུ་ལེགས་པར་བསྟར་བའི་མཐུས།།
ཟག་མེད་བདེ་དགའ་སྙིང་ལ་རྟག་འཆར་བའི།།
ཆོས་པའི་རྣམ་ཐར་བདག་གིར་བཞེས་ཁྱོད་དྲན།
མི་གཤིས་གསེར་གྱི་རི་བོ་བརྟན་ཅིང་བརྗིད།།
རིགས་ཞེན་གཡུ་མཚོ་སྔོན་མོ་དྭངས་ཤིང་གཙང་།།
ལུགས་གཉིས་མཁྱེན་རྒྱ་ཆེ་བའི་དྲན་དབང་ཆེ།།
བསམ་ཞིང་བསམ་ན་ཕངས་འགྱོད་རི་ལས་ལྕི།།
དེ་སྐད་མ་བཅོས་སེམས་ཀྱི་སྣང་བརྙན་ངོས།།
ཡང་ཡང་ཤར་བའི་ཁྱེད་ཀྱི་ངང་ཚུལ་རྣམས།།
ཅུང་ཟད་ཙམ་ཞིག་གུས་པས་བརྗོད་པའི་མཐུས།།
སྐྱེ་ཀུན་ཆོས་རིག་སྨྲ་བའི་དཔལ་ཐོབ་ཤོག།
མ་ངེས་ལས་ཀྱི་རླུང་བུས་ཁྱེར་བ་ཡི།།
གསལ་ལ་མི་གསལ་སྒྱུ་མའི་ཁ་དོག་ཁྲོད།།
བརྗེད་མེད་སེམས་ཀྱི་དེད་དཔོན་ལྷ་མཆོག་ཡིན།།
སྡུག་བདེན་སྒྱུ་མའི་ཕུང་པོ་མ་ཞིག་བར།།
སྲིད་པའི་ལས་རླུང་རྗེས་སུ་རྒྱུ་ངེས་པས།།
མ་རིག་སད་ཀྱི་ཁྱེར་བའི་བདག་འདྲ་ལ།།
ལམ་སྟོན་དུས་ཀྱི་སྒྲོན་མེ་ཁྱེད་ཉིད་ཙམ།།
སྐྱིད་སྡུག་ཆར་ཆུ་འདྲེས་པའི་མི་ཚེ་ཁྲོད།།
ཕྱིར་དྲན་རྨི་ལམ་སྐྱ་མོའི་ཐང་ཆེན་ན།།
དོན་ལྡན་ཟིན་ཐོ་བཀོད་པའི་ལས་མེད་ཀྱང་།།
བཤེས་གཉེན་ཁྱེད་ཉིད་མཇལ་བས་ཚིམ་པ་ཡིན།།
མདོ་སྔགས་གསུང་རབ་སྐར་ཚོགས་བཀྲམ་པའི་ཁྲོད།།
སྣ་མང་ཤེས་བྱའི་མཐའ་རྒྱ་མ་ཆོད་རུང་།།
བརྩེ་ཆེན་བྱམས་པའི་དྲིན་གྱིས་བསྐྱངས་བ་ཡི།།
མགོན་ཁྱོད་ཡིད་ལ་དྲན་ན་ལྷག་ཏུ་སྐྱོ།།
ང་ཅག་རེ་ལྟོས་འཆང་བའི་གདུལ་བྱའི་ཚོགས།།
ལེགས་བྱས་བསོད་ནམས་སྨིན་པ་ཉམས་ཕྲ་བས།།
ཁྱེད་སྐུ་ཟླ་གཞོན་ཆུ་འཛིན་སྟུག་པོས་བསྒྲིབས།།
བསམ་ན་ཡིད་ཀྱི་མུན་པ་སངས་ཐབས་ལྕི།།
ལྔ་ལྡན་དར་གྱི་ཟེར་ཐག་ལ་བརྟེན་ནས།།
རིག་འཛིན་བྱེ་བའི་གཙུག་རྒྱན་ཚོགས་དཔོན་དུ།།
དབྱིངས་བཞུགས་ཌཱ་ཀི་ཚོགས་ཀྱིས་མདུན་བསུས་ནས།།
མི་མངོན་ཞིང་དུ་ཕེབས་པ་སྔ་སོང་ཐལ།།
ཞེས་མཁན་པོ་ཀརྨ་ལས་གྲུབ་མཆོག་སྐུ་མྱ་ངན་ལས་འདས་ནས་བགྲང་བྱ་གཉིས་འཁོར་བའི་རྗེས་དྲན་དུ་དམ་པ་གང་གི་སློབ་རིགས་སུ་གཏོགས་པ་བསྟན་པ་ནོར་བུས་ཕུལ།
ཆེ་རློམ་ཆང་གིས་སྦྲིད་པའི་རྨོངས་པ་ལ། །
དོན་སྟོང་ཚིག་སྐམ་ལྒང་བུ་སྤུངས་པ་ལས། །
ཕྱི་ནང་བཙུན་དང་མཁས་ལ་རྩོད་བྲལ་བ། །
མི་གཞི་གསེར་གྱིས་བྲབས་པའི་ཁྱེད་ལྟ་བུ། །
ལན་གཅིག་དྲན་པའི་བསོད་ནམས་ཅིའི་མི་ལྷག །
ཡེ་ལོ།2023.1.1ཉིན་མཁན་ཀརྨ་ལས་སྒྲུབ་མཆོག་དགོངས་རྫོགས་དུས་དྲན་དུ་ཚ་བ་ཟླ་བ་རྒྱལ་མཚན་ནས།
བསླབ་པའི་ཁྲིམས་ལ་སྐྱོན་གྱིས་མ་གོས་བཙུན་པའི་གཟུཊ་ཀྱི་དཔང་མཐོ་ཞིང་།།
སྦྱང་པའི་གནས་ལ་ཕྱོཊ་རེར་མ་ལུས་མཁྱེན་པའི་རྒྱ་མཚོ་གཏིང་འཐའ་བྲལ།།
སྤྱོད་པའི་ལས་ལ་ནག་ནོག་མ་ལྷད་མཛད་བཟང་གངས་ཀྱི་ལྷུན་པོ་དཀར།།
རྡུལ་བྲལ་པདྨའི་སྦུབ་ལྟར་གཙང་བ་དམ་པ་གང་དེ་སྙིང་ནས་དྲན།།
ཕྱི་ཚུལ་ཞི་དུལ་སྤྱོད་པ་བཟང་པོས་མཐོང་ཐོས་དད་པའི་ས་བོན་བཞག །
ནང་དུ་བསླབ་པའི་ཡོན་ཏན་རྫོཊ་པས་དཔྱོད་ལྡན་མཁས་པའི་ཡིད་དབང་འཕྲོག །
རྒྱུན་པར་ཉམ་ཆུང་དམན་པའི་ཚུལ་བཟུང་སྦས་པའི་རྣལ་འབྱོར་ཆེན་པོ་དངོས།།
སྐྱེ་བ་འདི་དང་ཚེ་རབས་ཀུན་ཏུ་གཙུག་གི་ནོར་བུ་ཁྱེད་ཉིད་ལགས།།
བྱམས་པའི་ཐུཊ་ཀྱི་བརྩེ་བས་བསྐྱངས་པ་རིན་ཆེན་རྒྱུ་ཡིས་གཞལ་ནུས་མིན།།
ལེཊ་བཤད་ཆོས་ཀྱིས་གྲུ་ཆེར་བསྙིལ་བ་ཕུན་ཚོགས་གང་གིས་ལོན་པ་མིན།།
འདི་ཕྱི་བདེ་བའི་ལམ་སྟོན་གནངས་བ་སྲིད་གསུམ་ནོར་གྱིས་འགུཊ་པ་མིན།།
གཞལ་མཐའ་བྲལ་བ་ཁྱེད་ཀྱི་བཀའ་དྲིན་སྐྱེ་བ་འདི་ཀུན་བརྗེད་མེད་ཡིན།།
སྐྱིད་སྡུག་ཚོར་བ་སྣ་དགུ་བྱུང་ཡང་དད་པའི་རྟེན་མཆོག་ཁྱེད་ཉིད་དེ།།
མཐོ་དམན་གནས་རིས་གང་དུ་འགྲིམ་ཡང་རེ་ལྟོས་བཅོལ་ས་ཁྱེད་གཅིག་པུ།།
ལེཊ་ཉེས་ལམ་ཁ་ཇི་ལྟར་རྒྱུད་ཀྱང་གདུང་དབྱངས་འབོད་ས་ཁྱེད་ཁོ་ན།།
རིཊ་ཀྱི་བདག་པོ་ཁྱེད་ལས་མེད་དོ་རྟག་ཏུ་ཐུགས་རྗེས་སྐྱོངས་མཛོད་ཅིག །
རིན་ཆེན་གྲགས་ཀྱིས།
དྲན་བདེན་གྱི་རང་མདངས།
མི་གཤིས་གསེར་གྱི་རི་མོའི་རང་ཚུགས་བརྟན།།
ཕྱི་ནང་དབེན་པའི་ཞི་བའི་རང་གཟུགས་མངའ།།
ང་ཁྱོད་རྩོད་པའི་འདུ་ལོང་བཙན་ས་ནས།།
གནམ་བརྟན་དགེ་སློང་ཞིག་གི་རྣམ་ཐར་གསལ།།
ཁྱོད་ཞལ་མཇལ་བའི་དུས་ཚོད་སྐད་ཅིག་ཙམ།།
དེ་ཡང་གནས་བབ་མི་བདེའི་འཁོར་ཡུག་ཞིག།
འོན་ཏང་ཁྲིམས་འཆང་དགེ་སློང་ངང་ཚུལ་ལ།།
བར་སྐབས་དེ་ནས་སྨོན་པ་ཤོར་མྱངས་ཡོད།།
དེང་འདིར་སྙིགས་མ་ལྔ་ཡི་དུས་སྐབས་ཞེས།།
མགོ་ནག་བོད་ཀྱི་བཤད་ཚུལ་མཐུན་པའི་ཁྲོད།།
སྟོན་པའི་བཀའ་བསྒྲུབ་དང་བླངས་བྱེད་མཁས་པ།།
གང་ཁྱོད་ཆོས་པ་རྣལ་མའི་རྣམ་ཐར་མཚར།།
ཨེ་མ་འདའ་ཁའི་ཞལ་ཆེམས་ཚིག་བཅད་དང་།།
སྦྱར་ནས་ཕྱོགས་དང་ཕྱོགས་སུ་སྤེལ་བའི་འཕྲིན།།
བདག་གི་འདྲེན་བྱེད་ལམ་དུ་རྒྱུ་བའི་སྐབས།།
ཁ་མིན་དོན་གྱིས་དད་འདུན་ཡང་ཡང་ཤོར།།
ཆོས་རིག་ནོར་ལ་ཞེན་ཆགས་བཙན་པའི་དབང་།།
རྣམ་ཤེས་ཆོས་ལྡན་ཞིང་དང་འགྲོག་པར་སྲིད།།
ལས་ཅན་སློབ་མར་ལྷག་བསམ་དཀར་བས་ན།།
སློབ་མའི་བསམ་འདུན་ཇི་བཞིན་འགྲུབ་པར་ངེས།།
ངས་ནི་ཁྱོད་ཉིད་མཇལ་བ་ཙམ་ཞིག་ལས།།
ཆོས་དང་འཇིག་རྟེན་འབྲེལ་བ་མ་བྱུང་ཡང་།།
ཐོས་དང་སྣང་བའི་ལོ་ཟླའི་འགྲོས་གོམ་ལས།།
གང་ཉིད་སྐྱེས་བུ་དམ་པ་ཞིག་ཏུ་མཐོང་།།
མི་ཚེ་ཆོས་རིག་ནོར་གྱི་དབུ་འཕང་ལས།།
ཟད་པའི་མི་ནི་སྤྱིར་ནས་ངོ་མཚར་གནས།།
ཁྱད་པར་སྟོན་པའི་རྗེས་འཇུག་ཡིན་པས་ན།།
བསྟན་དོན་ཚེ་དང་བརྗེས་པར་ཧ་ཅང་ལེགས།།
ཁྱོད་ཉིད་ལྷ་ལམ་ཡངས་པའི་དཀྱིལ་འཁོར་དུ།།
གཤེགས་རྗེས་མི་སྙན་ཚིག་ཚོགས་གཅིག་ཀྱང་མེད།།
འཆི་སར་མི་འཇིགས་སྤོབས་པའི་ཚིག་གི་ཕྲེང་།།
སྤེལ་བར་ངོ་མཚར་འབུམ་གྱིས་སྒྲུན་ནུས་མིན།།
ཅེས་པའང་བཀྲ་ཤིས་རྟགས་བརྒྱད་ཀྱི་ཚིག་བཅད་གྲངས་དང་ལྡན་པ་འདི་ཉིད་དམ་པ་གང་ལ་ཆོས་ཀྱི་འབྲེལ་བ་མ་ཐོབ་ཀྱང་ཁ་མིན་སེམས་ཀྱིས་དད་ཞེན་མངའ་བས་རྗེས་དྲན་དུ་ཕུལ་བ་ཙམ་མོ།།
སྔོན་གྱི་ལས་སྨོན་བཟང་པོའི་རྟེན་འབྲེལ་གྱིས། །
ངེས་དོན་སྟོན་པ་གཅིག་གི་བསྟན་ཞབས་སུ། །
མཚན་ལྡན་བླ་མ་གཅིག་གི་སློབ་བུ་དང་། །
དམ་གཙང་དཀྱིལ་འཁོར་གཅིག་གི་རྡོ་རྗེ་སྤུན། །
ཁྱེད་ཉིད་ཞིང་དུ་གཟིམས་ཞེས་མི་འདོད་གཏམ། །
ཁོ་བོའི་སྒྲ་འཛིན་བུ་གར་ཐོས་པའི་མོད། །
ཡ་ཆུང་སེམས་པ་དམར་པོའི་གཏིང་རིམ་ན། །
བཟོད་མེད་སྐྱོ་བའི་ན་ཟུག་ཅི་ཡང་བྱིན། །
འོན་ཀྱང་དམ་པ་གང་གི་སྐུ་ཚེའི་རིང་། །
རྣམ་དག་ཚུལ་ཁྲིམས་གཙང་མས་རྒྱུད་བསྡམས་ཤིང་།
ཐོས་བསམ་སྒོམ་དང་འཆད་རྩོད་རྩོམ་པ་ཡི། །
མཛད་བཟང་མཐའ་འཁྱོངས་ཚུལ་ལ་ཡིད་རེ་སྨོན། །
མི་འགྱུར་ལྷུན་པོ་ལྟ་བུའི་རང་ཚུགས་དང་། །
མི་དཔོག་རྒྱ་མཚོ་ལྟ་བུའི་ཡངས་པའི་ཐུགས། །
མི་འགག་ཆགས་ཐོགས་བྲལ་བའི་མཁྱེན་རབ་སོགས། །
རེ་རེ་བསམ་ཚེ་གང་ཉིད་རེ་རེ་དྲན། །
མ་འོངས་མངོན་གཟིགས་ལྟ་བུའི་ཆག་འཇོག་དང་། །
དོན་མཐུན་དཔེ་ལ་སྦྱར་བའི་བཀའ་མོལ་དང་། །
ཚིག་ཉུང་གནད་ལ་སྨིན་པའི་ཞལ་ཏ་སོགས། །
ད་ལྟ་ད་དུང་རྣ་བར་ལྷང་ངེར་འཁོར། །
ཁ་ཙམ་མ་ཡིན་དོན་གྱི་མཛད་རྗེས་ཡོད། །
ཕྱི་ཙམ་མ་ཡིན་ནང་གི་ཉམས་ལེན་ལྡན། །
ཕྱོགས་ཙམ་མ་ཡིན་རིག་གཞུང་ཀུན་ལ་མཁས། །
མཁས་གྲུབ་གཉིས་ལྡན་སྐྱེས་བུ་དམ་པ་ལགས། །
ཤཱཀྱའི་དགེ་སྦྱོང་གང་ཉིད་གཤེགས་ཤུལ་དུ། །
གླེགས་བམ་འགའ་དང་ཆོས་གོས་རེ་ཟུང་ཙམ། །
རྣམ་དག་ཆོས་པ་ཞིག་གི་ངང་ཚུལ་འདིས། །
སྒྲུབ་བརྒྱུད་གོང་མའི་རྣམ་ཐར་འཆང་བ་དང་། །
ཀུན་མཁྱེན་བླ་མ་ཡིད་བཞིན་ནོར་བུ་ཡི། །
ཚད་ལྡན་སློབ་བུ་ཞིག་གིས་འདི་ལྟར་ཞེས། །
ཕྱི་རབས་ངེད་ཚོར་གདམས་པའི་དཔེ་སྟོན་དང་། །
གསུབ་མེད་ལོ་རྒྱུས་གསལ་བའི་མེ་ལོང་དངོས། །
སྐྱེ་འཆི་འདུ་འབྲལ་སྒྱུ་མའི་ངང་ཚུལ་ལས། །
མགོན་ཁྱོད་རིང་ནས་གྲོལ་ཡང་རྟག་འཛིན་ཅན། །
མི་རྟག་ཆོས་ལ་བསྐུལ་བའི་རྣམ་ཐར་བསྐྱངས། །
ས་དང་ལམ་ལ་བར་ཆད་མེད་པར་སྨོན། །
མཁན་པོ་ཀརྨ་ལས་སྒྲུབ་མཆོག་གཟུགས་སྐུ་ཞི་བར་གཟིམས་པའི་གཏམ་ཐོས་པའི་མོད་ལ་ལོ་མ་དམར་པོས་སྐྱོ་དུང་དུང་ངང་དུ་མྱུར་སྟབས་སུ་བྲིས་ཏེ་ཕུལ། །
ཟླ་བ་དཀར་པོ་ནུབ་ཀྱི་རི་ནས་ཡལ།།
སྐར་མའི་མིག་ཆུ་ཁ་བའི་ཟོལ་གྱི་འབབ།།
ཉི་མའི་དཔུང་རོགས་བྲལ་བའི་བར་སྣང་དུ།།
རེ་བའི་ལབ་རྩེ་སྐྱོ་གདུང་སྨུག་པས་བཟུང་།།
