ཝུའུ་ཞའོ་ཅུན་གྱིས་ལུགས་རྙིང་ལོ་སར་གྱི་སྔོན་ལ་རིགས་སོ་སོ་དང་ལས་རིགས་སོ་སོའི་ལས་བྱེད་དང་མང་ཚོགས་ལ་འཚམས་འདྲི་བྱས།
ཤིང་མོ་སྦྲུལ་ལོའི་ལུགས་རྙིང་ལོ་གསར་ཐོན་ལ་ཉེ་བའི་སྐབས་སུ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཝུའུ་ཞའོ་ཅུན་གཞི་རིམ་དུ་སོང་ནས། ཆེད་མཁས་པ་དང་ཏང་ཕྱིའི་མི་སྣ། རོགས་སྐྱོར་བྱ་ཡུལ། མཚོ་སྔོན་དུ་སྡོད་པའི་དམག་དཔུང་གི་དཔོན་དམག གསར་འགྱུར་བྱ་བ་སྒྲུབ་མཁན། དབང་བོ་སྐྱོན་ཅན་གྱི་བྱིས་པ། ཁེ་ལས་དང་ལས་ཡུལ་དང་པོའི་ལས་བཟོ་པ་བཅས་ལ་འཚམས་འདྲི་བྱས་ཏེ། ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་དྲོད་ཁོལ་བསྐྱལ་བ་དང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་ལུགས་རྙིང་ལོ་གསར་གྱི་སྨོན་འདུན་བཟང་བོ་ཞུས།
ཝུའུ་ཞའོ་ཅུན་བདུན་གཅིག་གཟེངས་རྟགས་ཐོབ་མཁན། ཀྲུང་གོ་བཟོ་སྐྲུན་གླིང་གི་ཡོན་ཧྲི་ཝུའུ་ཐེན་དབྱི་དང་། མཚོ་སྔོན་སློབ་ཆེན་མཐོ་སྒང་གསོ་རིག་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རིན། ཞིང་ཆེན་ཆེད་མཁས་འཇོན་མིའི་མཉམ་འབྲེལ་ལྷན་ཚོགས་ཀྱི་ལས་འཛིན་པ་ཀི་རུ་ལེ་གཉིས་ལ་འཚམས་འདྲི་བྱེད་དུ་སོང་སྟེ། ཆེད་མཁས་པ་རྣམ་གཉིས་ཀྱི་ཆེད་ལས་ཁྱབ་ཁོངས་ནས་བླངས་པའི་གྲུབ་འབྲས་ལ་གུས་སེམས་བསྟན་པ་དང་། ཁོ་ཚོས་མཐོ་སྒང་གི་གསོ་རིག་དང་མཐོ་སྒང་ཁམས་གསོའི་ཐོན་ལས་ཀྱི་སྣེ་ཁྲིད་དེ་ཐོལ་བརྒལ་གསར་བ་འབྱུང་བ་དང་། མུ་མཐུད་དུ་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་བློ་གྲོས་དང་སྟོབས་ཤུགས་འབུལ་རྒྱུའི་རེ་བ་བཏོན། ཆོས་ལུགས་ལས་རིགས་ཀྱི་འཐུས་མི། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་གསེར་ཁྲི་ཆོས་ཀྱི་བློ་གྲོས་རྒྱ་མཚོ་དང་། ཏང་ཕྱིའི་མི་སྣའི་འཐུས་མི། མཚོ་སྔོན་མི་རིགས་སློབ་ཆེན་གྱི་སློབ་གཙོ་ཀྲའོ་ཧེ་ཞིན་གཉིས་དང་བཞུགས་མོལ་བྱེད་སྐབས། ཝུའུ་ཞའོ་ཅུན་གྱིས་ཁོ་ཚོས་ཞིང་ཆེན་ཡོངས་ཀྱི་བཅོས་སྒྱུར་དང་འཕེལ་རྒྱས། གཏན་འཇགས་བཅས་ཀྱི་ཐད་བཞག་པའི་བྱས་རྗེས་ལ་ཁས་ལེན་གང་ལེགས་བྱས་པ་དང་། ཁོ་ཚོས་སྔར་ལས་ལྷག་པའི་སྒོ་ནས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱེད་པ་དང་། རང་སྟེང་གི་ཁྱད་སྟོབས་འདོན་སྤེལ་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་བ་འབད་པས་འབྲི་དགོས་པའི་སྐུལ་མ་བཏང་། དགུང་ལོ93ལ་བུད་པའི་པེ་ཀོང་པེན་ནི་མེ་འགོག་ཁྲའོ་རོགས་ཀྱི་འཐབ་མོ་བ་ཞིག་ཡིན་པ་དང་། ཝུའུ་ཞའོ་ཅུན་གྱིས་ཁོ་དང་ཁ་བརྡ་བྱས་ཏེ་ཁོས་བཤད་པའི་སྔོན་ཆད་ཀྱི་འཐབ་འཁྲུག་གི་གནས་ཚུལ་ལ་ཉན། ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། འཐབ་མོ་བ་རྒན་པ་ནི་མི་དམངས་ཀྱི་དཔའ་བོ་དང་རྒྱལ་ཁབ་ལ་བྱས་རྗེས་འཇོག་མཁན་ཡིན་པས། གཟིགས་སྐྱོང་སྲིད་ཇུས་དངོས་འབེབས་བྱེད་པ་དང་། ཤུགས་ཆེན་པོས་ཞབས་ཞུའི་འགན་སྲུང་བྱ་བ་བཟང་བོར་སྒྲུབ་སྟེ་ཁོ་ཚོར་བདེ་སྐྱིད་ཀྱི་ཚེ་མཇུག་ལོངས་སུ་སྤྱོད་དུ་འཇུག་དགོས་ཟེར།
ཞི་བདེ་ལྷིང་འཇགས་ཀྱི་ལུགས་རྙིང་ལོ་གསར་ཞིག་རོལ་བར་ལས་ཡུལ་དང་པོའི་ལས་རེས་མི་སྣའི་འབད་འབུངས་དང་འབྲལ་ཐབས་མེད། ཝུའུ་ཞའོ་ཅུན་ཞིང་ཆེན་དམག་ཁུལ་དང་དྲག་ཆས་ཉེན་རྟོག་དམག་དཔུང་མཚོ་སྔོན་སྤྱི་ཁྱབ་རུ་ཁག་ཏུ་སོང་ནས། མཚོ་འཕངས་སྨིད4868ཀྱི་གནས་སུ་བརྟན་སྲུང་བྱེད་པའི་སྤྲིན་པའི་བང་རིམ་གྱི་སོ་ལྟ་ཁང་དང་ཟི་ལིང་ཚའོ་ཅཱ་པུའུ་རྒྱལ་སྤྱིའི་གནམ་གྲུ་ཐང་གི་ལས་རེས་དཔོན་དམག་ལ་བརྙན་རིས་སྐུད་འབྲེལ་བྱས་ཏེ། དམག་དཔུང་གི་དམག་གྲབས་སྦྱོང་བརྡར་གནས་ཚུལ་དང་འཚོ་བའི་ཆ་རྐྱེན་སོགས་དྲིས་པ་དང་། མཚོ་སྔོན་དུ་སྡོད་པའི་མི་དམངས་བཅིངས་འགྲོལ་དམག་གི་བཀོད་འཐབ་པ་དང་། དྲག་ཆས་ཉེན་རྟོག་དམག་དཔུང་གི་དཔོན་དམག