ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས།

文摘   2025-01-25 12:33   青海  


ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་ཚོགས་བསྡུས།

ཟླ1ཚེས24ཉིན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས་ནས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་བསྡུས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་སྟེང་གི་གསུང་བཤད་གལ་ཆེན་དང་།  ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན། ཀྲུང་དབྱང་གི་འབྲེལ་ཡོད་ཚོགས་འདུའི་དགོངས་དོན་བཅས་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། རང་ཞིང་གི་ལག་བསྟར་བསམ་འཆར་ལ་ཞིབ་འཇུག་བྱས་ནས་འབྲེལ་ཡོད་བྱ་བར་བཀོད་སྒྲིག་བྱས།

གྲོས་ཚོགས་ལས་ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུརགྱི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པའི་ཆེས་མཐོའི་ཆབ་སྲིད་ཀྱི་རྩ་དོན་དམ་འཛིན་ནན་མོ་བྱེད་པ་དང་། ཕྱོགས་ཡོངས་དང་ཞིབ་ཕྲའི་སྒོ་ནས་ཏང་གི་མགོ་ཁྲིད་དེ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་བྱ་བའི་ཁྲོད་དོན་ཐོག་ཏུ་འཁྱོལ་བར་བྱས་ནས། ཏང་ཨུ་དང་ཏང་ཙུའུ་ཡིས་ཁ་ཕྱོགས་དམ་འཛིན་དང་ཁྱོན་ཡོངས་ལ་དོ་དམ། དངོས་འབེབས་ལ་ཁག་ཐེག་བཅས་བྱེད་པའི་ནུས་པ་གལ་ཆེན་སྔར་ལས་བཟང་བོར་བཏོན་ནས། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས་ཞེས་བསྟན།

གྲོས་ཚོགས་ལས་རྨ་ཆུའི་བདེ་འཇགས་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ནམ་ཡིན་རུང་ཐུགས་ལ་ཉར་བའི་དོན་དག་གལ་ཆེན་ཞིག་ཡིན་པས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་གྲོས་ཚོགས་སྟེང་རྨ་ཆུའི་བཞུར་རྒྱུན་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་སྐོར་གྱི་བསམ་འཆར་ལ་གྲོས་ཞིབ་བྱེད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པར་སྐུལ་འདེད་ཟབ་མོ་བཏང་ནས། མགོ་ཁུངས་ཀྱི་འགན་འཁྲི་ཕྲག་ཏུ་ལེན་པ་དང་ཆུ་ལག་གི་ཁག་ཁུར་མངོན་པར་བྱས་ཏེ། རྨ་ཆུའི་མཚོ་སྔོན་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་སྒོས་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཕྱིའི་མི་སྣ་དང་ལྷན་དུ་ལུགས་རྙིང་ལོ་སར་བསུ་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་གྱིས་ང་ཚོས་ཏང་ཕྱིའི་མི་སྣའི་བྱ་བ་ལེགས་པོར་སྒྲུབ་པར་ཁ་ཕྱོགས་གསལ་སྟོན་གནང་ཡོད། ད་ལོ་ནི་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པའི་འགག་རྩའི་ལོ་ཡིན་པས། གཅིག་གྱུར་འཐབ་ཕྱོགས་ཀྱི་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་། དམངས་གཙོའི་ཏང་ཁག་སོ་སོ་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས། ཏང་ཁག་གང་ལའང་མི་གཏོགས་པའི་མི་སྣ་བཅས་ཀྱིས་ཁག་ཁུར་བྱེད་ཕོད་པ་དང་རང་འགུལ་སྒོས་བྱ་བ་སྒྲུབ་པར་ཁྲིད་སྟོན་བྱས་ཏེ། མཚོ་སྔོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཇུས་འབུལ་ཤུགས་འདོན་བྱེད་དགོས་ཞེས་བསྟན།

གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྩིས་བཤེར་བྱ་བའི་ཐད་གནང་བའི་མཛུབ་སྟོན་གལ་ཆེན་དང་ཙུང་ལི་ལིས་ཆང་གིས་རྩིས་བཤེར་བྱ་བའི་ཡར་ཞུར་ཉན་སྐབས་ཀྱི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱེད་པ་དང་། མཐའ་གཅིག་ཏུ་རྩིས་བཤེར་འགན་འཁྲི་ཕྲག་ཏུ་ལེན་པ་དང་དཔལ་འབྱོར་ལྟ་སྐུལ་གྱི་ངེས་གནས་ལ་རྐང་བཙུགས་ནས། ལྕི་མོ་གཉིས་དང་གསར་བ་གཉིས། དུས་ཡུན་རིང་པོའི་དམིགས་བསལ་རྒྱལ་བུན། ཆེད་དོན་བུན་འཛིན་ལས་གཞི་སོགས་མ་དངུལ་བེད་སྤྱོད་དོ་དམ་དང་སྲིད་གཞུང་གི་དངུལ་གཏོང་ཁེ་ཕན་མཐོར་འདེགས་གཏོང་བའི་གནས་ཚུལ་སོགས་ཁྱབ་ཁོངས་གཙོ་བོར་རྩིས་བཤེར་བྱེད་ཤུགས་ཁྲིམས་ལྟར་ཇེ་ཆེར་གཏོང་བ་དང་། རྩིས་བཤེར་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་དང་རྩིས་བཤེར་ཧྲག་དམག་སྒྲིག་འཛུགས་བྱས་ཏེ། བྱེད་ནུས་གཙོ་བོ་འདོན་སྤེལ་ལེགས་པོ་བྱེད་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་འཛུགས་སྐྲུན་དང་ཏང་གི་རང་ངོས་གསར་བརྗེ་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། རྒྱལ་ཡོངས་རྩ་འཛུགས་པུའུ་ཀྲང་གི་ཚོགས་འདུའི་དགོངས་དོན་དོན་འཁྱོལ་ནན་མོ་བྱེད་པ། བརྗོད་དོན་སློབ་གསོ་དང་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོའི་གྲུབ་འབྲས་རྒྱུན་མཐུད་སྒོས་སྲ་བརྟན་དང་རྒྱ་བསྐྱེད་པ། ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་དྲག་ཆས་སྤྲས་པ་དང་། མགོ་ཁྲིད་ཚན་ཁག་དང་ལས་བྱེད་པའི་རུ་ཁག་སྟོབས་ལྡན་འཛུགས་སྐྲུན་བྱེད་པ། ཏང་རྩ་འཛུགས་ཀྱི་ཆབ་སྲིད་བྱེད་ནུས་དང་རྩ་འཛུགས་བྱེད་ནུས་ལ་ཤུགས་སྣོན་པ་དང་། འཇོན་མི་སྐྱེད་སྲིང་ནུས་པ་ཇེ་ཆེར་བཏང་སྟེ། འཇོན་མིའི་གསར་གཏོད་གསར་སྐྲུན་གྱི་གསོན་ཤུགས་བསྐྱེད་དགོས་ཞེས་བསྟན།

གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཏང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བ་ལེགས་པོར་སྒྲུབ་པའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་པུའུ་ཀྲང་གི་ཚོགས་འདུའི་དགོངས་དོན་དོན་འཁྱོལ་བྱེད་པ། ཏང་གིས་འཐབ་ཕྱོགས་གཅིག་གྱུར་བྱ་བར་ཕྱོགས་ཡོངས་ནས་མགོ་ཁྲིད་པར་ཤུགས་སྣོན་པ་དང་། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པ་སོགས་ཀྱི་བྱ་བ་གཙོ་བོར་དམིགས་ནས། ཐུན་མོང་གི་མཐུན་སྒྲིལ་འབད་འཐབ་ཀྱི་བསམ་བློའི་རྨང་གཞི་སྲ་བརྟན་དུ་གཏོང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་བཏང་ནས། དུས་རབས་གསར་བའི་མཚོ་སྔོན་གྱི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་ལས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྲིད་ཁྲིམས་བྱ་བར་བཏོན་པའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ཟབ་མོ་བྱེད་པ་དང་། ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཇེ་བརྟན་དང་ཚད་མཐའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ། སྤྱི་ཚོགས་ཀྱི་འགལ་བ་སེལ་བ་དང་སྤྱི་ཚོགས་བརྟན་བརླིང་ལ་སྲུང་སྐྱོབ་བྱེད་པའི་ཆེད་དོན་བཅོས་སྐྱོང་སྤེལ་ནས། ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བ་དང་། སྤྱི་དམངས་ཀྱི་ཁྲིམས་སྐྱོང་བྱང་ཚད་མཐོར་འདེགས་སུ་བཏང་སྟེ། འཆམ་མཐུན་བརྟན་བརླིང་གི་སྤྱི་ཚོགས་ཁོར་ཡུག་བསྐྲུན་པ་དང་ཆུ་ཚད་སྔར་ལས་མཐོ་བའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་དགོས་ཞེས་བསྟན།

གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསར་དར་ཁྱབ་ཁོངས་ཀྱི་ཏང་གི་འཛུགས་སྐྲུན་ལ་ཤུགས་སྣོན་པའི་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། གསར་དར་ཁྱབ་ཁོངས་ཀྱི་ཏང་འཛུགས་བྱ་བའི་བཞུགས་མོལ་ཚོགས་འདུའི་བཀོད་སྒྲིག་བླང་བྱ་ལྟར། དཔལ་འབྱོར་རྩ་འཛུགས་གསར་བ་དང་སྤྱི་ཚོགས་རྩ་འཛུགས་གསར་བ། ལས་ཞུགས་ཚོགས་པ་གསར་བ་བཅས་ཀྱི་ཁྱད་ཆོས་མི་འདྲ་བར་དམིགས་ནས། བྱ་བའི་ཁ་ཕྱོགས་ཡང་དག་དམ་འཛིན་བྱེད་པ་དང་། རིགས་དབྱེ་ཇུས་འདོན་དང་འགན་འཁྲི་དངོས་འབེབས་བྱས་ཏེ། ཏང་གི་གསར་དར་ཁྱབ་ཁོངས་ཀྱི་འབོད་སྐུལ་ནུས་པ་དང་གཅིག་སྡུད་ནུས་པ། ཤུགས་རྐྱེན་ཐེབས་ཤུགས་བཅས་ཇེ་དྲག་ཏུ་གཏོང་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་ལས་ན་ནིང་གི་ཚུན་ལ།  ཞིང་ཆེན་ཏང་ཨུའི་དངུལ་རྩའི་ཨུ་ཡོན་ལྷན་ཁང་གི་བྱ་བར་གྲུབ་འབྲས་མངོན་གསལ་ཐོབ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དངུལ་རྩའི་བྱ་བའི་ཐད་བཏོན་པའི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། ཉེན་ཁ་སྔོན་འགོག་དང་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བྱ་བ་གཙོ་བོར་དམ་པོར་དམིགས་ནས། དངུལ་རྩའི་ལྟ་སྐུལ་དོ་དམ་མ་ལག་རྒྱུན་མཐུད་ངང་འཐུས་ཚང་དུ་འཛུགས་པ་དང་། ལྟ་སྐུལ་དོ་དམ་ལ་བརྟེན་ནས་ལས་སྒོའི་ལུགས་མཐུན་རང་བཞིན་མཐོར་འདེགས་གཏོང་བ། དངུལ་རྩའི་ལས་ཁུངས་ཀྱིས་རྒྱལ་ཁབ་ཀྱི་འཐུབ་ཇུས་དང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་བླང་བྱར་ཞབས་འདེགས་ཡག་པོ་ཞུ་བར་ཁྲིད་སྟོན་བྱས་ཏེ། མ་ལག་རང་བཞིན་དང་ཁུལ་ཁོངས་རང་བཞིན་གྱི་དངུལ་རྩའི་ཉེན་ཁ་མི་འབྱུང་བའི་ཚད་མཐའ་བརྟན་སྲུང་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་དངུལ་རྩའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་བསྟན།