ཀྱེ་མ་ཀྱེ་མ་ལས་ཀྱི་གནམ་ངོ་འདིར།།
སེམས་གསོའི་དབུགས་དབྱུང་ཇི་ལྟར་བྱས་ན་དྲག།
ད་ནི་ཕུ་བོས་བསྐྱུར་བའི་བྱིས་པ་བཞིན།།
གོ་ཁའི་ཐལ་རྡུལ་དཀྱིལ་ན་སུ་འགའ་ལུས།།
ཁྱེད་ཀྱི་ཡོན་ཏན་ནི་ཁ་བའི་རྡུལ་བརྩིགས་ཏེ། །
ཡོད་ཚད་བརྗོད་པ་ཡི་ཤེས་ཡོན་མི་མངའ་ཡང་། །
ཁྱེད་ལ་བཅོས་མིན་གྱི་དགའ་དད་ཡོད་པའི་རྐྱེན། །
ཡོན་ཏན་ཆ་ཤས་ཙམ་བརྗོད་ལ་བདག་སེམས་སྤྲོ། །
བརྡ་སྤྲོད་རིག་གཞུང་ཙམ་མི་ཚེ་མ་སྟོང་ཞིང་། །
བསྡུས་རྟགས་ཚིག་འཕྲུལ་འགས་བློ་ཡིད་མ་ཚིམ་པའི། །
མདོ་སྔགས་རྒྱུད་སྡེ་བཅས་ཐོས་བསམ་མཐར་ཕྱིན་པ། །
ངེས་དོན་བཤེས་གཉེན་དེའི་ཤེས་ཡོན་རྗེས་སུ་དྲན། །
ཚད་མ་ཕར་ཕྱིན་དང་དབུ་མ་མཛོད་འདུལ་སོགས། །
གང་ལ་གང་འཚམ་ཞིག་བློ་ངོར་ཤར་ཙམ་གྱིས། །
རིགས་འཕྲུལ་སྐམ་པོ་ཡིས་ཁྲོམ་བསྒྲགས་མ་གནང་པ། །
ངེས་དོན་བཤེས་གཉེན་དེའི་ཉམས་ལེན་རྗེས་སུ་དྲན། །
ཐོབ་ཆེན་དཔོན་པོ་ལ་ངོ་བསྟོད་མ་མཛད་ཅིང་། །
ནུས་མེད་ཉམས་ཆུང་ལ་སྡང་མིག་མ་བགྲད་པའི། །
མཚན་དང་སྙན་གྲགས་འོག་དྲང་བདེན་མ་དོར་བ། །
ངེས་དོན་བཤེས་གཉེན་དེའི་རང་ཚུགས་རྗེས་སུ་དྲན། །
གང་གི་ལྟ་བ་ནི་གངས་རི་དཀར་པོ་སྟེ། །
དྲི་མེད་དྭངས་གཙང་གི་རྫ་ཆུ་བཞུར་བ་ལྟར། །
ལེགས་བཤད་བདུད་རྩིའི་རྒྱུན་སློབ་ལ་བསྟིམས་མཛད་པ། །
ངེས་དོན་བཤེས་གཉེན་དེའི་གདམས་ངག་རྗེས་སུ་དྲན། །
ཤུལ་བཞག་རིན་བྲལ་གྱི་གདམས་ངག་རིན་ཆེན་མཛོད། །
ཤུལ་ལུས་ང་འདྲ་བའི་གདུལ་བྱའི་དཔུང་ཚོགས་སུ། །
རྗེས་ཤུལ་ནུབ་མེད་ཀྱི་རྡོ་རིང་བཙུགས་མཛད་པ། །
ངེས་དོན་བཤེས་གཉེན་དེའི་མཛད་རྗེས་རྗེས་སུ་དྲན། །
ཅེས་རང་ཡུལ་གྱི་མཁན་ཆེན་ཀརྨ་ལས་སྒྲུབ་མཆོག་དགོངས་པ་ཆོས་ཀྱི་དབྱིངས་སུ་ཐིམ་ནས་ལོ་འཁོར་གཉིས་ལོན་པའི་རྗེས་དྲན་དུ་གང་ཉིད་ཀྱི་སློབ་འབངས་སུ་གཏོགས་པ་གུས་སྐལ་བཟང་དབང་འདུས་ནས་བྲིས་པའོ། །
མ་བཅོས་སེམས་ཀྱི་རང་བཞིན་རྣམ་པ་དག།།
མ་འབད་ཚུལ་ཁྲིམས་གཙང་མའི་ས་གཞི་བརྟན།།
གཡོ་ཡིས་མ་བསླུས་སྐྱོན་གྱིས་མ་གོས་པའི།།
རང་བྱུང་ཡེ་ནས་དག་པའི་གཤིས་འདི་མཛེས།།
མི་གཞི་གསེར་གྱི་རི་བོ་བརྟན་པོ་ཡིན།།
ཚུལ་ཁྲིམས་འོ་མའི་རྒྱ་མཚོ་གཙང་མ་ཡིན།།
ཤེས་རབ་རལ་གྲི་ཅན་གྱི་བྱིན་བརླབས་པའི།།
དྲང་སྲོང་བཙུན་པ་ཁྱེད་ལ་ཕྱག་འཚལ་ལོ།།
ཞེ་ལ་ཐོགས་པའི་དྲོད་ཀྱི་ཐིག་ལེ་ཡིན།།
སྙིང་ལ་ཞུགས་པའི་ལྷ་ཡི་བུ་ཆུང་ཡིན།།
ཡིད་ལ་འབབ་པའི་རྡོ་རྗེ་ཕ་ལམ་ཡིན།།
སེམས་ལ་འཚེར་བའི་སྐར་མ་འོད་ཆེན་ཡིན།།
མ་རང་ཚིག་གིས་སྒྲོ་སྐུར་བྱས་པ་དང་།།
མི་འདོད་ལུས་ཀྱིས་རྣམ་འགྱུར་ངན་པ་སོགས།།
ཅིས་ཀྱང་བཏང་སྙོམས་གནས་སུ་བཞག་མཛད་ནས།།
བཟོད་པའི་ཉམས་ལེན་གནད་ལ་རྟག་ཏུ་བརྩོན།།
ཕྱི་ནང་ལུས་ངག་ཉེས་སྤྱོད་མ་ལུས་ཀུན།།
དྲུང་ནས་འབྱིན་ཏེ་ཞི་དུལ་སྤྱོད་པ་ཡིས།།
ཀུན་གྱི་དང་བ་ངང་གིས་འདྲེན་པ་ཡི།།
བཤེས་གཉེན་ཁྱེད་ནི་འདུལ་བའི་མིག་གཅིག་པུར།།
བཙུན་པའི་ཚུགས་ལ་བཅོས་བཅོས་མི་དགོས་ལུས་ངག་སྤྱོད་པ་ཞི་བ་ཡིན།།
དོན་མེད་མི་ལ་འགྲན་སེམས་མི་དགོས་ཡེ་ནས་འགྲན་པའི་ཟླ་བྲལ་ཡིན།།
གཞན་ཟེར་གཏམ་ལ་གཡམ་རྒྱུག་མི་དགོས་ལེགས་བཤད་གསེར་གྱི་བང་མཛོད་ཡིན།།
ལོ་ཟླའི་མཚམས་ཀྱིས་བསགས་གྲངས་མི་དགོས་ཆོས་པ་རྣལ་མའི་ཉམས་ལེན་ཡོད།།
བསླབ་གསུམ་མིག་འབྲས་ཚུལ་བཞིན་བསྲུངས།།
སྡེ་སྣོད་གནད་ལ་ཤིན་ཏུ་མཁས།།
ཐ་མལ་སྣང་ཞེན་རིང་དུ་དོར།
སྤྱོད་པ་གཙང་བའི་བཤེས་གཉེན་དྲན།།
མི་ཚེ་གང་པོ་འདི་ནང་ལ།།
དཀའ་སྡུག་དུ་མའི་འཕྲང་བརྒལ་ནས།།
ཐོས་བསམ་ལས་ལ་དུས་འདའ་བས།།
བདག་ཉིད་སྤྱོད་ཚུལ་བླ་མ་དྲན།
བསླུ་བྲིད་རྫུན་གྱིས་སྤུལ་པ་མིན།།
བསྟན་དང་འགྲོ་བའི་ཁུར་ལྕི་བ།།
ལྷག་བསམ་ཟོལ་མེད་སློབ་འབངས་བསྐྱངས།།
ཀརྨ་མཚན་ཅན་ཡང་ཡང་དྲན།།
མི་གཞི་བཟང་ཞིང་རང་ཚུགས་བརྟན།།
མཐོ་ལ་ཕྲག་དོག་དྲི་མ་ཡལ།།
དམའ་བར་སྙིང་རྗེས་བུ་བཞིན་སྐྱོང་།།
དམན་ས་བཟུང་བའི་དགེ་སྦྱོང་དྲན།།
ཕྱི་ལྟར་ངུར་སྨིག་བརྒྱན་སྤྲས་ཞིང་།།
