ཞི་ཅིན་ཕིང་གིས་ལུགས་རྙིང་ལོ་གསར་གྱི་སྔོན་ལ་ལེའོ་ཉིང་དུ་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་།
ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ཏེ་ལུགས་རྙིང་ལོ་གསར་སླེབས་ལ་ཉེ་བའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲང་ངར་ལ་མ་འཛེམས་པར་ལེའོ་ཉིང་དུ་ཕེབས་ནས། གཞི་རིམ་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་བ་དང་། རྒྱལ་ཡོངས་མི་རིགས་སོ་སོའི་མི་དམངས་དང་ཞང་ཀང་སྤུན་ཟླ་དང་ཨའོ་མིན་སྤུན་ཟླ། ཐའེ་ཝན་སྤུན་ཟླ། ཕྱི་རྒྱལ་དུ་ཡོད་པའི་ཕྱིར་སྡོད་སྤུན་ཟླ་བཅས་ལ་ལོ་གསར་གྱི་ཁ་གཡང་བསྒྲོན་ལ། རྒྱལ་ཁབ་ཕྱི་ནང་ཀུན་ན་ཡོད་པའི་ཀྲུང་ཧྭའི་བུ་དང་བུ་མོ་ཡོངས་ཀྱི་ལུས་ཕུང་བདེ་ཐང་ཡོང་བ་དང་བསམ་དོན་ལྷུན་གྱིས་འགྲུབ་པ། ཁྱིམ་ཚང་བདེ་སྐྱིད་ལྡན་པ། སྦྲུལ་ལོར་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་ཞུས་པར་མ་ཟད། རླབས་ཆེན་མེས་རྒྱལ་རྒྱལ་བདེ་དམངས་སྐྱིད་ཡོང་བ་དང་ཆར་ཆུ་དུས་སུ་འབབ་པ། དར་རྒྱས་གོང་འཕེལ་ཡོང་བའི་སྨོན་འདུན་ཞུས།
ཟླ1ཚེས22ཉིན་ནས་ཚེས24ཉིན་བར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལེའོ་ཉིང་ཞིང་ཆེན་དུ་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་གནང་། འདི་ནི་ཚེས22ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཧུའུ་ལུའུ་ཏའོ་གྲོང་ཁྱེར་སུའེ་ཀྲུང་རྫོང་མེན་ཧྲོས་མན་ཇུ་རིགས་ཡུལ་ཚོ་ཀྲུའུ་ཅ་ཀོའུ་སྡེ་བ་རུ་རྟོག་ཞིབ་མཛད་སྐབས། སྡེ་མི་རྣམས་དང་བརྩེ་བའི་གསུང་གླེང་མཛད་དེ། ཚང་མར་ལྷག་བསམ་རྣམ་དག་གིས་འཚམས་འདྲི་དང་ལོ་གསར་གྱི་སྨོན་འདུན་ཞུ་བའི་ཚུལ་རེད།
ཟླ1ཚེས22ཉིན་ནས24ཉིན་བར་དུ། ཞི་ཅིན་ཕིང་ལེའོ་ཉིང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཧའོ་ཕིན་དང་ཧྲིན་ཀྲང་ལིས་ལི་ཁྲིན་གྱི་འགྲོ་རོགས་འོག་ཏུ། ཧུའུ་ལུའུ་ཏའོ་དང་ཧྲིན་དབྱང་། པིན་ཞི་སོགས་སུ་ཕེབས་ནས། གྲོང་གསེབ་དང་ཚོང་ར། སྡེ་ཁུལ། ཁེ་ལས་བཅས་སུ་རྟོག་ཞིབ་གནང་ནས། གཞི་རིམ་ལས་བྱེད་པ་དང་མང་ཚོགས་ལ་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་སྨོན་འདུན་བསྐྱལ།ཚེས22ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་ཧུའུ་ལུའུ་ཏའོ་གྲོང་ཁྱེར་དུ་འབྱོར་ནས། དུས་ཚོད་གཅིག་ཙམ་ལ་རླངས་འཁོར་དུ་བཞུགས་ཏེ་སུའེ་ཀྲུང་རྫོང་མེན་ཧྲོས་མན་ཇི་རིགས་ཡུལ་ཚོ་ཀྲུའུ་ཅ་ཀོའུ་སྡེ་བར་ཕེབས། ན་ནིང་གི་ཟླ8པའི་ནང་དུ། གྲོང་ཚོ་འདིར་ཆུ་ལོག་ཆེན་པོའི་གནོད་འཚེ་ཐེབས་མྱོང་། དགུན་ཁ་མ་སླེབས་པའི་སྔོན་ལ། ཁྱིམ་ཚང41བསྐྱར་སྐྲུན་བྱས་པའི་སྡོད་ཁང་གསར་པའི་ནང་གནས་སྤོར་བྱས་ཡོད། ཞི་ཅིན་ཕིང་གིས་སྡེ་འདབས་ནས་གནོད་འཚེ་ཐེབས་སར་ཞིབ་ལྟ་གནང་ནས། སྐབས་དེར་ཆུ་ལོག་ཆེན་པོ་དེས་ཁང་པ་ཅི་ཙམ་བསྣུབས་པ་དང་གྲོང་མི་གནས་སྤོར་བྱས་པའི་གནས་ཚུལ་སྐོར་ནས་ཞིབ་འདྲི་གནང་བ་དང་། དེའི་རྗེས་གྲོང་ཚོའི་ཏངདམངས་ཞབས་ཞུའི་ལྟེ་གནས་སུ་ཕེབས་ནས། བརྙན་རིས་དང་འགྲེམས་བྱང་ཟུང་འབྲེལ་བྱས་ཏེ་གནོད་འཚེའི་རྗེས་ཀྱི་སླར་གསོ་དང་བསྐྱར་སྐྲུན་གྱི་འཕེལ་རིམ་ལ་རྒྱུས་ལོན་གནང་བར་མ་ཟད། ས་གནས་དེ་གའི་ལས་བྱེད་པས་ངེས་པར་དུ་མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བར་བཀོད་སྒྲིག་ཡག་པོ་བྱས་ནས། དགུན་ཁ་དྲོད་སྐྱིད་ངང་སྐྱེལ་ཐུབ་པར་འགན་ལེན་བྱེད་དགོས་པའི་མངགས་བཅོལ་གནང་།
ཞི་ཅིན་ཕིང་སྔ་རྗེས་སུ་སྡེ་མི་ཀྲུའུ་ཞི་ཚུན་དང་ཝང་པའོ་ཝེ་ཡི་ཁྱིམ་དུ་ཕེབས་ནས། ཁང་པའི་གྲུབ་ཆ་དང་སྤུས་ཚད། ལོ་གསར་གྱི་དངོས་ཟོག་གྲ་སྒྲིག་བཅས་ཀྱི་གནས་ཚུལ་ལ་ཞིབ་གཟིགས་གནང་བ་དང་། སྲིད་གཞུང་གི་ཁང་པ་བསྐྱར་སྐྲུན་གྱི་ཁ་གསབ་དོན་འཁྱོལ་བྱས་ཡོད་མེད་དང་སྡེ་མིའི་ཡོང་འབབ་ཀྱི་ཡོང་ཁུངས་གཙོ་བོ་གང་དག་ཡོད་པའི་སྐོར་ནས་རྒྱུས་ལོན་མཛད། ཝང་པའོ་ཝེ་ཚང་གི་ཁྱིམ་མི་དང་མཉམ་དུ་འདུག་སྐབས། ཝང་པའོ་ཝེ་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ལ་ཁང་པ་གསར་བའི་ནང་དུ་ཉི་འོད་རྒྱག་ལ་དྲོ་སྐྱིད་ལྡན་ཞིང་། ལོ་གསར་གྱི་དངོས་ཟོག་ཚང་མ་གྲ་སྒྲིག་གང་ལེགས་བྱས་ཟིན་པར་བརྟེན། སྡེ་མི་ཡོངས་ཀྱིས་ཏང་དང་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་ཟབ་མོ་སེམས་ཀྱི་གཏིང་ནས་ཚོར་ཐུབ་ཀྱིན་ཡོད་ཅེས་ཞུས། ཞི་ཅིན་ཕིང་གིས་ཁོ་ལ་ད་དུང་བླང་བྱ་དང་རེ་བ་ཅི་ཞིག་ཡོད་མེད་ཀྱི་སྐོར་དྲིས་པ་ན། ཁོས་རང་ཉིད་ཀྱི་རེ་བ་ནི་འཚོ་བ་སྔར་ལས་སྐྱིད་པོ་ཞིག་རོལ་རྒྱུ་དེ་ཡིན་ཞེས་བཤད། ཞི་ཅིན་ཕིང་གིས་དགའ་སྤྲོའི་ངང་ཁོ་ལ་ཁྱོད་ཚོའི་རེ་བ་ནི་ང་ཚོའི་རེ་བ་ཡིན་ལ། ཏང་དང་སྲིད་གཞུང་ནི་ནམ་ཡང་མི་དམངས་མང་ཚོགས་ཀྱི་རྒྱབ་རྟེན་བཀན་མོ་དེ་ཡིན་ཞེས་གསུངས།