དམག་དཔུང་གི་ཞི་བའི་ལས་འགན་ཁུར་བའི་མི་སྣ། གྲ་སྒྲིག་དམག་དཔུང་གི་མི་སྣ། དམངས་དམག་བཅས་ལ་ལྷག་བསམ་རྣམ་དག་གིས་འཚམས་འདྲི་དང་ལོ་སར་གྱི་སྨོན་འདུན་བཟང་བོ་ཞུས་ཏེ། ཚང་མས་བློ་དཀར་གཞུང་དྲང་གིས་འགན་འཁྲི་ཁུར་དུ་ལེན་པ་དང་། ལས་རེས་ལ་ཤུགས་སྣོན་པ། རྒྱལ་ཁ་ལོན་པའི་ནུས་པ་སྦྱོང་བརྡར་བྱས་ནས་ཏང་དང་མི་དམངས་ཀྱིས་བསྩལ་བའི་ལས་འགན་སྣ་ཚོགས་བློ་བརྟན་འགྱུར་མེད་ཀྱིས་ཡོངས་འགྲུབ་བྱེད་དགོས་པའི་སྐུལ་མ་བཏང་། མྱུར་སྐྱེལ་དང་ཕྱི་ཟས་སྐྱེལ་ས། ཁོར་སྲུང་ས་ཚིགས་བཅས་ནས་ཝུའུ་ཞའོ་ཅུན་གྱིས་མྱུར་སྐྱེལ་བ་དང་ཁོར་སྲུང་བཟོ་པར་ཉིན་རེར་སྐྱེལ་དངོས་ག་ཚོད་སྐྱེལ་ཐུབ་པ་དང་། ཁ་བ་བབས་རྗེས་འཕྲུལ་རྟར་ཞོན་ན་བདེ་འཇགས་ལ་སེམས་ཆུང་བྱེད་དགོས་པ་སོགས་ཀྱི་ཁ་བརྡ་བྱས་པ་དང་། ཚང་མས་གྲོང་ཁྱེར་གྱི་འཁོར་སྐྱོད་དང་མང་ཚོགས་ཀྱི་འཚོ་བའི་ཆེད་དུ་འབད་བརྩོན་བྱས་པར་བཀའ་དྲིན་ཞུས་པར་མ་ཟད། ཁོ་ཚོས་འཁྱག་འགོག་དྲོད་སྲུང་བྱེད་པར་མཉམ་འཇོག་བྱེད་པ་དང་། སྤྱི་ཚོགས་ཀྱི་བཅོས་སྐྱོང་ནང་ཧུར་ཐག་སྒོས་ཞུགས་ནས། མུ་མཐུད་དུ་ལས་ལ་བརྩོན་པའི་ལག་ཟུང་ལ་བརྟེན་ནས་སྔར་ལས་མཛེས་སྡུག་ལྡན་པའི་འཚོ་བ་གསར་སྐྲུན་བྱེད་དགོས་པའི་སྐུལ་མ་བཏང་བ་དང་། འབྲེལ་ཡོད་ས་ཁུལ་དང་སྡེ་ཁག་གིས་སྔར་ལས་ལྷག་པའི་སྒོ་ནས་ཕྱི་རོལ་དུ་བྱ་བ་སྒྲུབ་མཁན་ལ་གཅེས་སྐྱོང་དང་སེམས་ཁུར་བྱེད་དགོས་པའི་རེ་བ་བཏོན། ཞིང་ཆེན་འཕྲལ་བསྟུན་དོ་དམ་ཐིན་དང་ཞིང་ཆེན་སྤྱི་བདེ་ཐིན་འགྲིམ་འགྲུལ་དོ་དམ་སྤྱི་ཁྱབ་རུ་ཁག ཟི་ལིང་མེ་འཁོར་ས་ཚིགས། རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་ཟི་བཅས་ནས། ཝུའུ་ཞའོ་ཅུན་གྱིས་མཁོ་འདོན་གེགས་མེད་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས་ཤིང་། འཕྲལ་བསྟུན་ལས་རེས་བྱ་བར་ཞིབ་བཤེར་བྱས་ཏེ། ཚང་མས་གཞན་དོན་གྱི་ཆེད་དུ་རང་དོན་བློས་གཏོང་བའི་སྙིང་སྟོབས་ལ་གཟེངས་བསྟོད་བྱས་པར་མ་ཟད། བདེ་འཇགས་འདུ་ཤེས་ཆགས་པར་བྱེད་པ་དང་འཕྲལ་བསྟུན་གྲ་སྒྲིག་བཟང་བོ་བྱེད་པ། སྡེ་ཁག་བར་གྱི་མཉམ་འབྲེལ་ལ་ཤུགས་སྣོན་བཅས་བྱས་ཏེ། དུས་ཆེན་སྐབས་སུ་མི་དམངས་མང་ཚོགས་ཀྱི་བདེ་སྐྱིད་བདེ་ཐང་དང་སྤྱི་ཚོགས་ཧྲིལ་བོའི་འཆམ་མཐུན་གཏན་འཇགས་ལ་འགན་སྲུང་བྱེད་དགོས་ཟེར།