ནང་ལྟར་བྱང་སེམས་ཐུགས་རྒྱུད་བརླན།།
གསང་བའི་ཉམས་ལེན་གནད་ལ་བཀར།།
ནམ་ཡང་དྲན་ནོ་བླ་མ་མཁྱེན།།
ཐོས་པས་མུན་པ་ཕ་མཐར་བསྐྲད།།
བསམ་པས་ཤེས་བྱ་སྒྲོ་འདོགས་ཆོད།།
སྒོམ་པས་དུག་ལྔའི་རྩ་བ་འཇོམས།།
བཤེས་གཉེན་དམ་པ་སྙིང་ནས་དྲན།།
ཡང་གསང་ཟབ་པའི་སྙིང་པོ་སྟེ།།
འོད་གསལ་ཕྱག་རྒྱ་ཆེན་པའི་དོན།།
འཁྲུལ་མེད་ལུང་རིགས་གཏན་ལ་ཕེབས།།།
གནས་ལུགས་རང་མཇལ་བླ་མ་དྲན།།
བཀའ་བརྒྱུད་འཕྲིན་ལས་བྱེད་པོ་ཁྱེད།
བད྄ེ་ལྡན་དག་པའི་ཞིང་ཁམས་ལ།།
གཤེགས་པ་སྔ་སོང་རིན་པོ་ཆེ།།
ཤུལ་ལུས་དྭ་ཕྲུག་མགོན་མེད་སྐྱོ།།
༢༠༢༢/༡༢/༢༨ཉིན་ལུང་རིགས་ཟླ་བ་ནས་བྲིས་པའོ།།
ཚངས་སྲས་ལྷ་མོའི་སྐྱེམས་ཆང་།
མཁན་པོ་ཀརྨ་ལས་སྒྲུབ་མཆོག་རྗེས་སུ་དྲན་པ།
དཀར་འཇམ་ཤེལ་གྱི་ལྕུག་ཕྲན་ལྡེམ་པའི་རྩེར། །
ཉ་གང་ཟླ་བའི་མེ་ལོང་གཏེགས་འདྲ་བའི། །
འཇོ་སྒེག་ལྷ་ཡི་བུ་མོ་ཡིད་འཕྲོག་མ། །
དེང་འདིར་སྙན་པའི་ངག་ལ་རབ་མདར་སྐྱོན། །
ཤེལ་དཀར་ལྷུན་པོར་མཆར་ཀའི་མཚམས་སྤྲིན་གྱིས། །
འཁྱུད་པར་མི་མཚོན་དམར་སེར་ཆོས་ཀྱི་གོས། །
རྒྱན་དུ་མཛེས་པའི་ཤཱཀྱའི་དགེ་བའི་བཤེས། །
ཡོངས་འཛིན་སྨྲ་བའི་ཉི་མས་བདག་རྒྱུད་སྲོང་། །
སྐྱེ་འགྲོའི་བསོད་ནམས་ནམ་མཁའི་ངོས་ཡངས་པོར། །
རྨད་བྱུང་ཐུགས་བསྐྱེད་སྐྱ་རེངས་ཀྱིས་འདྲེན་པའི། །
དམ་ཆོས་པད་ཚལ་སྐྱོང་བའི་གཉེན་གཅིག་པུར། །
སྐྱབས་གཅིག་སྣང་བྱེད་བདག་པོ་རྗེ་བླ་མ། །
ངམ་གནག་འདོད་ཡོན་སྲོད་ཀྱི་བུ་མོ་ཡིས། །
དབང་དུ་མ་གྱུར་དྲི་མེད་བློ་ཡི་གྲོས། །
གཞན་རྒྱུད་རྨོངས་པའི་མུན་ཚོགས་བཅོམ་མཛད་པའི། །
རྒྱུ་སྐར་རྒྱལ་པོ་ལས་ལྷག་བླ་མ་དྲན། །
དྲི་བྲལ་ཚུལ་ཁྲིམས་ལྗོན་པའི་ཆུ་བར་བརྟན། །
ཐོས་བསམ་སྒོམ་པའི་ཡལ་འདབ་ཀུན་ཏུ་རྒྱས། །
སྙིང་རྗེས་་གྲིབ་བསིལ་སྐྱེས་འགྲོའི་གདུང་བ་བསལ། །
བཤེས་གཉེན་ཡོངས་འདུས་ས་བརྟོལ་སླར་ཡང་དྲན། །
སྒྲུབ་བརྒྱུད་བསྟན་པ་གངས་ཀྱི་རི་བོ་སྤོར། །
བཀའ་ཕྱག་ཉི་ཟླའི་རྣ་ཆ་མཛེས་པ་ཡི། །
ཟབ་ལམ་ཆོས་ཀྱི་མཛོད་ལ་དབང་སྒྱུར་བ། །
མ་ཧཱ་མུན་དྲའི་བརྒྱུད་འཛིན་ཁྱོད་གཅིག་པུ། །
ཐུན་མོང་རིག་པའི་དྲི་ཞིམ་ཕྱོགས་ཀུན་འཐུལ། །
ནང་རིག་བསྟན་བཅོས་དོན་གྱི་མེ་ཏོག་བཞད། །
རྩེ་གཅིག་ཏིང་འཛིང་སྒོམ་པའི་འབྲས་བུ་སྨིན། །
པུཎྜ་རི་ཀ་འདྲ་བའི་བླ་མ་དྲན། །
ཆེན་པོ་གནམ་གྱི་ངོས་སུ་མི་སྙོབ་ལ། །
དམན་པའི་ས་གཞི་ལྗིད་ཀྱི་མི་བརྫི་ཞིང་། །
མཉམ་པར་གནས་ལ་སྤྲེལ་ལད་མི་འཁྲབ་པའི། །
དྲང་འགྲོ་སྒྲོ་ལྡན་འདྲ་བའི་བླ་མ་དྲན། །
མི་གུས་ལྷ་ཆེན་རལ་པ་ལས་བྱུང་བའི། །
བརྩོན་འགྲུས་ཛ་ཧུར་བུ་མོའི་རྒྱུན་བཟང་པོ། །
ཐོས་བསམ་རྒྱ་མཚོའི་གནས་སུ་འཇུག་མཁས་པའི། །
ལྷ་ཆབ་སྔོན་མོ་འདྲ་བའི་བླ་མ་དྲན། །
ཡིན་མིན་གནས་ལུགས་དོན་རྣམ་མ་ནོར་ཞིང་། །
དཔྱད་གསུམ་ཚད་མའི་འཕྲུལ་ཐབས་ལ་བརྟེན་ཏེ། །
ཚུལ་བཞིན་འབྱེད་པའི་རྣམ་སྤྱོད་ཕུལ་བྱུང་བ། །
ཤེས་རབ་སྡོང་བུ་འདྲ་བའི་བླ་མ་དྲན། །
མཛེ༵ས་མ༵ཛེས་ངུར་སྨྲིག་གོས་ཀྱིས་སྐུ་ལུས་མཛེ༵ས། །
སྙ༵ན་སྙ༵ན་ལེགས་བཤད་ཆོས་ཀྱིས་ཞལ་གསུང་སྙ༵ན། །
ཟ༵བ་ཟ༵བ་དེ་ཉིད་རྟོགས་པས་ཐུགས་མཆོག་ཟ༵བ། །
ཡ༵ང་ཡ༵ང་སྐུ་གསུང་ཐུགས་ཀྱི་ཡོན་ཏན་དྲན། །
ལྷ་གཅི༵ག་ཡོངས་འཛིན་བླ་མའི་བྱིན་རླབས་མཐུས། །
རིམ་གཉི༵ས་གདམ་ཟབ་བདུད་རྩིའི་བཅུད་བཟང་པོ། །
མཁྱེན་གསུ༵མ་ཆོས་ཀྱི་ཡོ་གོར་ནས་དྲང་ཏེ། །
སྐུ་བཞི༵་ཆོས་ཀྱི་རྒྱལ་སར་གཤེགས་ཁྱོད་དྲན། །
མཁས་པོ་སྐུ་མྱ་ངན་ལས་འདས་ནས་ལོ་འཁོར་གཉིས་ལོན་པའི་རྗེས་དྲན་དུ་«རེ་བའི་མིག་ཅན»ནས།
སྤྲིན་མེད་ལྷ་ལམ་ཡངས་པའི་མཁའ་དབྱིངས་སུ།།
དམར་སེར་མདངས་ཀྱིས་མཛེས་པ་ངང་པའི་ཁྱུ།།
དལ་བར་བསྐྱོད་པའི་ངང་ཚུལ་རེ་རེ་ཡིས།།
ཤཱཀྱའི་རྗེས་འཇུག་གང་དེ་ཡིད་ལ་འཁོར།།
འཆལ་ཚུལ་དྲི་མའི་སྐྱོན་གྱིས་མ་གོས་ཤིང་།།
བསླབ་པ་གསུམ་གྱི་ཉམས་ལེན་རབ་མཛེས་པའི།།
བཙུན་མཆོག་མ་ལ་ཡ་ཡི་སྡོང་པོ་ལ།།
དྲན་པའི་ཚིག་གི་ཕྲེང་བ་རྟག་ཏུ་འཐོར།།