ཞི་ཅིན་ཕིང་སྡེ་བ་དེ་དང་འབྲལ་སྐབས། གྲོང་མི་ཚོས་གཅིག་རྗེས་གཉིས་མཐུད་ངང་སྤྱི་ཁྱབ་ཧྲུའུ་ཅིར་འཚམས་འདྲི་གནང་ལ། སྡེ་བ་ཆུང་ཆུང་དེ་རུ་ཐལ་མོའི་རྡེབ་སྒྲ་དང་དགའ་བའི་འབོད་སྒྲས་ཁེངས། ཞི་ཅིན་ཕིང་གིས་སྡེ་མི་ཚོར་ན་ནིང་ནས་བཟུང་ཁྱོད་ཚོའི་སྡེ་བ་དང་བཅས་པའི་རང་རྒྱལ་གྱི་ས་གནས་ཁ་ཤས་ལ་རང་བྱུང་གི་གནོད་འཚེ་བྱུང་ཡོད་ལ། ང་ཚོའི་ཏང་གིས་མི་དམངས་བླ་ན་མེད་པའི་བསམ་ཕྱོགས་རྒྱུན་འཁྱོངས་བྱས་ནས། ལས་བྱེད་པ་དང་མང་ཚོགས་ཀྱིས་སེམས་ཤུགས་གཅིག་སྒྲིལ་བྱས་ཏེ། གནོད་འགོག་གནོད་སེལ་ལ་རྒྱལ་ཁ་ཆེན་པོ་བླངས་ཡོད། ལུགས་རྙིང་ལོ་སར་སླེབས་ལ་ཉེ་བས། ངས་ཏང་ཀྲུང་དབྱང་གི་ཚབ་བྱས་ནས། གནོད་ཐེབས་མང་ཚོགས་དང་གནོད་འཚེ་ཕོག་རྗེས་ཀྱི་སླར་གསོ་དང་བསྐྱར་སྐྲུན་གྱི་འཐབ་ཕྱོགས་སུ་འབད་བརྩོན་བྱེད་པའི་ལས་བྱེད་པ་དང་མང་ཚོགས་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱི་སྒོ་ནས་འཚམས་འདྲི་དང་ལོ་གསར་གྱི་སྨོན་འདུན་ཞུས་པ་ཡིན་ཞེས་གསུངས།
ཧྲིན་དབྱང་ཏ་ཏུང་ཞོར་ཟས་ཚོང་ཁྲོམ་ལ་ལོ་རྒྱུས་ཡུན་རིང་ལྡན་པ་དང་། ཁྱད་ཆོས་ལྡན་པའི་ལོ་སར་ཚོང་རྫས་ཀྱིས་ཚོང་ཁྲོམ་ཧྲིལ་བོ་ཕྱུར་བུར་གཏམས་ཡོད། ཚེས23ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་དེ་གར་ཕེབས་ནས་ཚོང་ཁང་མང་པོ་ཞིག་ལ་ཞིབ་ལྟ་གནང་བ་དང་། ཚོང་བདག་དང་སྐུ་མགྲོན་དང་ལྷན་དུ་གསུང་གླེང་མཛད་ནས། དུས་ཆེན་སྐབས་ཀྱི་ཁྲོམ་རའི་མཁོ་སྤྲོད་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་གནང་། ཚང་མས་སྤྱི་ཁྱབ་ཧྲུའུ་ཅི་མཐོང་མ་ཐག་སེམས་འགུལ་ཆེན་པོ་ཐེབས་ཏེ། “སྤྱི་ཁྱབ་ཧྲུའུ་ཅི་བདེ་ལེགས”ཞེས་དགའ་སྤྲོའི་ངང་འཚམས་འདྲི་ཞུས། ཞི་ཅིན་ཕིང་གིས་ཚང་མར“ཚོད་སླེ”དང“འབྲས་ཁུག” “སིལ་སྡེར”བཅས་ནི་དམངས་ཚིས་ཀྱི་དོན་ཆེན་ཞིག་ཡིན་ལ། ད་ལྟ་དངོས་པོ་ཕུན་སུམ་ཚོགས་པས། ལོ་གསར་སྐབས་སུ་བཟའ་མི་ལྷན་འཛོམས་བྱུང་ན། ཚང་མར་ཟས་སྣ་བཟང་པོ་ལོངས་སུ་སྤྱོད་དུ་འཇུག་དགོས་པ་དང་བདེ་ཐང་གི་ཟས་རིགས་ལོངས་སུ་སྤྱོད་དུ་འཇུག་དགོས་ཞེས་གསུངས།
འདི་ནི་ཚེས23ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཧྲིན་དབྱང་ཏ་ཏུང་ཞོར་ཟས་ཚོང་ཁྲོམ་དུ་རྟོག་ཞིབ་མཛད་སྐབས། ཚོང་བདག་དང་སྐུ་མགྲོན་ལ་བརྩེ་བའི་གསུང་གླེང་མཛད་པའི་ཚུལ་རེད།