གྲོས་ཚོགས་ལས་ཚོང་འགུག་དངུལ་འདྲེན་ནི་མཚོ་སྔོན་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱལ་ལ་སྐུལ་འདེད་གཏོང་བའི་འབྱུང་ཁུངས་དང་སྒུལ་ཤུགས་ཡིན་པས། ཚོང་འགུག་དངུལ་འདྲེན་དེ་བརྟན་བརླིང་འཕར་སྣོན་དང་སྒྲིག་གཞི་བཀོད་སྒྲིག སྒུལ་ཤུགས་ཇེ་དྲག་ཏུ་གཏོང་བ། སྒོ་འབྱེད་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་བྱེད་ཐབས་གཙོ་བོར་བརྩི་བ་དང་། ཚོང་འགུག་དངུལ་འདྲེན་གྱི་སྤུས་ལེགས་འཕར་སྣོན་ལ་བརྟེན་ནས་ཁྲིམས་རའི་གཏན་འཁེལ་མིན་པའི་རང་བཞིན་ལ་ཁ་གཏད་འཇལ་དགོས། ཤར་ནུབ་རྒྱུད་མཉམ་ལས་དང་མཚོ་སྔོན་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་རྐྱེན་སྲོལ་གྱིས་ཚོང་འགུག་དངུལ་འདྲེན་ཐད་ཐོན་པའི་ནུས་པ་གཙོ་བོ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཐོན་ལས་མཉམ་ལས་ཐད་ཐོད་བརྒལ་གསར་བ་མངོན་འགྱུར་བྱས་ནས། འཕེལ་རྒྱས་ཀྱི་རྣམ་པ་གསར་བར་འཚམ་པའི་མཉམ་རྒྱལ་བགྲོད་ལམ་རྒྱ་བསྐྱེད་དགོས། ཚོང་འགུག་དངུལ་འདྲེན་བྱེད་སྐབས་ལས་བྱེད་པ་སྦྱོང་བརྡར་དང་། ལས་བྱེད་པའི་ནུས་པ་མཐོང་བ། ལས་བྱེད་པ་བཀོལ་སྤྱོད་བྱེད་པ་བཅས་བྱས་ཏེ། ལས་བྱེད་པས་དཔལ་འབྱོར་བྱ་བ་སྒྲུབ་པའི་ནུས་པ་ཇེ་ཆེ་དང་ཆུ་ཚད་ཇེ་མཐོར་གཏོང་དགོས། ས་ཁུལ་དང་སྡེ་ཁག་མཉམ་འགུལ་བྱེད་པར་ཤུགས་སྣོན་པ་དང་། ལས་གཞི་དོན་ཐོག་ཏུ་འཁྱོལ་བར་ཕྱོགས་ཡོངས་ཀྱི་ཞབས་ཞུ་དང་རྒྱུ་རྐྱེན་ཚང་མའི་འགན་སྲུང་འདོན་སྤྲོད་བྱས་ཏེ། ཞིང་ཆེན་གོང་འོག་ཡོངས་ཀྱིས་ཚོང་འགུག་དམ་འཛིན་བྱེད་པའི་བསམ་ཇུས་གཅིག་གི་རྣམ་པ་གྲུབ་པར་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན།