གཞུང་ལུགས་མེ་ཏོག་བཞད་པའི་སྐྱེད་ཚལ་ན།།
བློ་གསལ་རྐང་དྲུག་འདུས་པའི་སྡེ་ཚོགས་ཀྱིས།།
ཀུན་ཏུ་ཆོས་ཀྱི་དབྱར་རྔ་བསྒྲོགས་པའི་དུས།།
མཁས་མཆོག་ཁྱེད་ཀྱི་རྣམ་ཐར་ཡིད་ལ་དྲན།།
མཁས་དགུའི་ཡོན་ཏན་རྒྱན་པའི་དགེ་སྦྱོང་མཆོག །
ཕྱི་ནང་གསང་བ་གསུམ་གྱི་མཛད་སྤྱོད་ཀུན།།
དྭངས་གཙང་པདྨའི་ལང་ཚོ་ལྟར་མཛེས་པའི།།
གནས་བརྟན་འདུལ་འཛིན་པ་ཁྱེད་ཡིད་ལ་འཁོར།།
མང་ཐོ༷ས་གཞུང་ལུགས་ཀུན་ལ་མཁྱེན་རབ་རྒྱས།།
ལྷག་བས༷མ་བསྟན་པའི་དོན་ལ་གཅིག་ཏུ་དཀར།།
མཐའ་ཐུགས་ལྟ་སྒོ༷མ་གནད་ལ་མངའ་རྙེས་པ།།
རྗེད་མེད་དྲན་པའི་མེ་ཏོག་རྟག་པར་བརྩེགས།།
རྒྱལ་བསྟན་སྙིང་པོ་ལུང་རྟོགས་གཉིས་ལ། །
ཤེས་བརྩོན་ཟུང་གིས་སྐུ་ཚེ་སྐྱེལ་བའི། །
དཔལ་ལྡན་བླ་མ་སྙིང་ནས་དྲན་བྱུང་། །
དམ་པའི་སྐྱེས་མཆོག་དུ་མའི་ཞལ་ནས། །
གདམས་ངག་ཟབ་མོ་མང་དུ་ཞུས་ཀྱང་། །
སྙིང་པོ་དོན་གྱི་རྒྱུད་པའི་ཕ་ཆོས། །
ཚུལ་བཞིན་སྒྲུབ་པའི་བཤེས་གཉེན་དྲན་བྱུང་། །
འདུལ་བའི་གཞུང་གི་གནང་བཀག་ཇི་བཞིན། །
ཚུལ་ཁྲིམས་གཙང་མར་སྤྱན་བཞིན་གཅེས་པའི། །
ངུར་སྨྲིག་གོས་ཀྱིས་ཁ་དོག་འོག་གི །
ཤཱཀྱའི་དགེ་སྦྱོང་ཁྱེད་ཉིད་དྲན་བྱུང་། །
མཐོ་ལ་དཔོན་གྱི་ངོ་སོ་མི་འཛིན། །
དམན་ལ་ཁྱད་གསོད་མཆིལ་ཞགས་མི་འཕེན། །
ཀུན་པོར་འདྲ་མཉམ་འདུ་ཤེས་སྐྱོངས་བའི། །
བདེན་པའི་དཔའ་བོ་ཁྱེད་ཉིད་དྲན་བྱུང་། །
ཡུན་མ་ཐུང་གི་སྐུ་ཚེའི་ནང་དུ། །
སྐྱིད་མ་སྡུག་གི་ཚོར་འདུ་ཀུན་པོ། །
སྙིང་པོ་མ་ལུས་ཉམས་སུ་བླངས་ནས། །
ཞི་བར་གཤེགས་པའི་དམ་པ་དྲན་བྱུང་། །
གོང་མའི་ལམ་བཟང་ཐན་དུ་མ་འཛིན། །
གསར་པའི་ལུགས་སྲོག་ལྟར་མ་གཅེས། །
སྙིགས་དོར་བཅུད་ལེན་སྤང་བླངས་མཁས་པའི། །
སྒལ་ཚིགས་ཅན་གྱི་ཕོ་རྒོད་དྲན་བྱུང་། །
གཞན་གྱི་ཡོད་ཚད་དང་དུ་མ་བླངས། །
རང་གི་ཡོད་ཚད་རྒྱང་དུ་མ་དོར། །
ཕྱི་དང་ནང་གི་དབྱེ་འབྱེད་ཤེས་པའི། །
ཤེས་རབ་ཅན་གྱི་སྐྱེས་བུ་དྲན་བྱུང་། །
ཕྱི་ཚུལ་རིང་ལུགས་གཙོ་བོར་མ་འཛིན། །
ནང་གི་ཉམས་ལེན་དོན་གྱིས་མ་བརླགས། །
འ་རེ་འུ་རེའི་བྱ་བཞག་སྤངས་བའི། །
རང་ཚུགས་ཅན་གྱི་ཁྱེད་ཉིད་དྲན་ནོ། །
ཞེས་མཁན་པོ་ཀརྨ་ལས་གྲུབ་མཆོག་སྐུ་མྱ་ངན་ལས་འདས་ནས་བགྲང་བྱ་གཉིས་འཁོར་བའི་རྗེས་དྲན་དུ་2023.1.1ཉིན་དམ་པ་གང་གི་སློབ་རིགས་སུ་གཏོགས་པ་ཀེ་ཤུལ་བས་ཕུལ།
རྨད་བྱུང་ལུང་རིགས་འདབ་ཟུང་ཕྱོགས་བརྒྱར་བསྐྱོད་པའི།།
དམ་ཆོས་སྒྲ་དབྱངས་སྙན་མོ་བརྒྱུད་མར་འཁྲོལ་བའི།།
ཐར་བ་དོན་གཉེར་ཁྲིམས་ལྡན་ངང་པའི་ཚོགས་ལ།།
དམ་ཆོས་བདུད་རྩི་གནང་བའི་བླ་མ་དྲན་སོང།།
འཆད་ན་ལེགས་བཤད་འབུམ་གྱི་ཆོས་ཆར་འཇོ་བ།།
རྩོད་ན་ལུང་དང་རིགས་པའི་ངར་སྐད་ཆེ་བ།།
རྩོམ་ན་སྙན་ཚིག་ཉམས་འགྱུར་རོལ་མོས་མཛེས་པ།།
འཆད་རྩོད་རྩོམ་གྱིས་ཕྱུག་པའི་བླ་མ་དྲན་སོང་།།
ནམ་ཟླ་དགོན་ཁ་སློབས་པའི་འཇིག་རྟེན་ཞིག་དུ།།
ཆུ་འཛིན་ནུ་རིར་བརྒལ་བའི་སློབ་གླིང་ཞིག་ལ།།
སྐར་ཚོགས་ཁྲ་མོ་ཁྱུ་གཅིག་ཤི་མ་གསོན་གྱི། །
མུན་པ་ཡོངས་སུ་སྒྲིབ་པའི་ན་ཟུག་བཟོས་ཐལ།།
སངས་རྒྱས་བསྟན་པ་འཛིན་པའི་ལྗོན་ཤིང་ཆེན་པོ།།
མི་མངོན་ཆོས་ཀྱི་དབྱིངས་དུ་མངོན་པར་བགྲོད་སོང་།།
ཤུལ་དུ་ལུས་པའི་འདབ་ལོ་ཉམས་ཆུང་ནུས་མེད།།
ས་ཆེན་བྱེ་ཐང་ཞིག་ཏུ་མགོན་མེད་ལུས་སོང་།།
ཤེས་རིག་རྣམ་དཔྱོད་ཅན་དང་ལེགས་ཉེས་འབྱེད་པ།།
ཡ་རབས་ཀུན་སྤྱོད་ལྡན་པའི་སེམས་པའི་སྤྱོད་པ།།
གཞན་ཕན་ལྷག་བསམ་ཅན་གྱི་དྲང་སྲོང་ཆེན་པོ།།
ཐར་པའི་ལམ་དུ་གཤེགས་པའི་མྱ་ངན་ཞུ་འོ།།
མདོ་སྔགས་རིགས་གསུམ་གྱིས་བསྡུས་པའི་གཞུང་བརྒྱ་སྨྲ་བའི་དགེ་བའི་བཤེས་གཉེན་ཆེན་པོ་ཀརྨ་ལེགས་གྲུབ་མཆོག་སྐུ་མྱ་ངན་ལས་འདས་ནས་ལོ་འཁོར་གཉིས་ལོན་པའི་རྗེས་དྲན་གྱི་ཚུལ་དུ་དམ་པ་ཁོང་གི་སློབ་རིགས་སུ་གཏོགས་པའི་བསྟན་པ་ཕྲིན་ལས་ཀྱིས་བྲིས་སོ།།
བསྟོད་བཀུར་མིང་གྲགས་ཐོབ་དང་གོ་ས་ལ།།
རེ་བའི་འདུན་པ་མིང་ཙམ་མ་གོས་ཤིང་།།
བསྟན་དང་འགྲོ་ལ་ལྷག་བསམ་རབ་དཀར་བའི།།
ཞི་བའི་དགེ་སྦྱོང་ཁྱེད་ཉིད་སླར་ཡང་དྲན།།