དེའི་རྗེས་ཞི་ཅིན་ཕིང་གཅིག་སྡུད་སྒྱུར་བཀོད་བྱས་རྗེས་ཀྱི། ཏ་ཏུང་ཁུལ་ཁྲང་ཨན་ཁྲོམ་གཞུང་དུ་ཡོད་པའི་ཁྲང་ཨན་ཁུལ་ཆུང་དུ་ཕེབས་ནས། མི་རབས་བཞི་ཁང་པ་གཅིག་གི་ནང་བསྡད་མྱོང་བའི་ལང་སུའུ་ལན་གྱི་ཁྱིམ་དུ་བལྟ་རུ་ཕེབས། ཁུལ་ཆུང་སྒྱུར་བཀོད་བྱས་རྗེས་སྡོད་གནས་ཁོར་ཡུག་མངོན་གསལ་སྒོས་ཇེ་ལེགས་སུ་ཕྱིན་ཡོད་པ་དང་། ཕྱོགས་གང་ཅིའི་ཐད་ཀྱི་ཞབས་ཞུའི་འགན་ལེན་དོན་སྨིན་བྱུང་ཡོད་པ་ཤེས་རྟོགས་བྱུང་རྗེས། ཞི་ཅིན་ཕིང་གིས་ཁས་ལེན་གང་ལེགས་གནང་། ཁོང་གིས་གྲོང་ཁྱེར་གསར་སྒྱུར་བྱེད་སྐབས་ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་སྡེ་ཁུལ་འཛུགས་སྐྲུན་དང་ཟུང་འབྲེལ་བྱས་ཏེ། ལས་ཅི་ཞིག་སྒྲུབ་རུང་ཡོད་ཚད་དམངས་ལ་སྟབས་བདེ་སྐྲུན་པ་དང་དང་དམངས་ལ་ཕན་པ་འདོགས་པ། དམངས་ལ་བདེ་འཇགས་སྐྲུན་པ་བཅས་ལ་དམ་པོར་དམིགས་དགོས་ཤིང་། ཁྱད་པར་དུ“རྒན་བྱིས་གཉིས”ལ་སྔར་ལས་སེམས་ཁུར་དང་སྲུང་སྐྱོབ་ཡག་པོ་བྱེད་དགོས་ཞེས་གསུངས།
འདི་ནི་ཚེས23ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཧྲིན་དབྱང་ཏ་ཏུང་ཁུལ་ཁྲང་ཨན་ཁུལ་ཆུང་དུ་རྟོག་ཞིབ་མཛད་སྐབས། སྡོད་དམངས་ལང་སུའུ་ལན་ཚང་དུ་འཚམས་འདྲི་གནང་བའི་ཚུལ་རེད།
སྡེ་ཁུལ་གྱི་ཏང་དམངས་ཞབས་ཞུའི་ལྟེ་གནས་སུ། སྡེ་ཁུལ་གྱི་མི་སྐོར་ཞིག་གིས་ལོ་གསར་གྱི་ཆ་ཡིག་འབྲི་བཞིན་ཡོད་ཅིང་བྱིས་པ་ཚོས་ཀྲུང་གོའི་སྲོལ་རྒྱུན་གྱི་མདུད་པ་རྒྱག་བཞིན་ཡོད། ཞི་ཅིན་ཕིང་ཁོ་ཚོའི་ཁྲོད་དུ་ཕེབས་ཏེ། ཁོ་ཚོའི་བརྩམས་ཆོས་ལ་བསྔགས་བརྗོད་གནང་བ་དང་། ཁོ་ཚོར་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་སྔར་ལས་ལེགས་པའི་སྒོ་ནས་རྒྱུན་འཛིན་དང་དར་སྤེལ་གཏོང་རྒྱུའི་སྐུལ་ལྕག་གནང་། ཞི་ཅིན་ཕིང་གིས་ད་དུང་སྤྲོ་སྣང་ཆེན་པོའི་སྒོ་ནས་སྡེ་ཁུལ་གྱི་ལས་འཁྱུར་ངལ་གསོ་བྱས་ཟིན་པའི་མི་སྣས་འཁྲབ་སྟོན་བྱས་པའི་གླིང་བུ་མཉམ་དཀྲོལ་རོལ་དབྱངས་ལ་རོལ་མྱོང་བྱས། ཁོང་གིས་བརྩེ་བ་ཆེན་པོའི་སྒོ་ནས་ཚང་མར་ལུགས་རྙིང་ལོ་སར་ཡག་པོ་ཞིག་རོལ་བ་དེས་ལོ་གསར་པའི་མགོ་ཡག་པོ་ཞིག་བརྩམས་པ་མཚོན་ཞིང་། བཟའ་མི་ཚང་མས་བདེ་སྐྱིད་དཔལ་ལ་རོལ་ཞིང་རྒན་དར་གཞོན་གསུམ་ཚང་མ་དགའ་དགའ་སྐྱིད་སྐྱིད་ཡོང་རྒྱུ་དེ་ནི་མི་རྣམས་ཀྱི་བདེ་སྐྱིད་ཡིན། ང་ཚོས་མཉམ་དུ་འབད་བརྩོན་བྱས་ནས་བདེ་སྐྱིད་འདི་ཇེ་ཆེ་ནས་ཇེ་ཆེར་གཏོང་དགོས་ཞེས་གསུངས།