གྲོས་ཚོགས་ལས། ལུགས་རྙིང་ལོ་གསར་ཐོན་ལ་ཉེ་དུས། ས་ཁུལ་སོ་སོ་དང་སྡེ་ཁག་སོ་སོས་ཁྲོམ་རའི་མཁོ་འདོན་འགན་སྲུང་ལ་ཤུགས་སྣོན་པ་དང་། ཟས་རིགས་དང་སྨན་རྫས་ལ་ལྟ་སྐུལ་དོ་དམ་དང་ཁྲིམས་བསྟར་ནན་མོ་བྱས་ཏེ། གུང་གསེང་སྐབས་ཀྱི་ཁྲོམ་རའི་མཁོ་འདོན་འདང་ངེས་ཡོང་བ་དང་རིན་གོང་གཏན་འཇགས་ཡིན་པ། ཟས་རིགས་འཕྲོད་བསྟེན་བདེ་འཇགས་བཅས་ལ་ཁག་ཐེག་བྱེད་དགོས། དཀའ་ཁག་ཡོད་པའི་མང་ཚོགས་ལ་སེམས་ཁུར་བྱས་ནས། དམངས་ཚིས་ལ་ཞབས་ཞུ་དང་འགན་སྲུང་ལེགས་པོ་བྱེད་དགོས། ལས་རེས་ལས་སྲུང་ལ་ཤུགས་སྣོན་པ་དང་། ཉེན་ཁའི་མི་མངོན་པའི་རྐྱེན་ངན་ལ་གྲལ་བཤེར་དང་དག་ཐེར་བཅོས་སྒྲིག་བྱས་ཏེ། ནགས་ཚལ་གྱི་མེ་སྐྱོན་དང་དྲོད་དམའ་ཁངས་ཆར་འཁྱགས་རོམ་སོགས་ཀྱི་གནོད་འཚེར་དོགས་ཟོན་དང་ཁ་གཏད་འཇལ་བར་ཤུགས་སྣོན་པ། ཡུལ་སྐོར་ལྗོངས་ཁུལ་གྱི་བདེ་འཇགས་འགན་སྲུང་བྱ་བ་ཡག་པོར་སྒྲུབ་པ་དང་། ཐོལ་བྱུང་དོན་རྐྱེན་རིགས་སྣ་ཚོགས་འཕྲལ་བསྟུན་ཐག་གཅོད་བྱེད་པའི་གྲ་སྒྲིག་བྱ་བ་ལེགས་པོར་སྒྲུབ་ནས། རིགས་སོ་སོའི་མང་ཚོགས་ཀྱིས་བདེ་འཇགས་དང་སྤྲོ་སྐྱིད། འཆམ་མཐུན་བཅས་ཀྱི་སྒོ་ནས་ལུགས་རྙིང་ལོ་གསར་ཞིག་རོལ་བར་ཁག་ཐེག་བྱེད་དགོས་ཞེས་བསྟན།

གྲོས་ཚོགས་སྟེང་མཚོ་སྔོན་ཞིང་ཆེན་གྱིས་ཚོང་འགུག་དངུལ་འདྲེན་བྱ་བར་སྔར་ལས་ཤུགས་སྣོན་པའི་བྱེད་ཐབས་འགའ་དང་མཚོ་སྔོན་ཞིང་ཆེན་མི་དམངས་ཁྲིམས་ཁང་གི2025ལོའི་ཁྲིམས་འཛུགས་བྱ་བའི་འཆར་གཞིར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ད་དུང་དོན་དག་གཞན་པར་ཞིབ་འཇུག་བྱས།



    རྩོམ་སྒྲིག་པ། ཤ་བོ་རིན་མཚོ།

 རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་། 

གཡང་འབུམ་རྒྱལ།

དོ་དམ་པ། བསོད་ནམས་དོན་འགྲུབ།

ལྟ་སྐུལ་པ། ཕྱུག་ལོ།

སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།





青海藏语广播
དུས་གསུམ་གྱི་སྨྲ་ལྕེ།
 最新文章