ཐོས་བརྩོན་ཤེས་རབ་གཟི་དྭངས་མ་ཉམས་ཤིང་།།
བསླབ་གསུམ་ཁྲིམས་ཀྱི་རང་རྒྱུད་རབ་རྒྱན་པའི།།
དམ་པ་གང་ཉིད་ཞི་བར་གཤེགས་པའི་ཉིན།།
རྗེས་དྲན་ཚབ་མཚོན་ཙམ་ཞིག་ཕུལ་བ་ལགས།།
ཐུགས་རྗེ་ཆུ་འཛིན་འཁྲིགས་པའི་གུར་ཁང་ནས།།
དམ་ཆོས་སྦྲང་ཆར་རྟག་ཏུ་འཇོ་མཛད་པ།།
མཚུངས་མེད་དྲིན་ཅན་བླ་མ་ཞི་དབྱངས་སུ།།
གཤེགས་པའི་སྣང་ཚུལ་འདི་ཀོ་བདེན་ནམ་ཅི།།
ཉིད་ཀྱི་མཛད་འཕྲིན་སྣང་བ་དཀར་པོ་ཡིས།།
ཕྱོགས་དུས་ཀུན་ཏུ་ཁྱབ་པའི་སྐལ་བཟང་གིས།།
ཐམས་ཅད་རབ་ཏུ་དགེ་བའི་དུས་ཀྱི་ཚེ།།
ཀྱེ་མ་སྙིང་གི་ཉི་མ་གློ་བུར་ནུབ།།
ལུགས་གཉིས་ལམ་བཟང་སྟོན་པའི་སློབ་དཔོན་མཆོག།
མ་རིག་མུན་པ་སེལ་བའི་འོད་སྟོང་ལྡན།།
གང་བསམ་འདོད་རྒུ་སྩོལ་བའི་དཔག་བསམ་ཤིང་།།
སྐྱབས་གཅིག་དྲིན་ཅན་བླ་མ་སྙིང་ནས་དྲན།།
ངེད་ཅག་ལས་སྨོན་བཟང་པོའི་བདེན་མཐུ་ཡིས།།
ལུང་རྟོགས་ཆོས་ཀྱི་ཞིང་ནས་ལྷན་གཅིག་ཏུ།།
ཟབ་རྒྱའི་ཐེག་དགུའི་ཆོས་ལ་ལོངས་སྤྱོད་ཚེ།།
མི་འདོད་ཡ་ངའི་ཚུལ་འདི་ཀྱེ་མ་ཧུད།།
མི་རེའི་ཁོང་ནས་གཅེས་པའིསྙིང་རེ་བཏོན།།
སྐྱོ་བའི་གདོང་ལས་མཆི་མའི་ཆར་རྒྱུན་རྡོལ།།
གང་དྲན་གཏད་སོ་བྲལ་བའི་མྱ་ངན་ཁྲོད།།
མགོན་བྲལ་མཆེད་གྲོགས་གདུང་བའི་ཆོ་ངེ་བཏོན།།
བླ་དོར་སྟོན་པའི་བཤེས་གཉེན་སུ་ལ་བྱེད།།
དྲི་མེད་ལྷ་དར་་དཀར་པོ་སུ་ལ་འབུལ།།
ངེད་ཅག་དྭ་ཕྲུག་བློ་རྟེན་སུ་ལ་བྱེད།།
བསམ་ཞིང་བསམ་ན་སེམས་པ་ལྷག་པ་སྐྱོ།།
ཤར་རི་འཇའ་སྤྲིན་འཁྱིལ་བའི་དབེན་ཁྲོད་ནས།།
ཡང་གསང་སྙིང་གི་མན་ངག་དྲི་མེད་པ།།
བརྩེ་བས་སྐལ་ལྡན་བུ་ལ་ལེགས་བསྩལ་བའི།།
བཀའ་དྲིན་དྲན་པས་སྙིང་ཡང་འགས་ལ་ཕྱོགས།།
མཚུངས་མེད་ཕ་གཅིག་བླ་མ་ཞི་དབྱིངས་སུ།།
གློ་བུར་གཤེགས་པའི་སྡུག་ཡུས་མ་གཟོད་པ།།
སྐྱོ་གདུང་མུན་པ་འཁྲིགས་པའི་མཚན་ལྗོངས་སུ།།
གདུང་འབོད་སྙིང་གི་མཆི་མ་དབང་མེད་འཐོར།།
སློབ་བུ་བ་དོན་བརྒྱུད་བཀྲ་ཤིས་ནས་མཚན་ཐུན་གཅིག་ལ་བྲིས་སོ།།
དཀའ་གནད་ཤེས་བྱའི་མཛེས་སྡུག་མ་ལུས་མཇལ། །
མཚུངས་མེད་བློ་གྲོས་ཟླ་གཞོན་་རབ་རྒྱས་པ། །
མཁས་དབང་ཀརྨ་ལས་སྒྲུབ་སྙིང་ནས་དྲན། །
བསམ༵་པའི་ཉིན་བྱེད་མཁའ་རུ་འཛུམ་པ་ལས། །
སྒྲོ་འདོགས་རྨོངས་པའི་མུན་པ་བསལ་མཛད་པ། །
དད་པའི་མཆོད་སྟེགས་དབུས་སུ་མཛེས་པའི་ལྷ། །
མཁས་དབང་ཀརྨ་ལས་སྒྲུབ་སྙིང་ནས་དྲན། །
སྒོམ༵་པའི་དར་ཆེན་བསྒྲེངས་བའི་རྗེས་ཤུལ་དུ། །
ཆགས་ཚོགས་དམག་དཔུང་ཟིལ་ཤུགས་ཉམས་པའི་མགོན། །
ཏིང་འཛིན་ཕུན་ཚོགས་དཔལ་ལ་མངའ་འབྱོར་བའི། །
མཁས་དབང་ཀརྨ་ལས་སྒྲུབ་སྙིང་ནས་དྲན། །
འཆད༵་པའི་སྒྲོན་མེ་ཚེ་གཅིག་སྦར་བ་ལས། །
ཐུབ་པའི་དགོངས་དོན་གསལ་མཛད་བསྟན་པའི་རྒྱན། །
དཔྱོད་ལྡན་སྒྱུ་སྐར་ཀློང་གི་ཉི་གཞོན་ཏེ། །
མཁས་དབང་ཀརྨ་ལས་སྒྲུབ་སྙིང་ནས་དྲན། །
རྩོད༵་པའི་པད་དཀར་བཞད་པའི་ལང་ཚོ་ཡིས། །
མ་རིག་ལོག་རྟོག་ཚོགས་རྣམས་སྐྱེངས་མཛད་པ། །
ལོག་སྨྲ་བྲག་དཀར་གཏོར་མཛད་དད་པའི་རྒྱན། །
མཁས་དབང་ཀརྨ་ལས་སྒྲུབ་སྙིང་ནས་དྲན། །
རྩོམ༵་རྩལ་མེ་ལྕེ་གཡོ་བའི་ཚ་ཟེར་གྱིས། །
ཆོས་ཀྱི་དེ་ཉིད་མ་འདྲེས་གསལ་བའི་མགོན། །
གཙུག་ལག་གཞུང་ལུགས་སྨྲ་ལ་དབང་འབྱོར་བའི། །
མཁས་དབང་ཀརྨ་ལས་སྒྲུབ་སྙིང་ནས་དྲན། །
གུས་པས་འབྲོག་ཕྲུག་གམ་ངག་དབང་བསྟན་འཛིན་ནས་ཤར་མར་སྦྱར་བ་དགེའོ། །
སྲིད་གསུམ་གསེར་གྱིས་མཆོད་པ་འབུལ་ན་ཡང་།།
བླ་མའི་བཀའ་དྲིན་ཆ་ཙམ་མཇལ་དཀའ་བའི།།
མཚན་ལྡན་བླ་མའི་ཞབས་དྲུང་ཐོས་པ་བ། །
འདི་ནས་སྐྱེ་བ་ཚེ་རབས་རྗེས་འཛིན་ཤོག།
ཤཱཀྱའི་དགེ་སྦྱོང་ཆེན་པོ་ཀརྨའི་མཚན།།
ཞབས་ལ་གཏུགས་ཏེ་བགྲང་བྱ་དུ་མའི་རིང་།།
ཐུན་མིན་ཕྱག་ཆེན་ཆོས་ཀྱི་བྲོ་བ་དང་།།
ཐུན་མོང་རིག་པའི་གནས་ལ་བཀའ་དྲི་ལྕི།།
སྐབས་དེར་ཕྲན་ཆུང་འབྱོར་བ་ཞན་པ་དང་།།
དགོས་མེད་བྱིས་པའི་རྩེད་ལ་སྤྲོ་བ་བཅས།།
ཆོས་ཀྱི་ས་བོན་བསྐྲུན་སའི་དབེན་གནས་དེར།།
ཟང་ཟིང་ནོར་གྱི་སྦྱིན་པ་ལན་གཅིག་མིན།།
ཀུན་མཁྱེན་བླ་མའི་རིག་པའི་གཞུང་ལུགས་དང་།།