ཁུལ་ཆུང་གི་རིག་གནས་ཐང་ཆེན་དུ། གྲོང་མི་ཚོས་དགའ་སྤྲོའི་ངང་ཞབས་བྲོ་འཁྲབ་སྟོན་བྱེད་ཀྱིན་ཡོད། ཞི་ཅིན་ཕིང་གིས་ཚང་མར་ཕྱག་གཡུག་གཡུག་གནང་ནས་ལོ་གསར་གྱི་སྨོན་འདུན་ཞུས།
འདི་ནི་ཚེས23ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཧྲིན་དབྱང་ཏ་ཏུང་ཁུལ་ཁྲང་ཨན་ཁུལ་ཆུང་གི་སྡེ་ཁུལ་ཏང་དམངས་ཞབས་ཞུའི་ལྟེ་གནས་སུ་རྟོག་ཞིབ་མཛད་པའི་ཚུལ་རེད།
ཚེས23ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་པིན་ཞི་རུ་ཕེབས་ནས། ཨན་རྣོ་ལྕགས་སྡེ་ཚོགས་ཀྱི་ཁོངས་སུ་གཏོགས་པའི་པིན་རྣོ་ལྕགས་ལེབ་མོ་རྒྱུ་ཆའི་བཙིར་གནོན་སྤྱིའི་བཟོ་གྲྭའི་བཙིར་གནོན་བཟོ་གྲྭ་གསུམ་པར་རྟོག་ཞིབ་གནང་། ཁོང་གིས་ཁེ་ལས་ཀྱི་གཅིག་སྡུད་ཚོད་འཛིན་ལྟེ་གནས་སུ། གཅིག་སྡུད་ཚོད་འཛིན་རིག་ནུས་མ་ལག་འཁོར་སྐྱོད་ལ་ལྟ་ཞིབ་གནང་བ་དང་། འཁོར་ཁང་དུ་གྲང་བཙིར་ལས་རིམ་དང་ལག་རྩལ་གསར་གཏོད། ཐོན་རྫས་ཀྱི་ནུས་པ་བཅས་ལ་རྒྱུས་ལོན་གནང་བར་མ་ཟད། ངལ་རྩོལ་དཔེ་བཟང་དང་ན་གཞོན་ལག་རྩལ་རྐང་འཛིན་པ། འཐབ་ཕྱོགས་དང་པོའི་ལས་བཟོ་པའི་འཐུས་མི་བཅས་ལ་བྱམས་བརྩེའི་ངང་འཚམས་འདྲི་གནང་། ཞི་ཅིན་ཕིང་གིས་བཟོ་སྐྲུན་ལས་རིགས་ཀྱིས་རྩེར་སོན་ཅན་དང་རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་ཁ་ཕྱོགས་རྒྱུན་འཁྱོངས་བྱས་ཏེ། ཐོན་རྫས་ཀྱི་ཚན་རྩལ་འདུས་ཚད་དང་ཟུར་སྣོན་རིན་ཐང་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པ་དང་། ཨན་རྣོ་ལྕགས་སྡེ་ཚོགས་ལྟ་བུའི་རྒྱལ་ཁབ་ལ་དབང་བའི་ཁེ་ལས་ཆེ་གྲས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བྱས་རྗེས་གང་མང་འཇོག་དགོས་ཞེས་གསུངས།
འདི་ནི་ཚེས23ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཨན་རྣོ་ལྕགས་སྡེ་ཚོགས་ཁོངས་གཏོགས་ཀྱི་པིན་རྣོ་ལྕགས་ལེབ་མོ་རྒྱུ་ཆའི་བཙིར་གནོན་སྤྱིའི་བཟོ་གྲྭའི་བཙིར་གནོན་བཟོ་གྲྭ་གསུམ་པ་རུ་རྟོག་ཞིབ་གནང་སྐབས། ལས་བཟོ་པའི་འཐུས་མིར་འཚམས་འདྲི་གནང་བའི་ཚུལ་རེད།
