ཝུའུ་ཞའོ་ཅུན་གྱིས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་བཞི་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གཏམ་བཤད་གལ་ཆེན་སྤེལ།
ཟླ1ཚེས15ཉིན། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ཟི་ལིང་དུ་བསྡུས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝུའུ་ཞའོ་ཅུན་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད་སྤེལ་ཏེ། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། འགན་འཁྲི་བློ་ལ་བརྟན་པོར་བཅངས་བ་དང་འགན་འཁྲི་འཁུར་བ། རྩ་བའི་དགོངས་གཞི་ནན་མོ་དང་། བྱེད་ཐབས་ནན་མོ། རྣམ་པ་གཟབ་ནན་བཅས་ཡུན་རིང་རྒྱུན་འཁྱོངས་བྱེད་པ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཕན་འབྲས་གསར་པར་བརྟེན་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལག་ལེན་སྤེལ་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་ཆེད་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས་ཞེས་ནན་གྱིས་བསྟན།
ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཚབ་མ་ལའོ་ཏུང་ཁྲོན་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་མགོན་པོ་བཀྲ་ཤིས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་བཅས་གྲོས་ཚོགས་ལ་ཞུགས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཚབ་མ་ལིའུ་མཱེ་ཕེན་གྱིས་གྲོས་ཚོགས་ལ་མགོ་འཛིན་བྱས།
ཝུའུ་ཞའོ་ཅུན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་ཐོག་གནང་བའི་གསུང་བཤད་གལ་ཆེན་ནང་། དུས་རབས་གསར་པའི་སྐྱོད་ལམ་གསར་པའི་ཏང་གི་ལས་འགན་མངོན་འགྱུར་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་ནས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ཀྱི་གཞི་རྩའི་ཆོས་ཉིད་ཁོང་དུ་གཏིང་ཟབ་མོར་ཆུད་པར་བྱེད་པ་དང་། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏིང་ཟབ་གཏོང་བའི་ཐད་འཐབ་ཇུས་བཀོད་སྒྲིག་གནང་ཡོད་ལ། ཏང་གི་རང་ངོས་གསར་བརྗེའི་འཐབ་ཇུས་ཀྱི་ངེས་ཤུགས་དང་གནད་དོན་ལ་ཁ་གཏད་འཇལ་ཕོད་པའི་འཐབ་ཇུས་ཀྱི་རིག་པ་དྭངས་གསལ་དང་། ཏང་ཆེན་པོ་ཁོ་ནར་ཡོད་པའི་དཀའ་གནད་ཐག་གཅོད་བྱེད་པའི་འཐབ་ཇུས་ཀྱི་རང་རྟོན་བཅས་གང་ལེགས་སྒོས་མངོན་ཡོད། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཏན་ཏིག་བྱས་ཏེ། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ་དང་། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པར་བྱེད་དགོས་ཞེས་བསྟན།
ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཐོབ་པའི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་བྱས་ཤིང་། རང་ཞིང་གིས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་འཕྲད་པའི་ཛ་དྲག་དང་རྙོག་འཛིང་ཆེ་བའི་གནས་བབ་ལ་ངོས་འཛིན་གང་ལེགས་བྱས་ཏེ། ཐོག་མཐའ་བར་གསུམ་དུ་ཆོད་སེམས་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། དུས་དང་རྣམ་པ་ཀུན་ཏུ་རིག་པ་དྭངས་གསལ་དང་དོགས་ཟོན་བྱེད་པ། སྤྱོད་བཟང་སྒྲིག་ནན་གྱིས་རུལ་སུངས་ལ་ངོ་རྒོལ་བྱེད་པ་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ། རིམ་པ་བཞིན་འགན་འཁྲི་དང་ལས་འགན་ཇེ་དྲག་ཏུ་ གཏོང་བ། བློ་བརྟན་འགྱུར་མེད་ངང་ལས་དོན་སྣ་ཚོགས་ཀྱི་བཀོད་སྒྲིག་ དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པ་བཅས་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སྤྱོད་བཟང་གཞུང་དྲང་གི་ཆབ་སྲིད་ཀྱི་སྐྱེ་ཁམས་བཟང་པོ་ཞིག་བསྐྲུན་དགོས་ཞེས་ནན་གྱིས་བསྟན།