རྒྱལ་བ་དཀར་བརྒྱུད་སྒོམ་པའི་ཉམས་ལེན་བཅས།།
འཁོར་སློབ་འདུས་པ་དབུས་ནས་ཆོས་ཆར་འཇོ།།
བདག་ཉིད་རིག་པ་བརྟུལ་ཡང་མཇལ་འདོད་ཆེ།།
དམ་པ་ཉིད་ཀྱི་སློབ་བུ་ཐ་ཤལ་པ་གཞོན་ནུའི་དཔལ་འཆི་མེད་རིག་འཛིན་གྱིས།
མདོ་སྨད་ས་ཡི་ཐིག་ལེ་སྒང་དྲུག་གི་ཡ་གྱལ།།
ཚ་བ་ཡིད་ཀྱི་མེ་ཏོག་གུར་ཁང་ན་བཀྲ་བའི།།
མཇལ་བ་ཐེངས་གཅིག་ཙམ་ལ་རང་སེམས་དེ་གྲོལ་བ།།
ཚ་སྒང་ཀརྨ་ལས་སྒྲུབ་སྙིང་དབུས་ནས་དྲན་ཐལ།།
ས་མཐའི་ཡུལ་གྲུ་གང་སར་གཡུ་འབྲུག་བཞིན་གྲགས་ལ།།
རང་ཡུལ་རིགས་ལ་ཞེན་པ་ཚེ་སྲོག་ལས་འདང་ཆེན།།
མི་ཚེ་གྲྭ་རྐྱང་འཚོ་བའི་གཞན་ཡུལ་ལ་ཕེབས་མཁན།།
རྣམ་དག་ཆོས་བྱེད་འཛིན་པ་ཁོངས་ལྷག་ལས་སུ་ཡོད།།
ཀ༵་དག་རིག་པའི་ལམ་ལ་ཚེ་གང་རང་བརྩོན་ཞིང་།།
རྨ༵་བྱ་རང་མདོག་སྟོན་ནས་གང་སར་རུ་གྲགས་མཁན།།
ལ༵ས་བྱ་ལམ་ནོར་ཤོར་བའི་མིང་ཚིག་དེ་བོར་ནས།།
སྒྲུབ་བྱེད་སྲིད་ན་མཐོ་བའི་གྲྭ་རྐྱང་ཁྱེད་འདུད་དོ།།
ཁ་གཡང་སྙན་ངག་མཁས་པའི་སྒྲོས་གཏམ་ཡང་མིན་ལ།།
ཨ་མཚར་ཨ་ཉོག་རྩེད་པའི་ཉོག་གཏམ་ཡང་གང་ཡིན།།
གང་ལྟར་ཁོ་བོ་ཡིད་ཀྱི་སྐྱབས་མགོན་རུ་སྒོམ་ནས།།
སླར་དྲན་མིག་ཆུ་མཉམ་དུ་ཚིག་ཐུང་འགའ་ཤོར་བྱུང་།།
2022ལོའི་ཟླ་བ་༡༢ཚེས་༢༨ཉིན་ཚ་བ་སྒང་འགྱུར་མེད་སེམས་སམ་༼ཕུན་ཚོགས་ཚེ་རིང་༽འབོད་པ་དེས་ཁོང་ཕེབས་པ་སྔ་སོང་བའི་མྱ་ངན་དུ་ཤར་མར་སྦྱར།
འཆད་པའི་ཤེས་བྱའི་དཔྱོད་མིག་མཁའ་ལྟར་ཡངས།།
རྩོད་པའི་ཆུ་བོའི་རླབས་སྒྲའི་བྲག་ལས་སྦྱོར།།
རྩོམ་པའི་དུས་ཀྱི་གྲུ་ཆར་དགུང་ནས་འཆར།།
བཤེས་གཉེན་ཀརྨ་ལས་གྲུབ་སྙིང་ནས་དྲན།།
ཐོས་པའི་མ་རིག་མུན་སེལ་སློབ་བུར་བསྟོན།།
བསམ་པའི་ཡོན་ཏན་དག་གིས་རང་རྒྱུད་འདུལ།།
སྒོམ་པའི་འགྲོ་རྣམས་སྙིང་རྗེས་ངང་སྐྱོང་བའི།།
བཤེས་གཉེན་ཀརྨ་ལས་གྲུབ་སྙིང་ནས་དྲན།།
མཁས་པའི་རྒྱལ་ས་གཤེཊ་ཤིང་ཉམ་ཆུང་ཚུལ།
བཙུན་པའི་གོ་ཆ་བགོས་པས་ཕུན་ཚོཊ་མངའ།།
བཟང་པོའི་ཡོན་ཏན་ཆོས་རྣམས་ཐུགས་སུ་ཆུད།།
བཤེས་གཉེན་ཀརྨ་ལས་གྲུབ་རྗེས་དྲན་ཞུའོ།།
སྐུ་ཚེ་གང་བོར་དཔེ་ཆ་ངོགས་སུ་རྣམ་དཔྱོད་འདབ་མ་ཡང་དག་རྒྱས།།
ཐོ༷ས་པའི་བདུད་རྩིའི་རྒྱུད་ལ་འཁྲུངས་ནས་ཞི་དུལ་ཉེར་བ་འཁོར་ལྟར་ལྡན།།
བས༷མ་པའི་སྒྲོ་འདོགས་རབ་ཏུ་ཆོད་ནས་ཐལ་བའི་ལམ་ཆེན་རྗེས་སུ་བསྙེགས།།
སྒོམ༷་པའི་འབྲས་བུ་རྒྱུད་ལ་སྐྱེས་པའི་ཤཱཀྱའི་དགེ་སྦྱོང་རྗེས་སུ་དྲན།།
བཀའ་པོད་གཞུང་ལ་འཆད་ཉན་ལྷོད་པ་མེད།།
བོད་ཀྱི་སྐད་བརྡ་དག་ལ་དེ་བས་བརྩོན།།
མདོར་ན་མཁས་པའི་བྱ་བ་ཐམས་ཅད་ལ།།
བྱང་ཞིང་ཆུབ་པའི་མཁན་པོ་ཡིད་ལ་འཁོར།
བརྩེ་ཆེན་ཡིད་གཅུཊ་གཞན་ལས་ལྷག་པའི་འཛུམ་པའི་བཞིན་གྱི་མདངས་ཕྱུངས་ཤིང་།།
བྲག་ལྟར་སྲ་བའི་ཐུགས་བསྐྱེད་ཀྱིས་ཕྱུག་མཐའ་བྲལ་རྣམ་དཔྱོད་མཁའ་ཡངས་ཏེ།།
བཀའ་བཞི་བརྒྱུད་པའི་རིང་ལུགས་དྲི་མེད་ཚུལ་བཞིན་བསྐྱངས་བའི་རྣམ་ཐར་ཅན།།
མིང་དོན་མཚུངས་པའི་མཁས་པ་གང་ཉིད་སྙིང་ནས་རྗེས་དྲན་ཞུ་འོས་སྙམ།།
འཆད་རྩོད་རྩོམ་གསུམ་བྱ་བ་ཀུན་ལ་མཁས། །
རྣམ་དག་ཚུལ་ཁྲིམས་གཙང་མ་ཐུགས་རྒྱུད་ལྡན། །
རང་ཚུགས་ལྡན་པའི་ཉམས་ལེན་ཞིག །
བྱམས་བརྩེས་འགྲོ་བ་སྐྱོང་བའི་ཆོས་པ་ཞིག །
རྗེས་དྲན་ཁ་ཞེན་གཉིས་མེད་སྒོ་ནས་བསུ།།
མ་བཅོས་གཤིས་ཀ་བཟང་ཞིང་བློ་ཁོག་དྲང་།།
རང་ཚུགས་རི་བོ་བཞིན་དུ་ལྷུན་པོར་བརྟན།།
ལས་འབྲས་ཕྲ་རག་གཉིས་པོ་མིག་ལྟར་བསྲུངས།།
བཤེས་གཉེན་ཟླ་བའི་འཛུམ་ཟེར་རྗེས་དྲན་བསུ།།
རང་དོན་ཐོས་བསམ་སྒོམ་ལ་རྟག་འགྲུས་ཆེ།།
གཞན་དོན་འཆད་རྩོད་རྩོམ་ལ་རྣམ་དཔྱོད་རྣོ། །
གཉིས་དོན་མཁས་བཙུན་བཟང་པོའི་བརྒྱན་མཛད་པ། །
ངེས་དོན་རྒྱལ་སྲས་ཆེན་པོ་ཡང་ཡང་དྲན། །
རྒྱུ་སྣེ་འོད་དཀར་གྱིས།
མཚན་དང་སྙན་པར་གྲགས་ལ་མ་རེ་ཁྱེད་ནི་སྨྲ་བའི་དབང་ཕྱུག་ཡིན།།
ཆོས་པ་ཅིག་གི་མིང་སྐམ་མ་ཁྱེར་ཁྱེད་ནི་དོན་གྱི་ཆོས་པ་ཡིན།།
གཞུང་ལ་མཁས་ཞིང་ཉམས་ལེན་ཡག་པོ་ཁྱེད་ནི་དོན་གྱི་མཁས་དབང་ཡིན།།
མི་རིགས་ཤིག་གི་རིགས་གཞུང་བསམ་ན་ཁྱེད་ནི་ཀུན་གྱི་གཙུག་རྒྱན་ཡིན།།