ཚེས24ཉིན་སྔ་དྲོར། ཞི་ཅིན་ཕིང་གིས་ལེའོ་ཉིང་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བའི་སྙན་ཞུར་གསན་རྗེས། ལེའོ་ཉིང་གི་ལས་དོན་སྣ་ཚོགས་ཐད་བླངས་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་གནང་བ་དང་། ལེའོ་ཉིང་གིས་དུས་རབས་གསར་པའི་བྱང་ཤར་ཕྱོགས་ཡོངས་ནས་དར་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ཐད་ཀུན་གྱི་སྔོན་ཐོན་བྱེད་ཕོད་པ་དང་། ཧུར་བརྩོན་སྒོས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལེའོ་ཉིང་གི་ལེའུ་འབད་པས་རྩོམ་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་ལེའོ་ཉིང་གི་བཟོ་ལས་མ་ལག་ཅུང་ཆ་ཚང་ཡིན་པས། སྲོལ་རྒྱུན་ཐོན་ལས་ཚུལ་སྒྱུར་རིམ་སྤོར་དང་འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་གསོ་སྐྱོང་སྟོབས་ཅན་དུ་གཏོང་བར་གཅིག་གྱུར་སྒོས་འཆར་འགོད་བྱས་ནས། དེང་རབས་ཅན་གྱི་ཐོན་ལས་མ་ལག་མགྱོགས་མྱུར་ངང་འཛུགས་དགོས། སྲོལ་རྒྱུན་ཐོན་ལས་ཀྱིས་ཐོན་ལས་ཀྱི་རྨང་གཞི་བསྐྱར་སྐྲུན་དང་ལག་རྩལ་གྱི་སྒྲིག་ཆས་གལ་ཆེན་མཁྲེགས་གཏོར་བྱ་རྒྱུར་ཤུགས་བསྣན་ནས། ལྟེ་བའི་འགྲན་རྩོད་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། འཐབ་ཇུས་རང་བཞིན་གྱི་གསར་དར་ཐོན་ལས་གསོ་སྐྱོང་དང་སྟོབས་ལྡན་དུ་གཏོང་དགོས་ན། གཙོ་བོ་ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་མཉམ་འདྲེས་ཟབ་སྤེལ་ཡོང་བར་ཤུགས་བསྣན་ཏེ། ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་གཏོང་དགོས། འཕེལ་རྒྱས་ཀྱི་ལས་འགན་ཅི་ཙམ་ལྕི་རུང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལ་སྔར་ལས་མཐོང་ཆེན་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཁྱོན་ཡོངས་ནས་ལྗང་མདོག་ཅན་དུ་བསྒྱུར་བར་སྐུལ་འདེད་གཏོང་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་བྱང་ཤར་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་ལས་དོན་དེ་མཐར་གཏུགས་ནས་བཤད་ན་བཅོས་སྒྱུར་སྒོ་འབྱེད་ལ་བརྟེན་དགོས། བཅོས་སྒྱུར་དམ་འཛིན་སྔར་ལས་གང་ལེགས་བྱེད་པར་ཅིས་ཀྱང་གནད་དོན་ལ་དམ་པོར་དམིགས་པ་དང་གཙོ་གནད་འབུར་ཐོན་ཡོང་བར་བྱེད་པ། དཀའ་གནད་ཐག་གཅོད་བཅས་བྱས་ཏེ། ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་དང་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། “གཡོ་འགུལ་སྤུ་ཙམ་ཡང་མི་གཏོང་བ་གཉིས”རྒྱུན་འཁྱོངས་དང་དོན་འཁྱོལ་བྱེད་པ། ཀྲུང་གོའི་ཁྱད་ཆོས་ཀྱི་དེང་རབས་ཁེ་ལས་ལམ་ལུགས་འཐུས་ཚང་དུ་གཏོང་བ་སོགས་ཀྱི་ཐད་འབད་བརྩོན་ཆེན་པོ་བྱེད་དགོས། ད་ལྟ་ང་ཚོའི་རྒྱལ་ཁབ་ཀྱི་སྒོ་འབྱེད་ཀྱི་སྒོ་མོ་སྔར་ལས་ཡངས་པོར་ཕྱེས་ཡོད་པས། རིམ་པ་སོ་སོའི་ལས་བྱེད་པས་སྒོ་འབྱེད་ཀྱི་ཆ་རྐྱེན་འོག་ཏུ་གནད་དོན་ལ་བསམ་བློ་གཏོང་བ་དང་ཇུས་གཞི་བཟོ་བ། བྱ་བ་དམ་འཛིན་བྱེད་པ་བཅས་ཀྱི་ནུས་པ་ཆེ་རུ་གཏོང་དགོས་ཞེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས་ལེའོ་ཉིང་ལ་མཚོན་ན་ཞིང་ལས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་། འཕེལ་རྒྱས་ཀྱི་རྨང་གཞི་ཅུང་ལེགས་པོ་ཡོད་པས། གྲོང་ཁྱེར་དང་གྲོང་གསེབ་མཉམ་འདྲེས་འཕེལ་རྒྱས་རྒྱུན་འཁྱོངས་དང་རྫོང་གྲོང་གཞི་རྟེན་གལ་ཆེན་དུ་བྱས་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གྱི་འཛུགས་སྐྲུན་གསར་པར་སྐུལ་འདེད་གཏོང་བ། རྫོང་དང་གྲོང་གསེབ་ཀྱི་སྤྱི་པའི་ཐོན་ཁུངས་བཀོད་སྒྲིག་དང་ཐོན་ལས་ཕྲེང་འབྲེལ་གྱི་བཀོད་པ་ཇེ་ལེགས་སུ་གཏོང་བ་བཅས་བྱས་ནས། གྲོང་གསེབ་ཁྱོན་ཡོངས་ནས་དར་རྒྱས་འགྲོ་བར་སྐུལ་འདེད་ནན་མོ་གཏོང་དགོས། “བཟོ་སྐྲུན་ཁྲི་སྟོང་གི”ཉམས་མྱོང་ལ་སློབ་སྦྱོང་དང་བེད་སྤྱོད་བྱས་ནས། དོན་དངོས་དང་ཟུང་འབྲེལ་བྱས་ཏེ། ཞིབ་ཕྲ་ཅན་དང་དངོས་ཡོད་ཅན་དུ་འགྱུར་བར་བྱས་ནས། ཡུན་རིང་བྱས་རྗེས་འཇོག་རྒྱུ་རྒྱུན་འཁྱོངས་བྱེད་དགོས། འགན་འཁྲི་ཁ་གསལ་བཟོ་བ་དང་མཐར་ཐུག་དོན་འཁྱོལ་ཡོང་བར་བྱེད་པ། གྲུབ་འབྲས་མིག་མཐོང་ལག་ཟིན་ཅན་ལ་བརྟེན་ནས་གཞི་རིམ་བཅོས་སྐྱོང་གི་བྱ་བ་དམ་འཛིན་ཡག་པོ་བྱེད་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་རིག་གནས་ཀྱི་རང་སྟོབས་རང་སྤེལ་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་བསམ་པའི་དཔལ་ཡོན་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱུའི་ཐད། རིམ་པ་ཁག་ཚང་མས་འགན་འཁྲི་གལ་ཆེན་ཕྲག་ཏུ་འཁུར་དགོས། རིག་གནས་ཀྱི་གསར་གཏོད་ནུས་པ་ཆེ་རུ་གཏོང་བ་དང་བརྩམས་ཆོས་སྤུས་ལེགས་སྔར་ལས་གང་མང་འདོན་པ། རིག་གནས་ཀྱི་དམངས་ཕན་བཟོ་སྐྲུན་ལག་བསྟར་ཟབ་མོ་བྱས་ཏེ། རིག་གནས་ཅན་ལ་བརྟེན་ནས་མི་སེམས་སྔར་ལས་གཅིག་སྡུད་དང་དམངས་སེམས་དྲོད་ལ་བསྐྱིལ་བ། ཡིད་ཆེས་ཆེ་རུ་གཏོང་བ་བཅས་བྱས་ནས། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱི་བཅོས་སྒྱུར་གསར་གཏོད་དང་དར་རྒྱས་གོང་འཕེལ་གྱི་སྤྲོ་སེམས་དང་འཐབ་འཛིང་གི་སྤོབས་པ་ལེགས་པར་བསྐྱེད་དགོས་ཞེས་ནན་གྱིས་གསུངས།