ལོ་གཅིག་གི་རིང་ལ། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་དང་ཞིང་ཆེན་ལྟེ་གནས་ཀྱི་སྨྱན་བྱད་དག་གི་གསར་འགྱུར་རེ་རེ་ལས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་ལག་ལེན་གྱི་གཏམ་རྒྱུད་གསོན་ཉམས་ལྡན་པར་བརྗོད་ཡོད། ཝུའུ་ཞའོ་ཅུན་མི་དམངས་ཉིན་རེའི་ཚགས་པར་ཁང་མཚོ་སྔོན་ཡན་ལག་ཁང་དང་། ཞིན་ཧྭ་གསར་འགྱུར་ཁང་མཚོ་སྔོན་ཡན་ལག་ཁང་། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཁང་མཚོ་སྔོན་སྤྱིའི་ས་ཚིགས། མཚོ་སྔོན་ཉིན་རེའི་ཚགས་པར་ཁང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བཅས་སུ་སོང་ནས། གསར་འགྱུར་བྱ་བ་སྒྲུབ་མཁན་ལ་འཚམས་འདྲི་བྱས་པ་དང་། ཚང་མས་སྨྱུ་གུ་དང་བརྙན་མིག་གཞི་རིམ་ལ་གཏད་དེ། བརྩེ་བ་ཆེན་པོས་མཚོ་སྔོན་དྲིལ་སྒྲོག་བྱེད་པ་དང་། ཤུགས་བཞི་ལག་བསྟར་བྱས་ནས་མཚོ་སྔོན་དྲིལ་སྒྲོག་བྱེད་པ། འགན་འཁྲི་ཁུར་དུ་བླངས་ནས་མཚོ་སྔོན་དྲིལ་སྒྲོག་བྱས་ཏེ། དྲོད་མ་ཡལ་བའི་མ་བཅོས་ལྷད་མེད་ཀྱི་གསར་འགྱུར་བརྩམས་ཆོས་སྔར་ལས་མང་བོ་འབྲི་དགོས་པ་དང་། སྨྱན་བྱད་གཙོ་བོའི་ནུས་པ་འདོན་སྤེལ་བྱེད་པ་དང་། འདུ་ཤེས་འཛིན་སྟངས་ཀྱི་གཡུལ་ས་གཙོ་བོ་བརྟན་སྲུང་བྱས་ཏེ། སྨྱན་བྱད་ཀྱི་མཉམ་འདྲེས་བཅོས་སྒྱུར་ཤུགས་ཚད་ཇེ་ཆེར་བཏང་ནས། རྒྱལ་ཡོངས་དང་འཛམ་གླིང་ཡོངས་ལ་དུས་རབས་གསར་པའི་མཚོ་སྔོན་གྱི་འཕེལ་རྒྱས་དང་འགྱུར་ལྡོག་ངོམ་དགོས་ཟེར།
ལུགས་རྙིང་ལོ་གསར་ལ་ཉེ་བའི་སྐབས་སུ་ཝུའུ་ཞའོ་ཅུན་གྱིས་དབང་བོ་སྐྱོན་ཅན་གྱི་བྱིས་པའི་འཚོ་བའི་གནས་ཚུལ་ལ་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད། ཟི་ལིང་གྲོང་ཁྱེར་བྱིས་པའི་ཕན་བདེ་ཁང་དུ་སོང་བ་ན། བྱིས་པ་ཚོས་གཉོར་སྐྱོང་མི་སྣའི་སྣེ་ཁྲིད་འོག་ལག་བཟོས་བཟོ་བ་དང་ཁ་གཡང་གི་ཡི་གེ་འབྲི་བཞིན་ཡོད། ཝུའུ་ཞའོ་ཅུན་གྱིས་བརྩེ་བ་ཆེན་པོས་བུ་མོ་ཆུང་ཆུང