ཝུའུ་ཞའོ་ཅུན་གྱིས་གནོན་ཤུགས་ཆེ་རུ་བཏང་ནས་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་གཏིང་ཟབ་ཏུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་སྟེ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ཆབ་སྲིད་ཀྱི་ཁྲིད་སྟོན་དང་ཆབ་སྲིད་ཀྱི་འགན་སྲུང་ནུས་པ་འདོན་སྤེལ་ལེགས་པོ་བྱེད་དགོས། ཆབ་སྲིད་ཀྱི་ལྟ་སྐུལ་བྱེ་བྲག་ཅན་དང་གནད་སྨིན་ཅན། རྒྱུན་རྣམ་ཅན་བཅས་ལ་སྐུལ་འདེད་གཏོང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ལས་དོན་ལ་བཏོན་པའི་བླང་བྱ་གལ་ཆེན་ལ་དམིགས་ཏེ། ཏང་ཀྲུང་དབྱང་གིས་གཏན་ལ་ཕབ་པའི་བཅོས་སྒྱུར་གྱི་ལས་འགན་དང་ཞིང་ཆེན་ཏང་ཨུའི་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་བླང་བྱ་དེ་ལྟ་སྐུལ་ཞིབ་བཤེར་དང་སྐོར་ཞིབ་ཀྱི་ནང་དོན་གཙོ་བོར་བརྩིས་ནས། ལས་འགན་དང་བྱེད་ཐབས་སྣ་ཚོགས་རེ་རེ་བཞིན་དམ་འཛིན་ཞིབ་ཚགས་དང་དོན་ཐོག་ཏུ་འཁྱོལ་བར་བྱས་ནས་ཕན་འབྲས་ལེན་དགོས། རྒྱུན་རྣམ་དང་ཡུན་རིང་ཕན་འབྲས་ལྡན་པའི་སྒོ་ནས་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་དམ་འཛིན་ཡག་པོ་བྱེད་པ་དང་། ཆབ་སྲིད་ཀྱི་སྒྲིག་ཁྲིམས་དང་ཆབ་སྲིད་ཀྱི་སྒྲིག་ལམ་སྔར་ལས་ཇེ་དྲག་ཏུ་གཏོང་བ། རྒྱུན་ལྡན་རང་བཞིན་དང་གཅིག་སྡུད་རང་བཞིན་ཟུང་འབྲེལ་གྱི་སྒྲིག་ཁྲིམས་སློབ་གསོའི་ལམ་སྲོལ་འཛུགས་པ། “དབྱེ་འབྱེད་གསུམ”དོན་འཁྱོལ་ནན་མོ་བྱེད་པ། དོ་དམ་ལྟ་སྐུལ་ནན་མོ་དང་ཁག་ཁུར་བསྔགས་སྐུལ་གཅིག་གྱུར་ཡོང་བ་བཅས་བྱས་ཏེ། ཏན་ཏན་ཏིག་ཏིག་གིས་ལས་དོན་སྒྲུབ་པ་དང་། དཀའ་སྤྱད་འབད་བརྩོན་གྱིས་ལས་དོན་སྒྲུབ་པ། སྤྱོད་གཙང་གིས་ལས་དོན་སྒྲུབ་པ་བཅས་མཚོ་སྔོན་གྱི་ལས་བྱེད་པའི་མཚོན་རྟགས་མངོན་གསལ་ཞིག་ཏུ་འགྱུར་བར་བྱེད་དགོས། རྩ་བའི་དགོངས་གཞི་ནན་མོར་བརྟེན་ནས་སྤྱོད་ཚུལ་ཡོ་བསྲང་དང་རུལ་སུངས་ལ་ངོ་རྒོལ་བྱེད་པར་སྐུལ་འདེད་གཏོང་བ་དང་། སྤྱོད་ཚུལ་ལ་ཞིབ་བཤེར་བྱེད་ཚེ་ངེས་པར་རུལ་སུངས་ཡོ་བསྲང་དང་། རུལ་སུངས་ལ་ཞིབ་བཤེར་བྱེད་ཚེ་སྤྱོད་ཚུལ་ཡོ་བསྲང་རྒྱུན་འཁྱོངས་བྱེད་པ། ཕྱི་ཚུལ་རིང་ལུགས་ཀྱིས་གཞི་རིམ་གྱི་ཁུར་པོ་ཇེ་ཡང་དུ་གཏོང་བར་བཅོས་སྐྱོང་མཐའ་གཅིག་ཏུ་བྱེད་པ། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་མུ་མཐུད་དུ་བཅོས་སྐྱོང་གཏིང་ཟབ་བྱེད་པ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་ལས་དོན་ལ་ཏང་གིས་གཅིག་སྡུད་གཅིག་གྱུར་གྱིས་མགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ། “འགག་རྩའི་ཉུང་ཤས”དམ་འཛིན་བྱེད་པ། གཙོ་གནད་ཁྱབ་ཁོངས་འབུར་དུ་ཐོན་པ་བཅས་བྱས་ཏེ། རུལ་སུངས་ཀྱི་ཉེན་ཁ་དང་དེར་འབྲེལ་བ་ཡོད་པའི་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་ཉེན་ཁ་སྔོན་འགོག་དང་ཐག་གཅོད་བྱེད་དགོས། ཏང་ཨུའི་འགན་འཁྲི་གཙོ་བོ་དང