ཞི་ཅིན་ཕིང་གིས་ངེས་པར་དུ་གཡོ་འགུལ་སྤུ་ཙམ་ཡང་མེད་པའི་སྒོ་ནས་ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་དང་བློ་བརྟན་འགྱུར་མེད་ངང་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་དགོས། ཏང་རྩ་འཛུགས་ཀྱི་ཆབ་སྲིད་ནུས་པ་དང་རྩ་འཛུགས་ནུས་པར་ཤུགས་སྣོན་པ་དང་། སྤྱོད་གཙང་སྲོལ་བཟང་གི་ཆབ་སྲིད་སྐྱེ་ཁམས་བསྐྲུན་རྒྱུ་རྒྱུན་འཁྱོངས་བྱེད་པ། ཏང་ཡོན་ལས་བྱེད་པར་ལྷག་བསམ་གཙང་ཞིང་འགན་འཁུར་དགོས་པའི་ཐད་སློབ་གསོ་དང་ཁྲིད་སྟོན་བྱེད་པ་སོགས་ཀྱི་དོན་དག་རྣམས་དུས་དང་རྣམ་པ་ཀུན་ཏུ་དམ་འཛིན་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་ལག་བསྟར་ཞིབ་སྲོལ་ལག་བསྟར་ནན་མོ་བྱས་ཏེ། རིམ་པོ་སོ་སོའི་ལས་བྱེད་པས་བདེན་འཚོལ་དངོས་གཉེར་དང་སྤྱོད་གཙང་རང་གཅུན་རྣལ་མ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་མཇུག་མཐར་ལུགས་རྙིང་ལོ་གསར་སླེབས་ལ་ཉེ་བས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་དཀའ་ངལ་ཡོད་པའི་མང་ཚོགས་ལ་སེམས་ཁུར་བྱེད་པ་དང་ལུགས་རྙིང་ལོ་སར་སྐབས་ཀྱི་སྐྱེལ་འདྲེན་ལ་བཀོད་གཏོང་གང་ལེགས་བྱེད་པ། ཁྲོམ་རའི་མཁོ་སྤྲོད་ལ་འགན་ལེན་བྱེད་པ། རིག་གནས་འཚོ་བ་སྔར་ལས་སྣ་མང་ཕུན་ཚོགས་སུ་གཏོང་བ་སོགས་ཀྱི་ལས་དོན་ཡག་པོར་སྒྲུབ་སྟེ། བདེ་འཇགས་ཐོན་སྐྱེད་ལ་ཤུགས་བསྣན་ནས། མི་དམངས་མང་ཚོགས་ཀྱིས་སྤྲོ་སྣང་ལྡན་པའི་སྒོ་ནས་བདེ་འཇགས་དང་ཞི་བདེ་ཡི་དུས་ཆེན་ཞིག་རོལ་ཐུབ་པར་འགན་ལེན་བྱེད་དགོས་ཞེས་ནན་གྱིས་གསུངས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཚའེ་ཆི་ཡིས་ཕེབས་རོགས་བྱས་ནས་རྟོག་ཞིབ་གནང་།
ཧི་ལིས་ཧྥུན་དང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་གྱིས་ཕེབས་རོགས་བྱས་ནས་རྟོག་ཞིབ་བྱས།
རྩོམ་སྒྲིག་པ། ཤ་བོ་རིན་མཚོ།
རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་།
གཡང་འབུམ་རྒྱལ།
དོ་དམ་པ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།