་ཞིག་པང་ནས། བྱིས་པ་ཚོར་རྩེད་སྤྱད་དང་ལྭ་བ་གསར་བ་སོགས་ཀྱི་ལོ་སར་ལེགས་སྐྱེས་བྱིན། དེའི་རྗེས་སུ་ཁོས་ཕན་བདེ་ཁང་གི་འཚོ་བའི་བདག་སྐྱོང་དང་སྨན་བཅོས་ཁམས་གསོའི་བྱེ་བྲག་གི་བྱ་བ་ཞིབ་ཏུ་དྲིས་པ་དང་། ཁྱིམ་ཚང་གི་རྣམ་པའི་སློབ་གསོའི་རྣམ་པ་འཚོལ་ཞིབ་བྱེད་པའི་བྱེད་ཐབས་ལ་ཁས་ལེན་གང་ལེགས་བྱས་ཤིང་། ལས་བྱེད་མི་སྣ་དག་གིས་བཟོད་བསྲན་ཆེན་པོ་དང་སེམས་ཞིབ་མོས་བྱིས་པ་ཚོར་གཅེས་སྐྱོང་གང་ལེགས་བྱས་ཏེ། ཁོ་ཚོ་བདེ་ཐང་དང་སྤྲོ་སྐྱིད་ངང་འཚར་ལོངས་འབྱུང་དུ་འཇུག་དགོས་པའི་སྐུལ་མ་བཏང་། ཐེན་ཧི་འོད་ནུས་མཚོ་སྔོན་ཀུང་ཟིའི་འཁོར་ཁང་ནས། འཕྲུལ་ཆས་མང་བོས་བྲེལ་མྱུར་གྱིས་ཐོན་སྐྱེད་བྱེད་བཞིན་ཡོད་ཅིང་། ཝུའུ་ཞའོ་ཅུན་ཐོན་སྐྱེད་བྱེད་སར་སོང་ནས་ལག་རྩལ་གསར་གཏོད་དང་ཐོན་སྐྱེད་རིན་གང་སོགས་ཀྱི་གནས་ཚུལ་འདྲི་རྟོགས་བྱས་པ་དང་། ཁེ་ལས་ཀྱི་ལས་བཟོ་པའི་འཐུས་མིར་འཚམས་འདྲི་བྱས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་བློ་བརྟན་འགྱུར་མེད་ཀྱིས་ཁེ་ལས་ཀྱི་ཐོན་སྐྱེད་བདག་གཉེར་དང་ཐོན་ནུས་རྒྱ་སྐྱེད། ཁྱད་སྟོབས་སྲུང་འཛིན། འཕེལ་རྒྱས་སྟོབས་ལྡན་དུ་འགྱུར་བ་བཅས་ལ་རྒྱབ་སྐྱོར་བྱས་ཏེ། མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པ་དང་ཤར་ནུབ་ཕྱོགས་རོགས་ལས་ཀྱི་མིག་དཔེ་རྣམ་པ་གསར་སྐྲུན་བྱེད་དགོས་ཟེར།
ཞིང་ཆེན་གྱི་མགོ་ཁྲིད་པ་ཝང་ཝེ་ཏུང་དང་། ཀྲང་ཅིན་ཀང་། ཀྲའོ་ཡུའེ་ཞཱ། པད་ཁོ། ཀྲུའུ་ཞང་ཧྥུན། དབྱང་ཀྲི་ཝུན། ལིས་ཧུང་ཡཱ། ཁྲིན་ཅི་ཝེ། ཞིང་ཆེན་དམག་ཁུལ་གྱི་མགོ་ཁྲིད་པ་ལིས་ཧྲིན་ལེ་དང་། རྣམ་རྒྱལ། དྲག་ཆས་ཉེན་རྟོག་དམག་དཔུང་མཚོ་སྔོན་སྤྱི་ཁྱབ་རུ་ཁག་གི་མགོ་ཁྲིད་པ་དབྱང་ཀྲི་ཆང་སོགས་བྱ་འགུལ་ལ་ཞུགས།
རྩོམ་སྒྲིག་པ། ཤ་བོ་གསེར་མཚོ།
རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་།
གཡང་འབུམ་རྒྱལ།
དོ་དམ་པ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།