འཆད་པ་ཅིག་གི་ཤེས་རབ་ཟབ་མོ་ཁྱེད་ནི་རིག་པའི་རལ་གྲི་ཡིན།།
རྩོད་པ་ཅིག་གི་གནས་ལུགས་ཟབ་མོ་ཁྱེད་ནི་རྩོད་པའི་མེ་ལྕེ་ཡིན།།
རྩོམ་པ་ཅིག་གིས་སྙན་དངགས་ཡག་པོ་ཁྱེད་ནི་རྩོམ་པའི་དཔལ་འབར་ཡིན།།
འཆད་རྩོད་རྩོམ་གྱི་མཁས་པའི་དབང་པོ་་ཁྱེད་ནི་བསྟན་པའི་བསལ་བྱེད་ཡིན།།
ཡིད་སེམས་འགུཊ་པའི་ཕྱི་ཡི་སྤྱོད་པ་ཁྱེད་ནི་ཁྲ་ཆུང་མིག་རྒྱན་ཡིན།།
ནང་གི་བསམ་བློའི་གོ་རྟོགས་ཡག་པོ་ཁྱེད་ནི་དོན་གྱི་སངས་རྒྱས་ཡིན།།
ཕྱི་ནང་གསང་གསུམ་ཡོན་ཏན་བསྲུང་བའི་ཁྱེད་ནི་བོད་ཀྱི་ཕ་ཆོས་ཡིན།།
བཀའ་བརྒྱུད་པ་ཡི་མིང་ཙམ་མ་ཡིན་ཁྱེད་ནི་གོང་མའི་རྣམ་ཐར་ཡིན།།
སླར་སྨྲས་པ།
ཨེ་མ་ཁྱེད་ཉིད་མེད་པའི་ཁུག་སོ་ན།།
འབྲོག་གི་རྩ་ཐང་ཁ་དོག་སྐྱ་བོ་ཡིན།།
བོད་ཀྱི་རིགས་གཞུང་བརྒྱ་ཆེ་གཏིང་ཟབ་འདི།།
ད་བལྟ་ཤི་མ་གསོན་གྱི་འཛུམ་ཤིག་ཡིན།།
བཀའ་བཞི་བརྒྱུད་པའི་རིང་ལུགས། །
ལྷད་མེད་རང་རྐང་བཅངས་མཁན།།
མཁན་པོ་ཀརྨ་ལས་སྒྲུབ།།
སྙིང་ནས་རྗེས་དྲན་ཞུ་འོ།།
གཞུང་ལུཊ་མཁྱེན་རྒྱ་ཡངས་ཤིང་།།
ལུང་རིགས་རང་རྒྱུད་ཕྱུག་པའི།།
མཁན་པོ་ཀརྨ་ལས་སྒྲུབ།།
རྟག་ཏུ་རྗེས་སུ་དྲན་ནོ།།
བསྟན་ལ་ལྷག་བསམ་དཀར་ཞིང་།།
འགྲོ་ལ་བྱམས་སེམས་ལྡན་པའི།།
མཁན་པོ་ཀརྨ་ལས་སྒྲུབ།།
ནམ་ཡང་རྗེས་སུ་དྲན་ནོ།།
བླ་མའི་དམ་ཚིག་མ་ཉམས།།
བླ་མའི་བཀའ་ལས་མ་འགལ།།
བླ་མའི་བྱིན་རླབས་ཐིམ་པའི།།
བླ་མ་ཁྱེད་རང་དྲན་སོང་།།
འོད་གསལ་ཕྱག་རྒྱ་ཆེན་པོར།།
རྟག་ཏུ་མཉམ་པ་བཞག་ཏེ། །
བཀའ་བརྒྱུད་མིང་དོན་མཚུངས་པ། །
ཁྱེད་འདྲ་མཁས་པ་ཉུང་བ།།
ཕྱི་རུ་སོ་ཐར་སྡོམ་པ་མིག་བཞིན་གཅེས།།
ནང་དུ་བྱང་སེམས་སྡོམ་པ་སྲོག་བཞིན་བསྲུང་།།
གསང་བ་སྔགས་ཀྱི་སྡོམ་པ་ཐུགས་རྒྱུད་བརླན།།
བསླབ་གསུམ་སྡེ་སྣོད་འཛིན་པ་མཁས་པའི་དབང་།།
ཀརྨ་ལས་སྒྲུབ་མཚན་ཅན་རྗེས་སུ་དྲན།།
བོད་ཟླ་བཅུ་གཅིག་པའི་ཚེས་བརྒྱད་ཉིན་ཐ་ཤལ་བ་གུང་རུ་ཚེ་རྣམ་རུ་འབོད་པ་དེས།
ཆེན་པོ་མིང་ཙམ་ཁུར་བའི་བླ་རྫུན་མིན། །
ཁ་ནས་བཤད་ཉམས་འཐེན་པའི་མཁས་རྫུན་མིན། །
ཕ་རྒན་མར་པ་ལོ་ཙཱའི་རྒྱུན་འཛིན་ཏེ།།
ཐུགས་གཤིས་དྲང་བའི་བླ་མའི་རྗེས་དྲན་བསུ། །
གཡོ་སྒྱུས་མ་ལྷད་གཤིས་རྒྱུད་དྲང་ཞིང་ཚེ་གཅིག་དམ་པའི་ཆོས་ལ་ཕྱོཊ་།།
རྒྱལ་བསྟན་རང་ལུཊ་གཙང་མར་འཛིན་ཞིང་གཞན་གྱི་ལེཊ་པའི་གནས་ལ་གུས།།
དོན་གྱི་མཁས་པའི་མཁས་པ་ཁྱེད་འདྲ་འཇིག་རྟེན་འདི་རུ་ཆེས་དཀོན་ཀྱང་།།
བདག་སོཊ་བསོད་ནམས་ལས་ཀྱིས་མ་ཐེག་ཞིང་གཞན་ཕེབས་པར་ཡིད་སེམས་ཕངས།།
དད་སེམས་པདྨའི་འདབ་མ་མ་ཡལ་ལ།།
བྱིན་རླབས་བདུད་རྩིའི་ཆར་བ་མ་བསྐམས་ཤིང་།།
བརྩེ་ཆེན་ཉི་མའི་འོད་ཟེར་རྟག་འཕྲོས་པའི།།
ཆོས་ཀྱི་བཤེས་གཉེན་དམ་པ་རྗེས་སུ་དྲན།།
འགྲོ་ལ་བརྩེ་བས་མ་ཡིས་བུ་ལྟར་སྐྱོང་། །
ལེཊ་གསུང་འོ་མའི་རྒྱ་མཚོ་སྟེར་མཁས་པ། །
ཐུགས་རྗེ་འོད་ཀྱི་ཕུང་པོ་རབ་མཛེས་པའི།།
བསྟན་འཛིན་ལྷ་ཡི་རྫིང་རིང་ཡིད་ལ་དྲན། །
རྣམ་མང་གཞུང་ལུགས་རྒྱ་མཚོ་ལ་མཁས་ཤིང་།།
རྣམ་དག་ཚུལ་ཁྲིམས་གཙང་མ་སྲོག་བཞིན་གཅེས།།
རྣམ་འདྲེན་སྟོན་པ་མཆོག་གི་རྒྱལ་ཚབ་པ།།
རྣམ་ཀུན་བདག་ཉིད་ཆེན་པོ་རྗེས་དྲན་བསུ།།
འཁྲུལ་མེད་གཞུང་ལ་མཇལ་བའི་ལས་སྐལ་དང་།།
ཡང་དག་བཤེས་གཉེན་བཟང་པོར་མཇལ་བ་སོགས།།
ཟང་ཟིང་ཁོར་ཡུག་ར་བར་མ་ཚུད་པར།།
བཤེས་གཉེན་ཀརྨ་ལས་སྒྲུབ་བཀའ་དྲིན་དྲན།།
མི་བརྟན་གཡོ་སྒྱུ་ཆེ་བའི་འཁྲབ་སྟོན་པ།།
མི་སྲུང་རྒྱུ་འབྲས་སྣོག་པའི་མི་བུ་དང་།།
མི་འདོད་སྣ་མང་འདུས་པའི་རིགས་དག་ཏུ།།
མི་སྐྱེ་བརྩེ་ཆེན་བླ་མས་བསྐྱབ་མཛོད་ཅིག །
རྗེས་དྲན་ཞུ།
སྨོན་ལམ་སྤོས་ཡག་མ།
མཛད་པ་པོ། མཁན་ཀརྨ་ལས་སྒྲུབ།
ཞལ་འདོན་པ། ཞོགས་རླུང་།
མཐུན་སྦྱོར་པ། ཚུགས་དལ།
བརྡ་ཁྱབ་ཇུས་འགོད། ཁམས་སྤུན་ཟླ།
མི་ཚེ་ཆོས་ལ་བཅོལ་བའི་བླ་མ་དྲན།
思念终生寄托于佛法的大师
ཚིག •པད་དཀར་བསྟན་འཕེལ།
作词。白嘎丁平
དབྱངས། གཅོད་པ།
乐曲。久巴
གཞས་མ། དོན་བཟང་།
歌手。顿桑。
ཚ་སྒང་འཕྲིན་སྟེགས།
擦岗平台