༄༅། །བསྟན་རྒྱས་སྨོན་ལམ་དྲི་མེད་ཚེས་པའི་ཟླ་བ་ཞེས་བྱ་བ་བཞུགས་སོ། །
མདོ་སྟོད་རག་ཤུལ་ས་ཡི་ལྟེ་བ་ན། །
སྐར་ཚོགས་ཁྲ་མོ་ས་ལ་བཀོད་འདྲ་བའི། །
དྷཱིཿཁྱིམ་འབྲུག་དགོན་བཀྲ་ཤིས་སྒོ་མང་གི། །
བསྟན་པ་ནམ་མཁའི་ཕ་མཐར་བརྡལ་བར་སྨོན། །
ལྷག་པར་འབྲུག་པའི་རིང་ལུགས་རྨ་མེད་པ། །
ཚུལ་བཞིན་འཛིན་ལ་འགྲན་པའི་ཟླ་དཀོན་པའི། །
དྷཱིཿཁྱིམ་བཤད་གྲྭ་ལུང་རྟོགས་ཆོས་ཀྱི་ཞིང་། །
བསྐལ་པ་རྒྱ་མཚོར་ནུབ་མེད་རྟག་བརྟན་ཤོག །
རྣམ་དག་ཚུལ་ཁྲིམས་གཙང་མའི་ཆུ་ཁུར་ལས། །
ལུང་རིགས་འབྲུག་སྒྲ་ཆེམ་ཆེམ་སྒྲོག་བྱེད་པའི། །
དྷཱིཿཁྱིམ་ལུང་རྟོགས་ཆོས་ཀྱི་ཞིང་ཁམས་འདིའི། །
འདུས་པ་རྒྱ་མཚོའི་སྐུ་ཚེ་བརྟན་གྱུར་ཅིག །
དཔལ་ལྡན་བླ་མའི་མཚན་དཔེའི་ཉི་དཀྱིལ་བཞད། །
དགེ་འདུན་འདུས་པའི་སྐར་ཚོགས་ལམ་མེར་བཀྲ། །
བཤད་དང་སྒྲུབ་པའི་ནོར་བུའི་ཁུར་དུད་པའི། །
ལུང་རྟོགས་ཆོས་ཀྱི་ཞིང་ཁམས་རྒྱས་གྱུར་ཅིག །
གནས་བརྟན་བགྲེས་པོ་ངང་པའི་རྒྱལ་པོ་ལ། །
ལུང་རིགས་འཕུར་ལྡིང་ཅན་གྱི་འདུས་པས་སྐོར། །
བྱ་བ་ལས་ཀྱི་འཁོར་ལོར་ཆེས་བརྩོན་པའི། །
འདུས་པའི་པདྨོས་གནས་འདི་འཛིན་གྱུར་ཅིག །
རྒྱབ་ལྗོངས་བསྟན་བཅོས་ལྷུན་པོ་ལས་ཀྱང་མཐོ། །
ཡིག་ཆའི་ཟིན་མཚམས་ཟ་འོག་ལས་ཀྱང་བཀྲ། །
ཐུན་མིན་རིགས་ལམ་སྤུ་གྲི་ལས་ཀྱང་རྣོ། །
ལུང་རྟོགས་ཆོས་ཀྱི་ཞིང་ཁམས་འབར་གྱུར་ཅིག །
དང་པོ་རྒྱ་ཆེན་གཞུང་ལུགས་མང་དུ་ཐོས། །
ཐོས་པའི་རྗེས་འཇུག་སྒྲུབ་ལ་ནན་ཏན་བྱེད། །
ཐོས་དོན་ཉམས་སུ་ལོན་པས་ཞི་ཞིང་དུལ། །
ལུང་རྟོགས་ཆོས་ཀྱི་ཞིང་ཁམས་འབར་གྱུར་ཅིག །
བསྟན་དང་འགྲོ་ལ་མཛད་རྗེས་རྨད་བྱུང་བའི། །
བཤད་སྒྲུབ་བསྟན་དར་དགེ་འདུན་སྡེ་འཕེལ་ཞིང་། །
ཐུགས་མཐུན་ཁྲིམས་གཙང་སྦྱིན་བདག་འབྱོར་བ་རྒྱས། །
ལུང་རྟོགས་ཆོས་ཀྱི་ཞིང་ཁམས་འབར་གྱུར་ཅིག །
དོན་བརྒྱུད་བསྟན་ལ་ཉིན་བཞིན་མེལ་ཚེ་མཁན། །
མགོན་ལྷ་ཇག་གསུམ་བྱ་རོག་གདོང་ཅན་སོགས། །
ཆོས་སྐྱོང་དམ་ཅན་རྒྱ་མཚོའི་མཐུ་སྟོབས་ཀྱིས། །
དཔལ་ལྡན་དབྱར་རྔའི་བསྟན་པ་འབར་གྱུར་ཅིག །
ཅེས་པ་འདི་ནི་དྷཱིཿཁྱིམ་འབྲུག་དགོན་གྱི་བཤད་གྲྭ་ལ་བཀའ་དྲིན་བླ་ན་མཐོ་བའི་དགེན་ངག་དབང་རྣམ་རྒྱལ་གྱིས་བསྐུལ་ངོར་ལུང་རིགས་སྨྲ་བའི་ཉི་མས་ཕྱག་ཆེན་གླིང་གི་ཆོས་གྲྭ་ནས་འཕྲལ་མར་སྦྱར་བའོ། ། ༢༠༢༣. ༧. ༢༠
དོན་དམ་པའི་སྒེར་འཕྲིན།
1924226187
བརྩམས་ཆོས་བསྐུར་ཡུལ་གྱི་ཡིག་ཟམ། 16222785500.com
རྩོམ་སྒྲིག་འགན་ཁུར་བ། *ཚ་བ་རྫ་ཆབ།
སྤྱིའི་འགན་ལེན་པ། *ཚ་བ་རྫ་ཆབ།
长按二维码识别关注我们
点击阅读原文,查看