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ལྟ་སྐུལ་ཆེད་དོན་འགན་འཁྲི་ཇེ་དྲག་ཏུ་གཏོང་བ་དང་། འགན་འཁྲིའི་ལམ་ལུགས་ཀྱི“འགག་རྩ”འདི་དམ་འཛིན་བྱས་ཏེ། རིམ་པ་སོ་སོའི་ཏང་ཨུ(ཏང་ཙུའུ)ཡིས་རྒྱུན་དུ་ཞིབ་འཇུག་དང་རྒྱུན་དུ་བཀོད་སྒྲིག་བྱེད་པར་སྐུལ་འདེད་གཏོང་བ་དང་། རང་ཉིད་ཀྱི་འགན་འཁྲི་དམ་འཛིན་ཡག་པོ་བྱེད་པ། རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི“བསྒྱུར་བ་གསུམ”མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་བ་བཅས་བྱས་ནས། ཏང་ཨུར་གཞོགས་འདེགས་བྱས་ནས་ཏང་ལ་དོ་དམ་དང་ཏང་བཅོས་སྐྱོང་གི་ལས་དོན་དམ་འཛིན་ལེགས་པོ་བྱེད་དགོས་ལ། སྡེ་ཁག་གིས་ལྟ་སྐུལ་དང་དོ་དམ་གྱི་འགན་འཁྲི་དོན་འཁྱོལ་བྱེད་པར་ཡང་སྐུལ་འདེད་གཏོང་དགོས། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་དཔུང་སྡེའི་རང་ངོས་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། བརྗོད་དོན་སློབ་གསོ་དང་སློབ་གསོའི་དག་ཐེར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ལས་དོན་ཚད་ལྡན་ཅན་དང་ཁྲིམས་སྐྱོང་ཅན་གྱི་འཛུགས་སྐྲུན་ལ་དམིགས་པ། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་དང་འགོ་ཁྲིད་ཚན་ཁག་ལེགས་འདེམས་ཧྲག་སྒྲིག་བྱེད་པ། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་གྱོད་གཞི་ཞིབ་གཅོད་བྱེད་ཤུགས་ཆེ་རུ་གཏོང་བར་འགོ་ཁྲིད་དང་རྒྱབ་སྐྱོར་བྱེད་པ། ཆ་འཕྲིན་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ལྷག་བསམ་རྣམ་དག་དང་། སྤྱོད་གཙང་ཁག་ཁུར། འཐབ་རྩོད་བྱེད་ཕོད་པ་དང་བྱེད་མཁས་པ་བཅས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱི་དཔུང་སྡེ་སྟོབས་ལྡན་འཛུགས་སྐྲུན་བྱེད་དགོས་ཞེས་ནན་གྱིས་བསྟན།
ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས་བཅས་ཀྱི་འགོ་ཁྲིད་ཚན་ཁག་གི་ཁོངས་མི་དང་། ཞིང་ཆེན་ཁྲིམས་ཁང་དང་ཞིང་ཆེན་ཞིབ་དཔྱོད་ཁང་གི་འགན་ཁུར་བློ་མཐུན་བཅས་གྲོས་ཚོགས་ལ་ཞུགས།
གྲོས་ཚོགས་བརྙན་ལམ་བརྒྱུད་ནས་བསྡུས་པ་དང་། ཞིང་ཆེན་དུ་ཚོགས་ར་གཙོ་བོ་བཙུགས་པ་དང་། གྲོང་ཁྱེར(ཁུལ)སོ་སོར་ཡན་ལག་ཚོགས་ར་བཙུགས། ཞིང་ཆེན་ཏང་ཨུའི་པུའུ་ཨུ་སོ་སོ་དང་། ཞིང་ཆེན་ཐད་གཏོགས་ལས་ཁུངས་དང་སྡེ་ཁག་སོ་སོ། མི་དམངས་ཚོགས་པ་སོ་སོ། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་ལས་ཁུངས། ཞིང་ཆེན་ཁོངས་གཏོགས་མཐོ་རིམ་སློབ་གྲྭ། ཞིང་ཆེན་གྱིས་དོ་དམ་བྱེད་པའི་ཁེ་ལས་བཅས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་ཚོགས་ར་གཙོ་བོའི་གྲོས་ཚོགས་ལ་ཞུགས།
ཚེས15ཉིན་གྱི་ཕྱི་དྲོར། ལིའུ་མཱེ་ཕེན་གྱིས་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས་ཁ་ཡིག་ལ《སྤྱོད་གཟབ་སྒྲིག་ནན་གྱིས་རུལ་སུངས་ལ་ངོ་སྒོལ་བྱེད་པར་གཏིང་ཟབ་ཏུ་སྐུལ་འདེད་བཏང་ཏེ། ནུས་ཤུགས་ཡོད་རྒུས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབྲི་བར་སྲ་ཞིང་བརྟན་པའི་འགན་ལེན་བྱེད་དགོས》ཞེས་པའི་བྱ་བའི་སྙན་ཞུ་ཕུལ།
རྩོམ་སྒྲིག་པ། རིག་འཛིན་སྒྲོལ་མ།
རྩོམ་སྒྲིག་འགན་ཁུར་པ། བསོད་ནམས་ཚེ་རིང་།
གཡང་འབུམ་རྒྱལ།
དོ་དམ་པ། བསོད་ནམས་དོན་འགྲུབ།
ལྟ་སྐུལ་པ། ཕྱུག་ལོ།
སྤྱི་ཁྱབ་ལྟ་སྐུལ་པ། དབང་གྲགས་ཚེ་རིང་།